རྒྱ་ནག་ལོ་ལིན་ཞིང་ཆེན་ཁྲོ་ཡཱང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཟུར་པ་ཁྲིན་ཐེ་ཞིན་གྱིས་རྒྱ་སྒོར་ས་ཡ་ ༢༡ ལྷག་ལྐོག་རྔན་དུ་བླངས་ཡོད་པས་ལོ་ ༡༣ ལྷག་གི་ཁྲིམས་ཐག་བཅད་འདུག
ཁ་སང་ཕྱི་ཚེས་ ༢༢ ཉིན། ཧེ་ལུང་ཅང་ཞིང་ཆེན་གྱི་ཧར་པིན་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས། ཞིང་ཆེན་སྲིད་གྲོས་ཀྱི་མགོ་འཁྲིད་གཞོན་པ་ཟུར་པ་ཁྲིན་ཐེ་ཞིན་གྱི་སྔ་གཞུག་ཏུ་རྒྱ་སྒོར་ས་ཡ་ ༢༡ ལྷག་ལྐོག་རྔན་བླངས་བའི་ནག་ཉེས་འོག ཡོངས་ཁྱབ་ཀྱི་ཁྲིམས་ར་ཚོགས་ཏེ་ལོ་ ༡༣ དང་ཟླ་ ༩ ཡི་ཁྲིམས་ཐག་བཅད་ཡོད་པ་དང་། ལྐོག་རྔན་བླངས་བའི་རྒྱུ་དངོས་རྣམས་གཞུང་བཞེས་བྱས་ཡོད་ཀྱང་ཁོ་རང་སྒེར་གྱི་རྒྱུ་ནོར་རྒྱ་སྒོར་ས་ཡ་ ༢ དེ་གཞུང་བཞེས་བྱས་མེད་པ་རེད།
ཁྲིན་ཐེ་ཞིན་གྱིས་ཕྱི་ལོ་ ༢༠༠༨ ནས་ ༢༠༡༣ བར་དུ་ལོ་ལིན་ཞིང་ཆེན་ཁྲོ་ཡཱང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་བྱེད་སྐབས། གོ་གནས་བེད་སྤྱད་དེ་སྒེར་གྱི་ཁེ་ཕན་བླངས་བ་དང་། གཞན་གྱི་ཁེ་ལས་དང་འཛུགས་སྐྲུན་ལས་གཞི། གཞུང་དངུལ་ཡར་ལེན། ལས་གནས་སྤར་བ་སོགས་ཀྱི་ཆེད་དུ་ཁྱོན་རྒྱ་སྒོར་ ༢༡ ལྷག་ལྐོག་རྔན་བླངས་ཡོད་སྟབས། ཕྱི་ལོ་ ༢༠༡༤ ཟླ་ ༧ པའི་ ༡༢ ཉིན་ལྐོག་ཟ་རུལ་སུངས་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཁྲིམ་ཐེ་ཞིན་འཛིན་བཟུང་ཞིབ་བཤེར་བྱེད་མགོ་བརྩམས་ཡོད་འདུག
ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པའི་དྲ་བ་མེན་ཧེའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཁྲིན་ཐེ་ཞིན་གྱིས་ཕྱི་ལོ་ ༢༠༠༤ ཟླ་ ༣ ནས་ ༢༠༠༨ བར་ཏན་ཏུང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་གཞོན་པ་དང་གྲོང་ཁྱེར་སྤྱི་ཁྱབ་བྱེད་སྐབས། ཏན་ཏུང་ས་ཁུལ་གྱི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ ༤༡༠ འཛིན་བཟུང་བྱས་ཡོད་པ་དང་། དེའི་ཁྲོད་ནས་ཁྲིམས་འགལ་གྱིས་ངལ་རྩོལ་སྒྱུར་བཀོད་བྱས་པ་ ༡༢༢ དང་། ཁྲིམས་འགལ་གྱིས་ཁྲིམས་ཐག་བཅད་པ་ ༧༨། མནར་གཅོད་འོག་མི་ ༢༤ ཡིས་ཚེ་སྲོག་ཤོར་ཡོད་འདུག
ཅང་ཙི་མེན་ཚོགས་པའི་པའོ་ཞི་ལེ་དང་ཀྲུའུ་ཡོང་ཁང་། ཞེ་ཚེ་ཧུའུ་སོགས་ཀྱི་ངན་འབྲེལ་འོག ད་ལྟའི་བར་དུ་ལོ་ལིན་ཞིང་ཆེན་ནང་མིང་སོགས་གསལ་པོ་ཆགས་པའི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཁྱོན་ ༤༨༥ དམར་གསོད་བཏང་ཡོད་པ་དང་། རྒྱ་ནག་རྒྱལ་ཡོངས་ནང་གི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་དམར་གསོད་བཏང་བ་མང་ཤོས་གཉིས་པ་དེ་ལོ་ལིན་ཞིང་ཆེན་དང་། དམར་གསོད་བྱས་པའི་གྲངས་འབོར་མང་ཤོས་ཨང་དང་པོ་ཧེ་ལུང་ཅང་ནང་ ༥༣༥ དང་། ཨང་གསུམ་པ་ཅི་ལིན་ནང་ ༤༤༩ བྱུང་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།