བོད་ནང་གི་མདོ་བ་ཡོ་ལག་སྡེ་བའི་རྒད་པོ་རྒྱ་སྟག་ལགས་ལོ་བཞིའི་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཕྱིར་རང་ཁྱིམ་དུ་ལོག་ཡོད་ཀྱང་ད་ལྟ་རྐང་ལག་ལ་རྨས་ཕོག་ཡོད་པ་མ་ཟད་སེམས་ཁམས་ཡང་མི་བདེ་བ་ཆགས་ཡོད་འདུག
རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་གྱི་ནང་མིར་འཚམས་འདྲི་དང་གདུང་སེམས་མཉམ་སྐྱེད་བྱས་པའི་ཉེས་མིང་འོག མདོ་བ་ཡོ་ལག་སྡེ་བའི་(མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་རྫོང་མདོ་བ་ཡོ་ལག་སྡེ་བ)རྒད་པོ་རྒྱ་སྟག་འཛིན་བཟུང་བྱས་ཏེ་ ༢༠༡༢ ཟླ་ ༡༢ ཚེས་ ༥ ཉིན་ལོ་ ༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཅད་ཡོད་པ་དང་། ཁོང་བཙོན་འཇུག་སྐབས་ལོ་ ༦༡ ཡིན་འདུག
ཟླ་འདིའི་ཚེས་ ༦ ཉིན་རྒད་པོ་རྒྱ་སྟག་ལགས་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཕྱིར་རང་ཡུལ་དུ་ལོག་ཡོད་ཀྱང་། ཁོའི་རྐང་ལག་ལ་རྨས་སྐྱོན་དང་སེམས་ཁམས་མི་བདེ་བ་ཆགས་ཡོད་སྟབས། ནང་མི་ཉེ་འབྲེལ་ཚོས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་འདུག ད་ལྟ་ད་དུང་རྒྱ་གཞུང་གིས་ཡུལ་མི་ཚོ་ཁོང་ལ་འཚམས་འདྲིར་འགྲོ་བར་བཀག་འགོག་བྱེད་བཞིན་ཡོད་འདུག རྒན་པོ་ཁོང་ད་ལོ་བཙོན་ལས་ཀློད་སྐབས་ལོ་ ༦༥ ཡིན་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༡༡ པའི་ནང་བོད་མི་ ༢༧ གྱིས་བོད་བསྟན་སྲིད་ཆེད་མེར་སྲེག་གནང་བའི་ཁྲོད་མདོ་བ་ཕྱོགས་ནས་རྒྱལ་གཅེས་དཔའ་མོ་རྟ་མགྲིན་འཚོ་དང་སྐལ་བཟང་སྦྱིན་པ། སྙིང་དཀར་བཀྲ་ཤིས། སྙིང་ལྕགས་འབུམ། ཀླུ་འབུམ་ཚེ་རིང་བཅས་ཚུད་ཡོད་པ་རེད། ཅེས་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་།