གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཚེས་ ༡ ཉིན། ཀན་ལྷོ་ཁུལ་ཉེན་རྟོག་ཁང་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་མཉམ་འབྲེལ་ཐོག ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་འོག་གི་དགོན་སྡེ་ཁག་ཡོངས་རྫོགས་ཀྱི་མི་སྣ་བསྡུ་བསྐོངས་བྱས་ཏེ། ད་ལོའི་ཕྱི་ཟླ་ ༡༢ པའི་ནང་དགོན་པའི་གྲྭ་བ་གཅིག་ཀྱང་ཕྱི་ལོགས་སུ་འགྲོ་མི་ཆོག་པའི་བཀའ་བཏང་ཡོད་འདུག
ཉེ་ལམ་ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན། ཀན་ལྷོ་ཁུལ་འབོ་ར་དགོན་པ་དང་ཨ་མཆོག་དགོན་པ། ཀླུ་ཤོད་དགོན་པ། རྔོག་རྒྱལ་མོ་དགོན། མཛོད་དགེ་སྟོད་སྨད་སོགས་ཀྱི་དགོན་ནང་གི་སྔོན་ཆད་ཕྱི་སྐྱོད་ལག་ཁྱེར་ཡོད་པའི་གྲྭ་བ་ཚོས་དུས་ཡུན་འཐུང་ངུའི་ནང་ལག་ཁྱེར་ཡོངས་རྫོགས་ཕྱིར་རྩིས་སྤྲོད་བྱེད་དགོས་པ་དང་། གལ་སྲིད་སུ་ཞིག་གིས་ལག་ཁྱེར་རྩིས་སྤྲོད་མ་བྱས་ཚེ་མི་དེའི་ལག་ཁྱེར་བེད་མེད་གཏོང་རྒྱུ་ཡིན་སྐོར་དང་། ལག་ཁྱེར་སྲིད་གཞུང་ལ་རྩིས་སྤྲོད་བྱས་པ་རྣམས་ལོ་རྗེས་མའི་ཕྱི་ཟླ་ ༥ པའི་ནང་ཕྱིར་དོ་བདག་སོ་སོར་སྤྲོད་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་འདུག
ད་དུང་རྒྱལ་ཁབ་ཀྱི་ཆེད་འཛུགས་ཚོགས་ཆུང་དང་དགོན་པའི་དོ་དམ་མི་སྣ་ཚོགས་གྲྭ་ཤག་རེ་རེར་ཉུལ་ཏེ། ད་ལོའི་རྒྱ་གར་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་ལ་འགྲོ་མི་ཆོག་པའི་བཙན་བཀའ་བཏང་བར། གྲྭ་བ་རེ་ཟུང་གིས་མིང་རྟགས་ཀྱང་འགོད་དགོས་བྱུང་ཡོད་འདུག
གཞན། ཀན་ལྷོ་ཁུལ་འོག་གི་རྨ་ཆུ་དང་རྫོང་དང་བསང་ཆུ་རྫོང་གི་མང་ཚོགས་ཁ་ཤས་ད་ལོའི་ཕྱི་ཟླ་ ༡༠ པའི་ཟླ་མཇུག་ནས་བལ་ཡུལ་སོགས་ཕྱི་རྒྱལ་ཁག་ཏུ་ལྟ་སྐོར་དང་གནས་མཇལ་སོགས་སུ་སོང་ཟིན་པ་རྣམས་ཀྱང་། ཕྱི་ཟླ་ ༡༢ པའི་ཚེས་ ༢༠ ནང་ཚུན་ལ་ཕྱིར་མ་ལོག་ཚེ་རྒྱལ་ཁབ་ཀྱིས་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་དང་ཆད་པ་ལྕི་མོ་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་འདུག