རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ངོ་སྤྲོད་གནད་བསྡུས།
སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་ལོ་དེའི་ཕྱི་ལོའི་ཟླ་བ་ ༣ ཚེས་ ༡༥ སྟེ་དགུང་གྲངས་ ༣༦ ཐོག་ཕེབས་སྐབས། བྱ་རྒོད་ཕུང་པོའི་རིར་དགྲ་བཅོམ་པ་རབ་འབྱོར་ལ་སོགས་པ་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་ངོར་ཤེར་ཕྱིན་གྱི་མདོ་གསུངས་པ་དང་དུས་མཉམ་སྟོན་པ་རང་ཉིད་ཀྱིས་རྒྱ་གར་ལྷོ་ཕྱོགས། དེང་སང་ཨན་དཱ་ར་མངའ་སྡེར་(Andhra Pradesh)དཔལ་ལྡན་འབྲས་སྤུངས་(Amarvati) མཆོད་རྟེན་དུ་ཤམ་བྷ་ལའི་རྒྱལ་པོ་ཟླ་བ་བཟང་པོ་གཙོ་བྱས་པའི་བྱང་ཕྱོགས་ཀ་ལཱ་པའི་སྤྲུལ་པའི་ཆོས་རྒྱལ་ ༩༩ དགུ་དང༌། ཡང་དག་པའི་འཁོར་ཐུན་མོང་མ་ཡིན་པ་རྣམས་ཀྱི་ངོར་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ཐོག་མར་གསུངས་ཤིང་། ཆོས་རྒྱལ་ཟླ་བཟང་གིས་གླེགས་བམ་ལ་བྲིས་ཏེ་ཤམ་བྷ་ལར་སྤྱན་དྲངས་ཏེ་དུས་འཁོར་གྱི་བློས་བསླང་བཞེངས།
དུས་འཁོར་གྱི་ནང་དོན།
དུས་འཁོར་གྱི་ནང་དོན་ནི། ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོ་ཡི།། ཞེས་གསུངས་པ་ལྟར་ཕྱི་ནང་གཞན་གསུམ་གྱི་དུས་ཀྱི་འཁོར་ལོ་གསུམ་ཡོད་ལ། དེ་ཡང་ཕྱི་དུས་ཀྱི་འཁོར་ལོ་ནི། ཞག་སུམ་བརྒྱ་དྲུག་ཅུ་དང༌། ཟླ་བ་བཅུ་གཉིས་སོགས་ནི་དུས་དང༌། ལོ་འཁོར་གཅིག་ལ་དེ་དག་འཁོར་བས་དུས་འཁོར་ཞེས་བརྗོད་པ་དང༌། དེས་ཉི་ཟླ་རྒྱུ་སྐར་གྱི་འཁོར་ཚུལ་ཡང་དེའི་ནང་དུ་འདུ་བ་ཡིན་ནོ། །ནང་དུས་ཀྱི་འཁོར་ལོ་ནི་མིའི་ལུས་ཀྱི་རྩ་རླུང་ཐིག་ལེ་ཁམས་ལ་སོགས་པ་ཉིན་ཞག་གཅིག་ལ་དེ་དག་འཁོར་བས་ནང་དུས་ཀྱི་འཁོར་ལོ་ཞེས་དང༌། གཞན་དུས་ཀྱི་འཁོར་ལོ་ནི་གཞལ་ཡས་ཁང་དང༌། ཡི་དམ་གྱི་ལྷ་ལ་སོགས་པ་ཟུང་དུ་འབྲེལ་ནས་གསང་སྔགས་ཀྱི་ལམ་སྒོམ་ཚུལ་བཤད་པ་ཞིག་ཡིན། ཡང་ན་ཕྱི་འཇིག་རྟེན་ཁམས་ཀྱི་ཉི་ཟླ་རྒྱུ་སྐར་སོགས་ཀྱི་འཁོར་ཚུལ་རྣམས་ནང་དུ་མི་ཡི་ལུས་ཀྱི་འབྱུང་བ་ལྔ་དང༌། རྩ་རླུང་ཐིག་ལེ་བཅས་ཀྱི་ཆགས་ཚུལ་ངེས་ཅན་ཡོད་པ་དང་ཟུང་འབྲེལ་བྱས་ནས་གསང་སྔགས་ཀྱི་ལམ་སྒོམ་ཚུལ་བཤད་པ་ཡིན།
དུས་འཁོར་བསྟན་པ་འཕེལ་ཚུལ།
ཆོས་རྒྱལ་ཟླ་བ་བཟང་པོས་སྟོན་པས་ཇི་ལྟར་གསུངས་པ་རྣམས་ཐུགས་ལ་བཟུང་སྟེ་ཤམ་བྷ་ལར་བྱོན་ནས་ཤམ་བྷ་ལའི་སྐད་ཀྱིས་རྩ་རྒྱུད་དང་དེའི་འགྲེལ་བ་གླེགས་བམ་ལ་བྲིས་ཏེ་ལོ་གསུམ་གྱི་བར་དུ་རྒྱ་ཆེར་སྤེལ་བ་དང་། དེ་ནས་སྟོན་པས་ཇི་ལྟར་ལུང་བསྟན་པ་ལྟར་སེམས་ཅན་ཐམས་ཅད་ཀྱིས་དངོས་གྲུབ་ཐོབ་པའི་སླད་དུ་ཤམ་བྷ་ལར་དུས་འཁོར་བློས་བསླངས་གསར་དུ་བཞེངས་པ་ནས་ཆོས་རྒྱལ་བདུན་དང་། རིགས་ལྡན་ཉེར་ལྔ། འཁོར་ལོ་ཅན་གྱི་རྒྱལ་བརྒྱུད་བཅུ་གཉིས་ཏེ་རྒྱལ་པོ་ཞེ་གསུམ་གྱིས་ཤམ་བྷ་ལར་དུས་འཁོར་གྱི་བསྟན་པ་འཛིན་སྤེལ་བྱས་ཤིང་དར་རོ། དེ་ནས་ཤམ་བྷ་ལའི་རྒྱལ་པོ་རིགས་ལྡན་རྒྱལ་དཀའི་རྒྱལ་སྲིད་སྐྱོང་བའི་སྐབས་སུ་རྒྱ་གར་གྱི་མཁས་གྲུབ་དུས་ཞབས་པ་ཆེན་པོ་འཇམ་པའི་རྡོ་རྗེ་ཞེས་པ། རྒྱ་གར་བྱང་ཕྱོགས་སུ་ཕེབས་ཏེ་རིམ་གྱིས་མཐར་ཤམ་བྷ་ལར་བྱོན་ནས་རིགས་ལྡན་དངོས་དང་མཇལ་ཏེ་དེ་ལས་དུས་འཁོར་གྱི་ཆོས་ཞུས་ཏེ་རྒྱ་གར་དུ་ཕེབས། དེས་དུས་ཞབས་པ་ཆུང་བ་ཤྲི་བྷ་དྲ་དང་དེས་བྱང་ཆུབ་བཟང་པོ་སོགས་ལ་གསུངས་ནས་རིམ་གྱིས་དུས་འཁོར་གྱི་བསྟན་པ་འདི་རྒྱ་གར་དུ་དར་འཕེལ་བྱུང་།
དུས་འཁོར་བོད་དུ་དར་ཚུལ།
ཁ་ཆེ་པན་ཆེན་ཟླ་མགོན་གྱིས་དུས་འཁོར་བསྡུས་རྒྱུད་དང་འགྲེལ་ཆེན་གཉིས་བསྣམས་ནས་ཐོག་མར་གཙང་ཁ་རག་དང་དེ་ནས་འཕན་ཡུལ་དུ་བྱོན་པ་ན། འབྲོ་ལོ་ཙཱ་བ་ཤེས་རབ་གྲཊ་ཀྱིས་ཞུས་ཤིང་། ཁོང་གིས་ལྷ་རྗེ་སྒོམ་པ་དཀོན་མཆོག་སྲུང་ལ་དབང་བཀའ་དང་བཤད་ལུང་མན་ངག་བཀའ་བཅས་གནང་བ་ནས་རིམ་བརྒྱུད་ཀྱིས་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ཞབས་ལ་བརྒྱུད་པ་དང་། དེས་བླ་མ་རྒྭ་ལ་གནང་། ཡང་དེ་བཞིན་རྭ་ལོ་ཙཱ་བ་ཆོས་རབ་ཀྱིས་དུས་ཞབས་པའི་སློབ་མ་མཉྫུ་ཀིརྟི་དང་དེའི་སློབ་མ་བལ་པོ་ཡེ་རངས་པ་ས་མནྟ་ཤྲི་བྷ་དྲ་ཞུ་བ་བོད་དུ་གདན་དྲངས་ནས་དུས་འཁོར་རྒྱུད་འགྲེལ་བསྒྱུར་བ་དང་འབྲེལ་དབང་རྒྱུད་མན་ངག་དང་བཅས་པ་ཞུས་ཤིང་། དེས་ཡེ་ཤེས་སེང་གེ་ལ་གནང་། དེས་བླ་མ་རྒ་ལོ་ལ་གནང་བ་ནས་རྭ་འབྲོ་ལུཊ་གཉིས་ཆུ་བོ་གཅིག་འདྲེས་སུ་གྱུར། བོད་འདིར་དུས་འཁོར་རྒྱུད་འགྲེལ་བཅུ་དྲུག་ཙམ་ཡོད་པ་ལས་རྭ་འབྲོའི་འགྱུར་གཉིས་ལ་དབང་བཀའ་བཤད་བཀའ་དང་མན་ངག་གི་བཀའ་གསུམ་ཚང་བས་གཙོ་བོར་བྱེད། དེ་ནས་བུ་སྟོན་རིན་ཆེན་གྲུབ་ནས་གཙང་ཞ་ལུའི་ཕྱོགས་སུ་ཆེས་ཆེར་དར་བ་དང་། དེས་མཁས་གྲུབ་ཁྱུང་པོ་ལྷས་པ་དང་། དེས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དང་། དེས་མཁས་གྲུབ་ཐམས་ཅད་མཁྱེན་པ་ལ་གསུངས་པ་ནས་རིམ་པར་བརྒྱུད་དེ། པཎ་ཆེན་བློ་བཟང་ཆོས་རྒྱན་དང༌། ྋརྒྱལ་མཆོག་ལྔ་པ་ཆེན་པོ། ྋརྒྱལ་དབང་བསྐལ་བཟང་རྒྱ་མཚོ། པཎ་ཆེན་དཔལ་ལྡན་ཡེ་ཤེས་སོགས་སྐྱེས་ཆེན་དུ་མ་རིམ་བརྒྱུད་ཀྱིས་དགའ་ལྡན་ཁྲི་ཐོག་གོ་བདུན་པ་ྋསྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་ཀྱི་ཞལ་སྔ་ནས་ ༡༩༥༢ ལོར་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་སུ། སྤྱི་ནོར་༧གོང་ས་མཆོག་གིས་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱི་ཆོས་འཁོར་བསྐོར་བར་མཛད་པའི་དུས་ཆེན་ཧོར་ཟླ་གསུམ་པའི་དུས་ཆེན་དང་སྟབས་བསྟུན་ཏེ་དུས་འཁོར་གྱི་གདམས་པ་ཡོངས་སུ་རྫོགས་པ་གསན་བཞེས་གནང༌། ཕྱི་ལོ་ ༡༩༥༣ ལོའི་དགུན་ཐོག་རྩེ་ཕོ་བྲང་དུ་སྐུའི་ཡོངས་འཛིན་རྣམ་གཉིས་ཀྱིས་དབུས་རྣམ་གྲྭའི་སློབ་དཔོན་དང་བཅས་པའི་ལྷན་དུ་དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་གྱི་ལས་བསྙེན་བཅད་རྒྱ་མཛད་དེ་ཟླ་གཅིག་རིང་ལས་རུང་གི་བསྙེན་པ་ཁ་སྐོང་སྦྱིན་སྲེག་དང་བཅས་པ་ཚད་ལྡན་བསྒྲུབས་པ་གནང་རྗེས། ད་རེས་ཐེ་བས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ བསྩལ་ཡོད།
དཀྱིལ་འཁོར།
དཀྱིལ་འཁོར་གྱི་དོན་ནི། སྙིང་པོ་ལེན་སའི་གཞི་ཞིག་ལ་དཀྱིལ་འཁོར་ཞེས་བརྗོད། སྤྱིར་བཏང་དཀྱིལ་འཁོར་ལ་དབྱེ་ན། རྡུལ་མཚོན་གྱི་དཀྱིལ་འཁོར་དང༌། རས་བྲིས་ཀྱི་དཀྱིལ་འཁོར། ལུས་དཀྱིལ་གྱི་དཀྱིལ་འཁོར། བསམ་གཏན་གྱི་དཀྱིལ་འཁོར། བློས་བསླངས་ཀྱི་དཀྱིལ་འཁོར། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར། བྷ་གའི་དཀྱིལ་འཁོར། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བཅས་ཡོད། དེ་རྣམས་ཀྱི་ནང་ནས་དཔལ་དུས་ཀྱི་འཁོར་ལོའི་བྱིས་པ་ལྟར་འཇུག་པའི་དབང་བདུན་གང་དུ་ཐོབ་པའི་དཀྱིལ་འཁོར་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་ངེས་པར་དུ་དགོས་པ་རྒྱ་བོད་ཀྱི་མཁས་པ་དུ་མས་གསུངས་ཡོད། སྤྱིར་རས་བྲིས་ཀྱི་དཀྱིལ་འཁོར་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཐུབ་ན་ཕན་ཡོན་ཆེ་བ་ཡོད། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་ལ་ཐོག་མར་ས་གཞི་བྱིན་གྱིས་བརླབས་པ་དང༌། ས་བླངས་པ་ནས་བཟུང་སྟེ་རྡོ་རྗེ་སློབ་དཔོན་སོགས་ཀྱིས་ཉིན་ལྟར་རྡུལ་ཚོན་གྱི་རྡུལ་གྲངས་དང་མཉམ་པའི་ལྷར་བསྐྱེད་ཅིང༌། དེར་མཆོད་པ་ཕུལ་བ་སོགས་ཀྱིས་སྦྱིན་བདག་སོགས་ལ་བསོད་ནམས་དཔག་མེད་གསོག་པ་མ་ཟད། དབང་སྐུར་མཁན་གྱི་བླ་མ་རང་ཉིད་ལའང་བསོད་ནམས་དཔག་མེད་བསགས་ཏེ་འགྲོ་དོན་རྒྱ་ཆེར་འབྱུང་བ་ཞིག་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་སྐུར་སོགས་གྲུབ་རྗེས་རྡུལ་ཚོན་གཙང་པོ་སོགས་སུ་འདོར་བས་འོག་ཕྱོགས་ཀླུ་རིགས་རྣམས་ཀྱི་འཇིགས་པ་དང་གནས་སྐབས་ཀྱི་སྡུག་བསྔལ་ཞི་བ་དང༌། ཆོས་མཐུན་གྱི་བསམ་དོན་འགྲུབ་པ། ཐུན་མོང་མ་ཡིན་པའི་བག་ཆགས་ཁྱད་པར་ཅན་འཇོག་པའི་གནད་ཀྱང་ཡོད་ཅིང༌། དེ་བཞིན་དད་ལྡན་སྐྱེ་བོ་མང་པོས་རང་ཉིད་ཀྱི་དད་པའི་རྟེན་དུ་འགྱུར་བ་སོགས་ཀྱིས་དགེ་མཚན་མང་དུ་མཆིས་ཀྱང་། དུས་ཀྱི་འཁོར་ལོའི་དབང་ཞུ་བ་ལ། དང་པོ་སྐྱབས་འགྲོ། ངེས་འབྱུང་བྱང་སེམས། ཡང་དག་པའི་ལྟ་བ་སོགས་བཅོས་མ་ཚུན་ཆད་ཀྱི་རྒྱུད་སྦྱངས་པ་སྔོན་དུ་ཡོང་དགོས་སོ།།
དུས་དབང་ཞུས་པའི་ཕན་ཡོན།
དབང་འཐོབ་པའི་ཆ་རྐྱེན་གཙོ་བོ་ནི། ལམ་ལོག་པ་ལས་ཁྱད་པར་འབྱེད་བྱེད་དད་པ་རྩ་བ་ཅན་གྱི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་རྣམ་དག་དང༌། ལམ་དམན་པ་ལས་ཁྱད་པར་འབྱེད་བྱེད་སྙིང་རྗེ་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་སོགས་མ་མཐའ་བཅོས་མ་ཚུན་ཆད་ཡོད་པ། ལྷག་པའི་ལྷ་དང་བླ་མ་ལ་དད་པ་དང་མོས་གུས་ཡོད་པ། བླ་མས་དབང་བརྡ་སྤྲོད་སྐབས་ཡིད་གཞན་དུ་མ་གཡེང་པར་སྐབས་གང་ཡིན་ལ་དབང་བརྡ་ལེགས་པར་འཕྲོད་པ། བློ་གཟུ་བོར་གནས་ཤིང༌། ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དང་ལྡན་པ་བཅས་དགོས་གལ་ཆེ།
དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལ་ཉན་བསམ་སྒོམ་གསུམ་བྱེད་པ་ལ་དབང་བ་དང༌། ལམ་བསྐྱེད་རྫོགས་ཡན་ལག་དང་བཅས་པ་སྒོམ་པ་ལ་དབང་བ། ཐིག་ལེ་རིགས་བཞིའི་སྟེང་གི་མ་དག་པའི་སྒྲིབ་པ་བཞི་སྦྱངས་ནས་རྡོ་རྗེ་བཞི་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་པ། ལྷག་པའི་ལྷ་ཡི་མཚན་མའི་མཐུས་རང་གི་གནས་སྐབས་བར་ཆད་ཞི་ཞིང༌། ཆོས་མཐུན་གྱི་བསམ་པ་ཡིད་བཞིན་འགྲུབ་པ། མཐར་ཐུགས་དཔལ་དང་པོའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པ། འཛམ་གླིང་ཁྱོན་ལ་ནད་མུག་འཁྲུག་རྩོད་སོགས་ཞི་ནས་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་པ་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་ཡིན་ནོ།།
དེས་ན། རྡོ་རྗེ་སློབ་དཔོན་ྋསྐྱབས་མགོན་ཐུགས་རྗེའི་བདག་ཉིད་ཀྱིས་ཀུན་སློང་བཅོས་ཚུལ་བརྡ་ཇི་ལྟར་སྤྲད་པ་ལྟར། སེམས་ཅན་ལ་དམིགས་པའི་བྱམས་པ་དང་བརྩེ་བ། སྙིང་རྗེ། དེས་དྲངས་པའི་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་ཀྱིས་ཟིན་མ་ཟིན་སེམས་འདི་ཉིད་ཀྱི་ཀུན་སློང་འཁྱེར་སོ་ལ་རག་ལས།
རྣམ་བཅུ་དབང་ལྡན།
དཔལ་དུས་ཀྱི་འཁོར་ལོའི་སྙིང་དོན་གཅིག་ཏུ་བསྒྲིགས་པའི་མཚོན་བྱེད་ཡིན་ལ། དེ་ནི་ལེགས་སྦྱར་སྐད་ཀྱི་ཡིག་གཟུགས་དབུ་ཅན་ལྟར་བྲིས་པ་ཡི་གེ་རྣམ་པ་བཅུ་རིམ་བརྩེགས་ཀྱིས་གནས་པ་ཡིན། ཕྱི་ཡི་ཉི་ཟླ་གཟའ་སྐར་མི་མཐུན་པའི་འཕྲོད་སྦྱོར་སོགས་ཀྱི་གནོད་པ་ཞི་བ་དང༌། ནང་སྐྱེས་བུའི་གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་ཀྱི་སེམས་གསུམ་ལས་སུ་མི་རུང་བ་དང༌། ཆ་མི་སྙོམས་པའི་ཕྱོགས་ཐམས་ཅད་ཞི་བ། གཞན་ཡང་བསྐྱེད་རྫོགས་སོགས་ཀྱི་ཡོན་ཏན་སྨིན་པར་བྱེད་པ་ཡིན་པས། དེ་ལྟར་ཕན་ཡོན་དྲན་པའི་སྒོ་ནས་ལུས་ལ་འཆིང་ན། གནས་སྐབས་རྒྱལ་བཙན་དང༌། འདི་ཁང་སྟེང་དུ་བཀལ་ན། ས་དཔྱད་ངན་པ་ཐམས་ཅད་ཟིལ་གྱིས་མནན་ཏེ་བཀྲ་ཤིས་པར་བྱེད། ཁྱིམ་དུ་བཞག་ན་རྐྱེན་ངན་དང་བར་ཆད་བསྲུང༌། དགེ་ཞིང་བཀྲ་ཤིས་པར་བྱེད་པ་སོགས་ཀྱི་ཕན་ཡོན་ཆེ། དོན་སྙིང་ཁམས་གསུམ་གྱི་སྣོད་བཅུད་མཐའ་དག་མཚོན་པ་མ་ཟད། དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་མཐའ་དག་བསྡུས་ཡོད། མཐར་ཐུག་རང་ཉིད་འཁོར་བ་ལས་ཡོངས་སུ་ཐར་ཏེ་དཔལ་ལྡན་དུས་ཀྱི་འཁོར་ལོའི་གོ་འཕང་མངོན་དུ་བྱེད་ནུས་པ་སོགས་དགེ་མཚན་ཡོད་པ་ཡིན། དུས་འཁོར་དབང་ཞུས་པ་པོ་རྣམས་ཀྱིས་ཤིན་ཏུ་རྙེད་པར་དཀའ་བའི་གོ་སྐབས་བཟང་པོ་འདི་འདྲ་ཆུད་ཟོས་སུ་མ་བཏང་བར། བླ་མའི་གསུང་ཆོས་ཀྱི་གོ་དོན་རྟོགས་མིན་ལ་མ་ལྟོས་པར་གཟབ་གཟབ་བྱས་ནས་གསན་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་ནམ་གསུང་པའི་སྐབས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག །ཅེས་ནན་ཏན་ཆེན་པོ་མཛད་ཡོད།
དབང་གི་མཛད་རིམ།
སྟ་གོན་གྱི་རིམ་པ་ནི། སྤྱིར་སྟ་གོན་ནི་གྲ་སྒྲིག་གམ་འོག་གྲབས་ལ་གོ། འདིར་སྟ་གོན་གྱི་རིམ་པ་ལ་ས་ལྷ་སྟ་གོན་ཞེས་པ་ནི། དེ་ལྟར་ས་གཞི་བྱིན་གྱིས་བརླབས་ཟིན་པ་དེར་དཔལ་དུས་ཀྱི་འཁོར་ལོའི་དབང་གི་ཆོ་ག་བྱེད་པ་ཡིན་པས་གནང་བ་སྩལ་དུ་གསོལ་ཞེས་ས་ཡི་ལྷ་མོར་གསོལ་བ་འདེབས་པ་དེར་ས་ཡི་ལྷ་མོའི་སྟ་གོན་ཞེས་བརྗོད་པ་ཡིན། སློབ་མ་རྗེས་འཛིན་ཞེས་པའི་གོ་དོན་གཙོ་བོ་ནི། ཉིན་ཤས་རིང་ཆོས་འབྲེལ་སྐབས་སློབ་མ་རྣམས་ཕྱི་ནང་ཉེར་འཚེས་མ་གོས་པར་ཆོས་མཐུན་གྱི་བྱ་བ་ཡིད་བསམ་ལྟར་འགྲུབ་པའི་ཆེད་དུ་ཡིན། བྱིན་གྱིས་བརླབས་པ་ནི། སློབ་མའི་རྒྱུད་ཀྱི་མ་དག་པའི་ཁམས་དྲུག་དང་ཕུང་པོ་དྲུག་རྣམས་རིམ་བཞིན་ཇེ་དག་ཏུ་གྱུར་ཏེ་མ་འོངས་པར་རྒྱལ་བ་རིགས་དྲུག་ཏུ་བསྒྲུབ་པའི་སླད་དུ་ཡི་གེ་དྲུག་ལུས་ལ་བཀོད་པའི་སྒོ་ནས་བྱིན་གྱིས་བརླབས་པ་ཡིན་ལ། ཡི་གེ་དྲུག་ནི། ཨོཾ་ཨཱཿཧཱུཾ་ཧོ་ཧཾ་ཀྵ། ཞེས་པ་འདི་ཡིན་ཞིང༌། དེ་ཡང་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུཾ་ནག་པོ། ལྟེ་བར་ཧོ་སེར་པོ། གཙུག་ཏོར་ལ་ཧཾ་ལྗང་གུ། གསང་གནས་སུ་ཀྵ་སྔོན་པོའི་ས་བོན་བཅས་རྒྱལ་བ་རིགས་དྲུག་གི་ས་བོན་བཀོད་པ་དེ་ཡིན། སྡོམ་པ་བཟུང་བ་ནི། དབང་བཞི་རྫོགས་པར་ཐོབ་པ་ལ་བྱང་སྡོམ་དང་སྔགས་སྡོམ་གཉིས་ཀ་བཟུང་དགོས་པ་ཡིན། དེའི་ཚུལ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་སོགས་ལན་གསུམ་གྱིས་སྒོ་ནས་ཐུན་མོང་བ་བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་དགོས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། ཞེས་སོགས་ལན་གསུམ་གྱི་ཐུན་མོང་མ་ཡིན་པ་སྔགས་ཀྱི་སྡོམ་པ་བཟུང་དགོས།
དབང་དངོས་གཞིའི་རིམ་པ།
སོ་ཤིང་འདོར་བ་ནི། རིགས་གང་དུ་སྐྱེ་བ་དང༌། ཞི་རྒྱས་དབང་དྲག་གི་དངོས་གྲུབ་གང་འགྲུབ་བརྟག་པའི་སླད་དུ་སོ་ཤིང་འདོར་བ་ཡིན། ཁྱོར་ཆུ་སྦྱིན་པ་ནི། ངག་འཁྱལ་དང༌། ཚིག་རྩུབ། རྫུན་ལ་སོགས་པ་ངག་གི་ཉེས་པ་དག་པའི་ཆེད་དུ་ཡིན། ཁྱོར་ཆུ་ཧུབ་དང་པོས་ཆུས་བཤལ་ཚུལ་དུ་དོར་བ་དང༌། དེ་ནས་ལན་གསུམ་འཐུང་བ་དེས་སློབ་མའི་ལུས་ངག་ཡིད་གསུམ་མམ་སྒོ་གསུམ་གྱི་དྲི་མ་དག་པ་དང༌། ྋརྒྱལ་བའི་སྐུ་གསུང་ཐུགས་གསུམ་གྱི་བྱིན་རླབས་འཇུག་པའི་ཆེད་དུ་ཡིན། ཀུ་ཤ་སྦྱིན་པ་ནི། ཀུ་ཤ་གཙང་བྱེད་ཡིན་པས་རྨི་ལམ་གསལ་པོ་ཡོང་བ་དང༌། རྨི་ལམ་མི་འཁྲུག་ཅིང༌། དབང་ཞུ་བའི་སྐབས་སུ་ཕྱི་ཡི་འགལ་རྐྱེན་གྲིབ་དང་མི་གཙང་བ་སེལ་བའི་ཆེད་དུ་ཀུ་ཤ་སྦྱིན་པ་ཡིན། ཀུ་ཤ་ཆེ་བ་ཉལ་གདན་འོག་དང༌། ཆུང་བ་སྔས་ཀྱི་འོག་ཏུ་འཇོག་དགོས། སྲུང་སྐུད་སྦྱིན་པ་ནི། བྱང་ཆུབ་ཆེན་པོ་མ་རྙེད་བར་དུ་ཕྱི་ནང་གི་བར་ཆད་སྲུང་བའི་ཆེད་དུ་ཡིན། རྨི་ལམ་བརྟག་པ་ནི། མཚན་གྱི་ཆ་ཐ་མའམ་ཐོ་རེངས་ཀྱི་རྨི་ལམ་བཟང་ངན་གང་འབྱུང་བརྟག་དགོས་པ་ཡིན། དུས་འཁོར་གྱི་དབང་ཆོག་ལས། མལ་སྟན་སྟ་གོན་ཞེས་གསུངས་པ་ལྟར། མལ་སྟན་ལ་ཉལ་ཁར་རྨི་ལམ་བརྟག་པའི་ཆེད་ལྷ་དང་བླ་མ་ལ་གསོལ་བ་འདེབས་ཤིང༌། ཡི་གེ་དྲུག་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་རྨི་ལམ་བརྟག་དགོས། རྨི་ལམ་ངན་པ་བྱུང་ན། བཟློག་ཐབས་ནི། སྟོང་ཉིད་བསྒོམ་པའི་སྒོ་ནས་བཟློག་པ་དང༌། སྦྱིན་སྲེག་གི་སྒོ་ནས་བཟློག་པ། རིགས་དྲུག་གི་སྔགས་ཀྱིས་བསང་ཆུ་གཏོར་བའི་སྒོ་ནས་བཟློག་ཐབས་བཅས་ལས། བཀའ་དབང་ཞུ་བའི་སྐབས་ཡིན་དུས་རིགས་དྲུག་གི་སྔགས་ཀྱིས་གསང་ཆུ་གཏོར་བའི་སྒོ་ནས་བཟློག་ཐབས་དང་སློབ་མ་རང་རང་གིས་སྟོང་ཉིད་སྒོམ་པ་གཉིས་གཙོ་བོ་ཡིན།
དགེ་བར་སྐུལ་བ།
དམ་ཆོས་གསུང་གི་བདུད་རྩི་དོན་དུ་གཉེར་ཏེ་ཕེབས་མཁན་རྣམ་པ་སྔོན་བསགས་དགེ་བའི་ལས་ཀྱི་འབྲས་བུ་དུས་སུ་སྨིན་པའི་སྐལ་ལྡན་ལས་འཕྲོ་ཅན་གྱི་སློབ་མ་མི་ལུས་ཐོབ་པ་དོན་གོ་ཆོད་པ་ཞིག་ཡིན་པས། དེ་ལུགས་ཡིད་ལ་དགའ་བ་བསྒོམས་ཏེ་དཀར་པོ་དགེ་བའི་ལས་ལ་བརྩོན་པའི་འདུན་པ་ཤུགས་དྲག་བསྐྱེད་རྒྱུ་གལ་ཆེན་པོ་ཡིན། ྋགོང་ས་ཆེན་པོས་དུས་རྒྱུན་ཆོས་ཞུ་བ་མང་ཚོགས་ལ། ཆོས་ཞུས་ནས་རང་གི་སེམས་དང་སྤྱོད་པར་བཟོ་བཅོས་ཀྱིས་འགྱུར་བ་བཟང་པོ་ཞིག་ཡོང་བ་བྱེད་དགོས་ཞེས་ནན་ཏན་དུ་བཀའ་སློབ་གནང་གི་ཡོད། དེ་ནི་གསུང་ཆོས་ཞུས་པའི་དགོས་དོན་སྙིང་པོ་དེ་ཡིན། ཆེ་ས་ནས་རང་རྒྱུད་ལ་ཉམས་ལེན་བྱས་ཏེ་འཛིན་དགོས་པ་དང༌། ཆུང་ས་ནས་མི་ཚེ་དོན་དང་ལྡན་པ། མི་གོ་ཆོད་པ། མི་ཚེ་བཟང་མཐར་འཁྱོལ་ཐབས། དེ་ཡང་ཉིན་འགྱངས་ཞག་འགྱངས་སུ་མ་སོང་བར་ད་རེས་ཀྱི་དབང་ཆེན་ཞུས་པའི་གོ་སྐབས་འདི་ནས་མགོ་བཙུགས་ཏེ་སྲོག་གཅོད་པ་དང༌། རྐུ་མ་རྐུ་བ། ལོག་གཡེམ་ལ་སྤྱོད་པ། རྫུན་བཤད་པ། དཀྲུག་ཤིང་བརྒྱག་པ། དཀྲོག་གཏམ་དང་ཚིག་རྩུབ་ཤོད་པ། གཞན་ལ་གནོད་སེམས་སོགས་སྡིག་ལས་མི་དགེ་བ་སྤོང་བ། མ་མཐར་ཡང་གཞན་ལ་ཕན་མ་ཐོགས་ཀྱང༌། གནོད་པ་ནམ་ཡང་མི་བྱེད་བསམ་པའི་ཆོད་སེམས། མདོར་ན། ད་རེས་འཕགས་པ་སྤྱན་རས་གཟིགས་སྐུ་དངོས་ཀྱི་དྲུང་ནས་གསུང་ཆོས་ཐོབ་པའི་མདུན་ས་ནས་སྟོང་ལོག་ཏུ་མ་སོང་བར་གོང་གསལ་ཁོངས་རང་ནུས་ཀྱིས་གང་ཐུབ་ཅི་ཐུབ་སྤོང་རྒྱུའི་དམ་བཅའ་བརྟན་པོ་ལག་ལེན་དུ་འཁྱོལ་བ་གནང་རྒྱུ་ནི་གནད་ཀྱི་སྙིང་པོ་ཡིན་ནོ།།
དགེ་བཤེས་བློ་བཟང་ཟླ་བ་ལགས་དང་རྣམ་སྤེལ་ཚང་བློ་བཟང་སྤྱིན་པ་གཉིས་ཀྱི་བརྩམས་ཆོས་ལས་བསྡུ་སྒྲིག་བྱས།
…………………………………………………………………………………………..
༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་ ༣༣ ཙམ་གནང་བའི་གནས་ཚུལ་གནད་བསྡུས།
༼ དང་པོ། ༽
ཕྱི་ལོ་ ༡༩༥༤ ཟླ་ ༥ པར་ལྷ་ས་ནོར་བུ་གླིང་ཀར་རྩལ་ཡོད། སྦྱིན་བདག་ལྷ་ཀླུ་དགའ་ཚལ་བའི་ལྕམ་གཡང་འཛོམས་ཚེ་རིང༌གིས་གནང་ཡོད། ཆོས་ཞུ་བ་རིས་མེད་བླ་སྤྲུལ་མཁན་པོ་དང་གཞུང་ཞབས་ཀྱིས་དབུས་སེར་སྐྱ་ ༡༠༠༠༠༠ བརྒལ་བ་བྱུང་ཡོད།
༼ གཉིས་པ། ༽
ཕྱི་ལོ་ ༡༩༥༧ ཟླ་ ༤ པར་ལྷ་ས་ནོར་བུ་གླིང་ཀར་བསྩལ་ཡོད། སྤྱིན་བདག་ཨ་མདོ་བླ་བྲང་སྦྱིན་པ་རྒྱ་མཚོ་ཡིན། ཆོས་ཞུ་བ་རིས་མེད་བླ་སྤྲུལ་མཁན་པོ་དང་གཞུང་ཞབས་ཀྱིས་དབུས་སེར་སྐྱ་ ༡༠༠༠༠༠ བརྒལ་བ་བྱུང་ཡོད།
༼ གསུམ་པ། ༽
ཕྱི་ལོ་ ༡༩༧༠ ཟླ་ ༣ པར་རྒྱ་གར་ངྷ་རམ་ས་ལར་བསྩལ་ཡོད། སྦྱིན་བདག་ཨ་མདོ་སྦྱིན་པ་རྒྱ་མཚོ་དང་ཚ་བ་དཔའ་ཤོད་ཐུབ་བསྟན་རྣམ་གཉིས་ཡིན། ཆོས་ཞུ་བ་རིས་མེད་བླ་སྤྲུལ་མཁན་པོ་དང༌བོད་མི། ལ་དྭགས་པ། འབྲས་ལྗོངས་སོགས་སེར་སྐྱ་ ༣༠༠༠༠ བརྒལ་བ་བྱུང་ཡོད།
༼ བཞི་བ། ༽
ཕྱི་ལོ་ ༡༩༧༡ ཟླ་ ༥ པར་རྒྱ་གར་ལྷོ་ཕྱོགས་ལུགས་ཟུང་བསམ་གྲུབ་གླིང་དུ་བསྩལ་ཡོད། སྦྱིན་བདག་ཨ་མདོ་འཇམ་དབྱངས་འཕེལ་རྒྱལ་ལགས་ཡིན། སྐབས་དེར་ཆོས་ཞུ་བ་གདན་ས་གསུམ་གཙོ་བོར་གྱུར་བའི་རིས་མེད་བླ་སྤྲུལ་མཁན་པོ་དང༌སེར་སྐྱ་ཆིག་ཁྲི་ཉིས་སྟོང་ ༡༢༠༠༠ བརྒལ་བ་བྱུང་ཡོད།
༼ ལྔ་པ། ༽
ཕྱི་ལོ་ ༡༩༧༤ ཟླ་ ༡༢ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་ཡོད། སྤྱིན་བདག་རྡོར་གདན་བོད་དགོན་མཁན་ཟུར་ལ་དྭགས་པ་ངག་དབང་བསམ་གཏན་དང་། ཕག་རི་སེར་ཁང་མ་བདེ་སྐྱིད། འབྲུག་ཀབ་སྤྱི་དཔལ་འབྱོར་རྒྱལ་མཚན། འབྲུག་ཀ་གཉིས་བསོད་ནམས་སྟོབས་རྒྱལ་སོགས་ཡིན། ཆོས་ཞུ་བ་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་དང༌། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་དབུས་བོད་རིགས་དང༌འབྲུག་པ། མོན་པ། ལ་དྭགས་པ། འབྲས་ལྗོངས་པ་སོགས་མི་གྲངས་ཆིག་འབུམ་ ༡༠༠༠༠༠ ཙམ་བྱུང་ཡོད།
༼ དྲུག་པ། ༽
ཕྱི་ལོ་ ༡༩༧༦ ཟླ་ ༩ པའི་ནང་ལ་དྭགས་སླེ་རུ་བསྩལ་ཡོད། སྦྱིན་བདག་ལ་དྭགས་པ་ཚེ་བརྟན་རྣམ་རྒྱལ་ཅན་ཡིན། ཆོས་ཞུ་བ་དཔལ་ས་སྐྱ་གོང་མ་རིན་པོ་ཆེས་དབུས་ལ་དྭགས་ཁུལ་གྱི་རིས་མེད་བླ་སྤྲུལ་མཁན་པོ་དང༌། སེར་སྐྱ་མི་མང་ ༤༠༠༠༠ ཙམ་བྱུང་ཡོད།
༼ བདུན་པ། ༽
ཕྱི་ལོ་ ༡༩༨༡ ཟླ་ ༧ པའི་ནང་ཨ་རི་མེ་ཌི་སན་དུ་བསྩལ་ཡོད། སྦྱིན་བདག་སེར་བྱེས་གཙང་པ་དགེ་བཤེས་ལྷུན་གྲུབ་བཟོད་པ་ལགས་ཡིན། ཆོས་ཞུ་བ་ཨ་རི་བ་གཙོ་བོར་གྱུར་བའི་བོད་རིགས་བཅས་ཆོས་ཞུ་བ་ ༡༥༠༠ ཙམ་བྱུང་ཡོད།
༼ བརྒྱད་པ། ༽
ཕྱི་ལོ་ ༡༩༨༣ ཟླ་ ༤ པའི་ནང་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་འབུམ་སྡེ་ལ་རྡི་རང༌དུ་བསྩལ་ཡོད། སྦྱིན་བདག་ཨ་མདོ་བློ་བཟང་རྒྱ་ཚོ་ལགས་ཡིན། སྐབས་དེར་ཆོས་ཞུ་བ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་བླ་དགེ་འདུན་དང༌། ས་གནས་གཞིས་ཆགས་བོད་མི་དང་། ཡུལ་མི་བཅས་སེར་སྐྱ་ ༥༠༠༠ ཙམ་བྱུང་ཡོད།
༼ དགུ་བ། ༽
ཕྱི་ལོ་ ༡༩༨༣ ཟླ་ ༧ པའི་ནང་ཧི་མ་ཅལ་སྤི་ཏི་རྟ་པོ་དགོན་དུ་བསྩལ་ཡོད་ཅིང་། སྦྱིན་བདག་རྟ་པོ་དགོན་ཡུལ་ཐུན་མོང༌གིས་གནང་ཡོད། སྐབས་དེར་ཆོས་ཞུ་བ་གར་ཞ་དང་ཁུ་ནུ། སྤི་ཏི་ཡུལ་དགོན་གཙོས་པའི་སེར་སྐྱ་ ༡༠༠༠༠ བརྒལ་བ་བྱུང་ཡོད།
༼ བཅུ་བ། ༽
ཕྱི་ལོ་ ༡༩༨༥ ཟླ་ ༧ པར་སུད་སི་རི་ཀོང༌དུ་བསྩལ་ཡོད། སྦྱིན་བདག་སུད་སི་བོད་མི་དང༌། ཡུ་རོབ་ནང་པ་ཐུན་མོང༌གིས་གནང་ཡོད། ཆོས་ཞུ་བ་བོད་མིས་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་ ༣༦ ནས་ཆོས་ཞུ་བ་དྲུག་སྟོང་ ༦༠༠༠ ཙམ་བྱུང་ཡོད།
༼ བཅུ་གཅིག ༽
ཕྱི་ལོ་ ༡༩༨༥ ཟླ་ ༡༢ པར་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་ཡོད། སྦྱིན་བདག་རྣམ་རྒྱལ་གྲྭ་ཚང་དང་རྡོར་གདན་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང༌། ངྷ་ས་བོད་མིའི་མཉམ་ལས། སིམ་ལ་བོད་དགོན་སངས་རྒྱས་ཆོས་གླིང་གནས་འཛིན་ཨ་མདོ་རྒན་སྦྱིན་པ། སུད་སི་གཞིས་ཆགས་ཁོངས་རྒྱལ་རྩེ་ལྷ་ཁང་སྤེན་པ་ཁྱིམ་ཚང་བཅས་ཡིན། ཆོས་ཞུ་བ་རིས་མེད་བླ་ཆེན་རྣམ་པས་དབུས་བླ་སྤྲུལ་དགེ་འདུན་དང༌། བོད་ནས་གསར་འབྱོར་བ། ཧི་མ་ལ་ཡའི་རི་རྒྱུད། བལ་ཡུལ། ཕྱི་རྒྱལ་བ་བཅས་སེར་སྐྱ་ ༢༠༠༠༠༠ ཙམ་བྱུང་ཡོད།
༼ བཅུ་གཉིས། ༽
ཕྱི་ལོ་ ༡༩༨༨ ཟླ་ ༧ པར་ལ་དྭགས་ཟངས་དཀར་དུ་བསྩལ་ཡོད། སྦྱིན་བདག་ཟངས་དཀར་ནང་པའི་ཆོས་ཚོགས་ཡིན། ཆོས་ཞུ་བ་རྣམ་གྲྭ་མཁན་པོ་བློ་བཟང་ཉི་མས་དབུས་ཟངས་དཀར་རྒྱལ་པོ་དང་དགོན་ཡུལ་མི་མང་བཅས་སེར་སྐྱ་ ༡༠༠༠༠ ལ་ཉེ་བ་བྱུང་ཡོད།
༼ བཅུ་གསུམ། ༽
ཕྱི་ལོ་ ༡༩༨༩ ཟླ་ ༧ པར་ཨ་རི་ལཱའོ་སི་ཨེན་ཇི་ལི་རུ་བསྩལ་ཡོད། སྦྱིན་བདག་ཐུབ་བསྟན་དར་རྒྱས་ཆོས་ཚོགས་ཀྱིས་གནང་ཡོད། ཆོས་ཞུ་བ་དགའ་ཤར་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་གྱིས་གཙོས་སེར་སྐྱ་ ༣༠༠༠ ཙམ་བྱུང་ཡོད།
༼ བཅུ་བཞི། ༽
ཕྱི་ལོ་ ༡༩༩༠ ཟླ་ ༡༢ པར་གནས་མཆོག་ཝཱ་རཱ་ཎ་སིར་བསྩལ་ཡོད། སྦྱིན་བདག་ཏུ་ཤི་ཏའི་ཆོས་ཚོགས་དང༌ཉི་ཧོང་སྦུ་ཤོ་ཀ་ཆོས་ཚོགས། དབུས་གཙང་ཆོལ་ཁའི་སྟོད་པ་མང་ཚོགས་བཅས་ཀྱིས་གནང་ཡོད་འདུག སྐབས་དེའི་ཆོས་ཞུ་བ་དགའ་ལྡན་ཁྲི་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་མཆོག་དང༌སྐྱབས་རྗེ་རྫ་རོང་འཁྲུལ་ཞིག་རིན་པོ་ཆེས་གཙོས་པའི་རིས་མེད་མཁན་སྤྲུལ་དང་། གཞིས་བྱེས་བོད་རིགས། ཧི་མ་ལ་ཡའི་རི་རྒྱུད་བཅས་ཀྱི་སེར་སྐྱ་ ༡༣༠༠༠༠ ཙམ་བྱུང་ཡོད།
༼ བཅོ་ལྔ། ༽
ཕྱི་ལོ་ ༡༩༩༡ ཟླ་ ༡༠ པར་ཨ་རིའི་ནེའུ་ཡོག་ཏུ་བསྩལ་ཡོད་ཡོད། སྦྱིན་བདག་ཀུན་ཁྱབ་ཐར་འདོད་གླིང་ཆོས་ཚོགས་དང༌ཕྱི་གླིང་བ་རི་ཅར་ཌི་གྷི་ཡར། བོད་རིགས་སྙན་གྲགས་སོགས་ཡིན། ཆོས་ཞུ་བ་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་དང༌སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། བསྟན་དགའ་རིན་པོ་ཆེ། བླ་ཏི་རིན་པོ་ཆེ། བོན་གྱི་སློབ་དཔོན་བསྟན་འཛིན་རྣམ་དག་སོགས་ཕྱི་ནང་མི་རིགས་སུམ་སྟོང་ ༣༠༠༠ ཙམ་བྱུང་ཡོད།
༼ བཅུ་དྲུག ༽
ཕྱི་ལོ་ ༡༩༩༢ ཟླ་ ༨ པར་ཧི་མ་ཅལ་ཁུ་ནུ་རི་ཀོང་པིའུ་ཞེས་པར་བསྩལ་ཡོད། སྦྱིན་བདག་ཁུ་ནུ་ནང་པའི་ཆོས་ཚོགས་ཡིན། ཆོས་ཞུ་བ་ཆོས་གོན་རིན་པོ་ཆེ་དང་དགའ་བཤད་སྒྲུབ་སྤྲུལ་སྐུ་གཙོས་པའི་སེར་སྐྱ་ ༢༠༠༠༠ ལ་ཉེ་བ་བྱུང་ཡོད།
༼ བཅུ་བདུན། ༽
ཕྱི་ལོ་ ༡༩༩༣ ཟླ་ ༤ པར་འབྲས་ལྗོངས་སྒང་ཏོག་ཏུ་བསྩལ་ཡོད། སྦྱིན་བདག་འབྲས་ལྗོངས་མངའ་སྡེའི་གཞུང༌ཡིན། ཆོས་ཞུ་བ་ཁལ་ཁ་རྗེ་བཙུན་དམ་པ་དང༌སྟག་ལུང་ཞབས་དྲུང་རིན་པོ་ཆེ། མཚུར་ཕུ་རྒྱལ་ཚབ་རིན་པོ་ཆེས་གཙོས་གྲྭ་བཙུན་སྔགས་གསུམ་དང་། ཡུལ་མི་དང་བོད་མི་བཅས་སེར་སྐྱ་ ༡༠༠༠༠༠ ལ་ཉེ་བ་བྱུང་ཡོད།
༼ བཅོ་བརྒྱད། ༽
ཕྱི་ལོ་ ༡༩༩༤ ཟླ་ ༧ པར་ཧི་མ་ཅལ་གར་ཤ་སྐྱིད་ལུང་བྱེས་པ་རུ་བསྩལ་ཡོད། སྦྱིན་བདག་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་དང༌གར་ཤ་མི་མང་ཐུན་མོང༌གིས་གནང་ཡོད། ཆོས་ཞུ་བ་ལོ་ཆེན་རིན་པོ་ཆེ་དང༌མཁྲེག་རྩེ་རིན་པོ་ཆེ། བཀའ་འགྱུར་རིན་པོ་ཆེ། སྟག་ཚང་རིན་པོ་ཆེས་གཙོས་སེར་སྐྱ་ ༣༠༠༠༠ ཙམ་བྱུང་ཡོད།
༼ བཅུ་དགུ། ༽
ཕྱི་ལོ་ ༡༩༩༤ ཟླ་ ༡༢ པར་ཨིསི་སྤེན་སྦར་སི་ལོ་ན་རུ་བསྩལ་ཡོད། སྦྱིན་བདག་ཨིསི་སྤེན་དུས་འཁོར་གྲ་སྒྲིག་ཚོགས་ཆུང༌ཡིན། ཆོས་ཞུ་བ་ ༣༠༠༠ བརྒལ་བ་བྱུང་ཡོད།
༼ ཉི་ཤུ། ༽
ཕྱི་ལོ་ ༡༩༩༥ ཟླ་ ༡ པོར་མོན་གྷོ་འདོད་རྒུ་གླིང་དུ་བསྩལ་ཡོད། སྦྱིན་བདག་མོན་གྷོ་སེར་སྐྱ་མི་མང་དང༌རྒྱལ་གཅེས་བཙན་རྒོལ་འཐབ་གྲོགས་སྒྲིག་འཛུགས་གཉིས་ཡིན། ཆོས་ཞུ་བ་དགའ་ལྡན་ཁྲི་རིན་པོ་ཆེ་འཇམ་དཔལ་གཞན་ཕན་མཆོག་དང༌ཤར་བྱང་གི་ཆོས་རྗེ་རྣམ་གཉིས། གདན་སའི་མཁན་ལས་ཟུར་བཅས་སེར་སྐྱ་ ༥༠༠༠༠ ལྷག་བྱུང་ཡོད།
༼ ཉེར་གཅིག ༽
ཕྱི་ལོ་.༡༩༩༥ ཟླ་ ༨ པར་སོག་པོའི་རྒྱལ་ས་ཨུ་ལན་བྷ་ཊོ་རུ་བསྩལ་ཡོད། སྦྱིན་བདག་སོག་ཡུལ་དགའ་ལྡན་དགོན་དང༌སེར་སྐྱ་མི་མང་ཐུན་མོང༌གིས་གནང་ཡོད། ཆོས་ཞུ་བ་དགའ་ལྡན་དགོན་པའི་མཁན་པོ་གཙོས་སེར་སྐྱ་ ༣༠༠༠༠ ཙམ་བྱུང་ཡོད།
༼ ཉེར་གཉིས། ༽
ཕྱི་ལོ་.༡༩༩༦ ཟླ་ ༦ པར་ཧི་མ་ཅལ་སྤི་ཏི་རྟ་པོ་དགོན་དུ་བསྩལ་ཡོད། སྦྱིན་བདག་རྟ་པོ་དགོན་ཡུལ་ཐུན་མོང༌གིས་གནང་ཡོད། ཆོས་ཞུ་བ་བྱང་རྩེ་མཁན་པོ་དང༌ལོ་ཆེན་རིན་པོ་ཆེ། གསེར་ཀོང་མཚན་ཞབས་མཆོག་སྤྲུལ། བཀའ་འགྱུར་རིན་པོ་ཆེ། ཆོས་མགོན་རིན་པོ་ཆེ་བཅས་སེར་སྐྱ་ ༢༠༠༠༠ ཙམ་བྱུང་ཡོད།
༼ ཉེར་གསུམ། ༽
ཕྱི་ལོ་ ༡༩༩༦ ཟླ་ ༩ པའི་ནང་སིཊ་ནི་རུ་བརྩལ་ཡོད། སྦྱིན་བདག་ཨོ་སི་ཊི་ལི་ཡའི་སྐུ་ཚབ་དོན་གཅོད་ཁང་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང༌གིས་གནང་ཡོད། ཆོས་ཞུ་བ་བོད་པ་དང༌ཡུལ་མི། རྒྱ་རིགས་བཅས་མི་མང་ ༣༠༠༠ ཙམ་བྱུང་ཡོད།
༼ ཉེར་བཞི། ༽
ཕྱི་ལོ་ ༡༩༩༦ ཟླ་ ༡༡ པར་ནུབ་བྷན་གྷལ་མངའ་ཁུལ་ས་ལུ་སྒར་དུ་བསྩལ་ཡོད། སྦྱིན་བདག་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་དང༌ཀ་རྡོར་སྒང་གསུམ། ས་ལུ་སྒར་ཁུལ་གྱི་ནང་པ་ཐུན་མོང་བཅས་ཀྱིས་གནང་ཡོད། ཆོས་ཞུ་བ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང༌འབྲུག་པ་ཐུགས་སྲས་རིན་པོ་ཆེ། ཀ་ལུ་རིན་པོ་ཆེ། གསེར་ཀོང་མཚན་ཞབས་དང་རྡོ་རྗེ་འཆང༌། མཚུར་ཕུ་རྒྱལ་ཚབ་རིན་པོ་ཆེ་བཅས་སེར་སྐྱ་ ༢༠༠༠༠༠ ཉེ་བ་བྱུང་ཡོད།
༼ ཉེར་ལྔ། ༽
ཕྱི་ལོ་ ༡༩༩༩ ཟླ་ ༨ པར་ཨ་རི་ཨིན་ཌི་ཡ་ན་རུ་བསྩལ་ཡོད། སྦྱིན་བདག་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་གི་རིག་གཞུང་ལྟེ་གནས་ཁང༌ཡིན། ཆོས་ཞུ་བ་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་མཆོག་དང༌དགའ་ལྡན་ཁྲི་རིན་པོ་ཆེ་བློ་བཟང་ཉི་མ། འབྲི་གུང་ཆེ་ཚང་རིན་པོ་ཆེ། བོན་གྱི་སྨན་རི་ཁྲི་འཛིན་སངས་རྒྱས་བསྟན་འཛིན། རྫ་རོང་འཁྲུལ་ཞིག་རིན་པོ་ཆེ་བཅས་མི་སེར་སྐྱ་ ༤༠༠༠ ཙམ་བྱུང་ཡོད།
༼ ཉེར་དྲུག ༽
ཕྱི་ལོ་ ༢༠༠༠ ཟླ་ ༨ པར་ཧི་མ་ཅལ་སྤི་ཏི་དཀྱིལ་དགོན་པ་རུ་བསྩལ་ཡོད། སྦྱིན་བདག་སྤི་ཏི་དཀྱིལ་ཡུལ་དགོན་ཐུན་མོང་གིས་གནང་ཡོད། ཆོས་ཞུ་བ་ཀཿཐོག་དགེ་རྩེ་རིན་པོ་ཆེ་དང༌བྱང་རྩེ་ཆོས་རྗེ་རི་རྫོང་རིན་པོ་ཆེ། ལོ་ཆེན་རིན་པོ་ཆེ། གསེར་ཀོང་མཚན་ཞབས་རིན་པོ་ཆེ། ངོར་ཁང་གསར་མཆོག་སྤྲུལ། རྣམ་གྲྭ་མཁན་པོ་བྱ་དོ་རིན་པོ་ཆེ། སེར་བྱེས་བྲག་རི་རིན་པོ་ཆེ། ཁྱེའུ་རིག་འཛིན་ཆེན་མོ་བཅས་སེར་སྐྱ་ ༢༥༠༠༠ བརྒལ་བ་བྱུང་ཡོད།
༼ ཉེར་བདུན། ༽
ཕྱི་ལོ་ ༢༠༠༢ ཟླ་ ༡༠ པར་ཨོ་སི་ཊི་རི་ཡའི་གྲོང་ཁྱེར་གྷརཱ་ཛ་རུ་བསྩལ་ཡོད། སྦྱིན་བདག་ཨོ་སི་ཊི་རི་ཡ་བཤད་སྒྲུབ་གླིང་ཆོས་ཚོགས་དང༌གྲོང་ཁྱེར་མི་མང་ཐུན་མོང༌གིས་གནང་ཡོད། ཆོས་ཞུ་བ་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་དང༌དགའ་ལྡན་ཁྲི་རིན་པོ་ཆེ་བློ་བཟང་ཉི་མ། འབྲི་གུང་ཆེ་ཚང་རིན་པོ་ཆེ། ཞེ་ཆེན་རབ་འབྱམས་རིན་པོ་ཆེ། བོན་གྱི་མཁན་པོ་བསྟན་འཛིན་རྣམ་དག་སོགས་སེར་སྐྱ་ ༡༠༠༠༠ བརྒལ་བ་བྱུང་ཡོད།
༼ ཉེར་བརྒྱད། ༽
ཕྱི་ལོ་ ༢༠༠༣ ཟླ་ ༡ པར་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་ཡོད། སྦྱིན་བདག་ཆོལ་གསུམ་མཉམ་སྦྲེལ་སྒྲིག་འཛུགས་དང་བོད་ཀྱི་གཞོན་ནུ་ཚོགས་པ། གློ་སྒྲིག་འཛུགས། མང་ཡུལ་སྐྱིད་གྲོང་སྐྱིད་སྡུག འཕན་པོ་ཕུན་ཚོགས་དབང་རྒྱལ། གམ་པ་ཇོ་ལགས་རྟ་དབང༌། གཞིས་རྩེ་བདེ་བསམ་རྡོ་རྗེ། ཚ་བ་རོང་པ་བཀྲ་ཤིས་ཟླ་བ། གཉའ་ནང་ངག་དབང་རྣམ་རྒྱལ། ཏྲེ་ཧོར་ཐུབ་བསྟན་དཔལ་འབྱོར། སྐྱིད་གྲོང་པ་སངས་ཚེ་རིང༌། སྨར་ཁམས་ལྷ་ཕྲུག་ཚེ་རིང༌། སུད་སི་ནས་ཚེ་རིང་དོན་གྲུབ། ཆ་ཕྲེང་བློ་བཟང་ཚུལ་ཁྲིམས། སུད་སྡོད་ཚེ་རིང་སྟོབས་རྒྱལ་དང་ཚེ་རིང་སྒྲོལ་མ། ཕག་རི་སྤེན་པ་ཚེ་རིང༌། ཨ་མདོ་འཇམ་དབྱངས་འཕེལ་རྒྱས་སོགས་ཀྱིས་གནང་ཡོད། ཆོས་ཞུ་བ་དཔལ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ་ལུང་རིག་རྣམ་རྒྱལ། གྲུབ་དབང་པད་ནོར་རིན་པོ་ཆེ། ཀཿཐོག་དགེ་རྩེ་རིན་པོ་ཆེ། ཤར་བྱང་ཆོས་རྗེ་རྣམ་གཉིས། དགའ་ཁྲ་འགུ་རིན་པོ་ཆེ། གླིང་རིན་པོ་ཆེ། ཀུན་བདེ་གླིང༌། ལྕང་སྐྱ། འཇམ་མགོན་ཀོང་སྤྲུལ། ཀ་ལུ་རིན་པོ་ཆེ། འབོ་དཀར་རིན་པོ་ཆེ། བླ་མ་བཟོད་པ་རིན་པོ་ཆེ། ཨཀྱཱ་རིན་པོ་ཆེ། སོག་པོ་ཛ་ཡ་པཎ་ཌི་ཏ་སོགས་སེར་སྐྱ་ཉིས་འབུམ་ ༢༠༠༠༠༠ བརྒལ་བ་བྱུང་ཡོད།
༼ ཉེར་དགུ། ༽
ཕྱི་ལོ་ ༢༠༠༤ ཟླ་ ༤ པར་ཁེ་ན་ཌ་ཊོ་རོང་ཊོ་རུ་བསྩལ་ཡོད། སྦྱིན་བདག་ཁེ་ན་ཌ་ཊོ་རོང་ཊོ་བོད་རིགས་སྤྱི་མཐུན་ཚོགས་ཡིན། ཆོས་ཞུ་བ་བྱང་རྩེ་མཁན་པོ་བློ་བཟང་ཚེ་འཕེལ་དང༌། སེར་སྨད་མཁན་པོ་བློ་བཟང་འཇམ་དབྱངས། ཀཿཐོག་མཁན་པོ་འགྱུར་མེད་འཕྲིན་ལས་གཙོས་སེར་སྐྱ་ ༨༠༠༠ ཙམ་བྱུང་ཡོད།
༼ སུམ་ཅུ། ༽
ཕྱི་ལོ་ ༢༠༠༦ ཟླ་ ༡ པོར་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་བསྩལ་ཡོད། སྦྱིན་བདག་ཉི་ཧོང་སྦུ་ཤོ་ཀ་ཆོས་ཚོགས་གཙོ་གྱུར་ཐེ་ཝན་གནས་སྡོད་སྒོ་མང་དགེ་བཤེས་བསྟན་འཛིན་མི་ཕམ། ཐེ་ཝན་ཐེག་ཆེན་ཆོས་གླིང་གི་ཚོགས་གཙོ་ལི་ཤུང་ལི་བཟའ་མི། ཨ་རི་བ་ཌོག་ཀྲར་དགེ་སློང་སྦེ་རི། སུད་སིར་གནས་སྟོད་གཉའ་ནང་ཚུལ་ཁྲིམས་སྒྲོལ་མ་དང༌། ལས་ལུང་ཚ་བ་བསྟན་འཛིན་ཁྱིམ་ཚང༌། ཚ་བ་རོང་པ་བཀྲ་ཤིས་ཟླ་བ། ལྷ་ས་བ་བསོད་ནམས་སྒྲོལ་མ། ལྷ་ས་བ་དགེ་སློང་བློ་བཟང་བསྟན་འཛིན། གཞུང་ཞབས་བློ་བཟང་ཡོན་ཏན་སོགས་ཡིན། ཆོས་ཞུ་བ་ཁལ་ཁ་རྗེ་བཙུན་དམ་པ་དང༌བྱང་རྩེ་ཆོས་རྗེ་རི་རྫོང་རིན་པོ་ཆེ། ཤར་པ་ཆོས་རྗེ་བློ་བཟང་བསྟན་འཛིན། གླིང་རིན་པོ་ཆེ། ཀུན་བདེ་གླིང་རིན་པོ་ཆེ། སྔགས་འཆང་འོད་གསལ་རྡོ་རྗེ་རིན་པོ་ཆེ། གསེར་ཀོང་མཚན་ཞབས། ལྕང་སྐྱ་རིན་པོ་ཆེ། ནམ་མཁའི་སྙིང་པོ་རིན་པོ་ཆེ། ཇོ་ནང་མཁན་པོ་སོགས་སེར་སྐྱ་ ༡༠༠༠༠༠ བརྒལ་བ་བྱུང་ཡོད།
༼ སོ་གཅིག ༽
ཕྱི་ལོ་ ༢༠༡༡ ཟླ་ ༧ པར་ཨ་རིའི་ས་ཝཱ་ཤིན་ཊོན་དུ་བསྩལ་ཡོད། སྦྱིན་བདག་ཨ་རིའི་རྒྱལ་ས་མངའ་ཁུལ་བོད་རིགས་སྤྱི་མཐུན་ཚོགས་པ་ཡིན། ཆོས་ཞུ་བ་དཔལ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང༌སྟག་ལུང་མ་སྤྲུལ་རིན་པོ་ཆེ། ཀཿཐོག་དགེ་རྩེ་རིན་པོ་ཆེ། བྱང་རྩེ་ཆོས་རྗེ་རྒན་གྲུབ་ཐོབ། གསེར་ཀོང་རྡོ་རྗེ་འཆང༌། བན་འབྲོག་ཆུ་བཟང་རིན་པོ་ཆེ། རྒྱུད་སྨད་མཁན་ཟུར་སྒོ་སོག་རིན་པོ་ཆེ་དང་འཕྲིན་ལས་སྟོབས་རྒྱལ། སེར་སྨད་མཁན་ཟུར་བློ་བཟང་འཇམ་དབྱངས། བྱང་རྩེ་མཁན་ཟུར་བློ་བཟང་ཚེ་འཕེལ། རྣམ་གྲྭ་མཁན་ཟུར་རྒན་དབང་གྲགས་དང་བྱ་དོ་རིན་པོ་ཆེ། ཨཀྱཱ་རིན་པོ་ཆེ། སེར་བྱེས་བྲག་རི་རིན་པོ་ཆེ་སོགས་སེར་སྐྱ་ ༡༢༠༠༠ བརྒལ་བ་བྱུང་ཡད།
༼ སོ་གཉིས་པ། ༽
ཕྱི་ལོ་ ༢༠༡༢ ཟླ་ ༡ པོར་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་ཡོད། སྦྱིན་བདག་གཙོ་བོ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་འདས་པོ་རྡོ་རྗེ་མཁའ་འགྲོ་མཆོག་གི་ནང་མིས་གཙོས་པའི་སྦྱིན་བདག་ཁག་སུམ་ཅུ་སོ་གྲངས་ཤིག་ཡོད་འདུག་ལ། གོ་སྒྲིག་ཚོགས་ཆུང་གིས་བརྗོད་པ་ལྟར་ན། ཐེངས་འདིར་ཆོས་ཞུ་བ་བོད་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམ་པའི་གཙོས་པའི་སེར་སྐྱ་ཉིས་འབུམ་ ༢༠༠༠༠༠ ལྷག་འཛོམ་རྒྱུ་ཡིན་ཚུལ་ངོ་སྤྲོད་གནང་སོང་།
༼ སོ་གསུམ་པ། ༽
༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༣ པ་དེ་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༣ ནས་ ༡༣ ཉིན་བར། ལ་དྭགས་རྒྱལ་ས་སླེའི་ཞི་བའི་ཚལ་ཕོ་བྲང་མདུན་ཐང་དུ་བསྩལ་ཡོད་པ་དང་། སྐབས་དེར་བོད་ཕྱི་ནང་གཉིས་དང་འཛམ་གླིང་ཡུལ་གྲུ་ཁག་ནས་ཆོས་ཞུ་བ་ ༡༥༠༠༠༠ ལྷག་འཛོམས་ཡོད། སྐབས་དེའི་སྦྱིན་བདག་གཙོ་བོ་ལ་དྭགས་ནང་ཚོགས་དང་དགོན་ཚོགས། ཇོ་ནང་ཆོས་བརྒྱུད། ཀོང་པོ་གཞིས་བྱེས་བཅས་ཡིན་པ་དང་། དུས་དབང་མཇུག་རྫོགས་པའི་ཉིན་དེར་སྦྱིན་བདག་ཚོས་བྱུང་སོང་བསྡད་གསུམ་རྩིས་ཁྲ་གསལ་བསྒྲགས་སྤེལ་བའི་ནང་། ཚུར་བྱུང་བ་༡༢༣༢༠༡༣༡༣ དང་ཕར་སོང་བ་ ༡༡༦༦༧༤༨༧༠ ། ཤུལ་དུ་ལྷག་དངུལ་ ༦༤༢༦༥༠༦ བཅས་ཆགས་ཡོད་འདུག
རྣམ་སྤེལ་ཚང་བློ་བཟང་སྦྱིན་པ་ལགས་ཀྱིས་ཕྱོགས་བསྒྲིགས་གནང་བའི་༼ དཔལ་དུས་ཀྱི་འཁོར་ལོ་ངོ་སྤྲོད ༽ ཅེས་པ་ལས་བསྡུ་སྒྲིག་བྱས།
…………………………………………………………………………………………..
ཁྱོད་ཀྱིས་དུས་འཁོར་དབང་ཆེན་ཞུ་དགོས་པའི་རྒྱུ་མཚན་གང་ཡིན།
འདི་གའི་གསར་འགོད་པས་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་བྱ་ཏོ་རིན་པོ་ཆེ་མཆོག་ལ་དུས་འཁོར་དབང་ཆེན་གྱི་ནང་དོན་དང་དབང་ཞུས་པའི་ཕན་ཡོན་སྐོར་ལ་བཅར་འདྲི་ཞུས།
དྲི་བ། སྟོན་པ་ཤཀྱཱ་ཐུབ་པའི་འཁྲུངས་ཡུལ་དང་དུས་འཁོར་རྩ་རྒྱུད་གསུངས་ཡུལ་རྒྱ་གར་ནང་ཡིན་ཡང་། ད་ཆར་རྒྱ་གར་བའི་ཁྲོད་དུ་ནང་པ་དེ་ཙམ་དར་ཁྱབ་མེད་པ་དང་། ལྷག་པར་དུ་དུས་འཁོར་དབང་ཆེན་གསུངས་པའི་ལམ་སྲོལ་མེད་དོན་ཅི་ཡིན།
ལན། འཛམ་གླིང་ཡོངས་གྲགས་ཀྱི་ལོ་རྒྱུས་གཞིར་བཟུང་བྱས་ན། ལོ་ ༢༦༠༠ ཡས་མས་ནང་སྟོན་པ་ཤཀྱཱ་ཐུབ་པ་ལུམྦི་ནིར་སྐུ་འཁྲུངས་ཤིང་རྡོ་རྗེ་གདན་དུ་སངས་རྒྱས་པ་རེད། ཝ་ར་ཎ་སིར་ཆོས་ཀྱི་འཁོར་ལོ་ཐོག་མ་དང་། བྱ་རྒོད་ཕུང་བོ་རིར་གཉིས་པ། ཡངས་པ་ཅན་དུ་གསུམ་པ་བཅས་བསྐོར་བ་རེད། ཝ་ར་ཎ་སིར་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བ་དེ་ཐེག་པ་ཆེ་ཆུང་ཡོངས་རྫོགས་ཀྱིས་ཁས་ལེན་པ་ཞིག་རེད། བྱ་རྒོད་ཕུང་པོ་རིར་ཐེག་པ་ཆེན་པོའི་ཆོས་འཁོར་བསྐོར་བ་རེད་ཟེར་བ་འདི་འཛམ་གླིང་ཡོངས་གྲགས་ཀྱི་སྐད་ཆ་ཞིག་མ་རེད་ལ། ཡངས་པ་ཅན་དུ་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་བ་དེའང་ཡོངས་གྲགས་ཤིག་མ་རེད། གདུལ་བྱ་ཁྱད་པར་ཅན་ཉུང་ཤས་ཤིག་ལ་ཆོས་འཁོར་གཉིས་པ་དང་གསུམ་པ་བསྐོར་བ་ཡིན་ས་རེད། དེ་བས་ཀྱང་ཟབ་མོ་རྡོ་རྗེ་ཐེག་པ་སྔགས་ཀྱི་སྐོར་དེ་གདུལ་བྱ་ཆེས་ཉུང་ཤས་ཤིག་ལ་གསུངས་པ་ཏན་ཏན་རེད། དུས་འཁོར་ནང་ལྟར་བྱས་ན། སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་ཟླ་བ་ ༡༢ ཀྱི་རྗེས་ལ། རྒྱ་གར་ལྷོ་ཕྱོགས་ཨ་མར་ཝ་ཏི་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་རྩ་རྒྱུད་ཐོག་མར་གསུངས་པ་རེད། འོན་ཀྱང་དེང་སྐབས་རྒྱ་གར་ལ་ནང་པའི་བསྟན་པ་དར་ཁྱབ་ཆེན་པོ་མེད་པ་དེ་ལོ་རྒྱུས་ཐོག་རྒྱ་གར་དུ་ནང་པའི་བསྟན་པར་འགོག་རྐྱེན་མང་པོ་བྱུང་བ་རེད། དཔལ་ན་ལནྚར་མཚོན་ན་སྔོན་ཆད་དགེ་འདུན་པ་ཁྲི་ཕྲག་གི་བསྟི་གནས་ཡིན་ཡང་། དེང་སྐབས་གྱང་རོ་འགའ་ལས་མཇལ་རྒྱུ་མེད་པ་དེ་རེད།
དྲི་བ། སྟོན་པ་ཤཀྱཱ་ཐུབ་པའི་འཁྲུངས་འདས་དང་སངས་རྒྱས་པ། ཆོས་འཁོར་བསྐོར་བ་སོགས་ཀྱི་ལོ་ཚིགས་ལ་དཔྱད་ན་དུས་འཁོར་རྩ་རྒྱུད་འདི་སྟོན་པ་རང་གི་གསུང་ཡིན་མིན་གྱི་བཤད་ཚུལ་ཞིག་ཡོད་པ་དེ་གང་འདྲ་རེད།
ལན། ལོ་རྒྱུས་སྨྲ་བ་ཚོས་བཤད་པ་དེ་དང་། ཐུན་མོང་མ་ཡིན་པའི་བྱུང་བ་གཉིས་མ་མཐུན་པ་ཡོང་གི་རེད། ངས་དཔེ་མཚོན་ཞིག་ཞུས་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་བསྟན་ནང་། ང་མྱ་ངན་ལས་འདས་པའི་འོག་ཏུ་ལོ་ ༤༠༠ ན། དགེ་སློང་ཀླུ་ཡི་མིང་ཅན་ཞིག་ཡོང་སྟེ་ངའི་སངས་རྒྱས་ཀྱི་བསྟན་པ་སྤེལ་གི་རེད་ཅེས་གསུངས་ཡོད། འོན་ཀྱང་དཔལ་ན་ལནྚ་ཆགས་རབས་ཀྱི་ལོ་རྒྱུས་ནང་བལྟས་ན། སྤྱི་ལོའི་དུས་རབས་མགོ་བཙུགས་ཙམ་ཡིན་པ་འདྲ་བོ་ཞིག་བྲིས་ཡོད། སྟོན་པའི་ལུང་བསྟན་ལྟར་ན་སྤྱི་ལོའི་དུས་རབས་མ་བྱུང་གོང་ལ་ན་ལནྚ་ཚུགས་ཚར་བ་ཞིག་དགོས་ཀྱི་ཡོད། གང་ཡིན་ཟེར་ན་འཕགས་པ་ཀླུ་སྒྲུབ་སྐུ་བལྟམས་ཏེ་ན་ལནྚའི་མཁན་པོ་སྒྲ་གཅན་འཛིན་གྱི་མདུན་དུ་འཆི་མེད་ཚེ་ཡི་དངོས་གྲུབ་ཚེ་དབང་ཞུས་བ་དང་རབ་ཏུ་བྱུང་བ་སོགས་ཀྱི་ལོ་རྒྱུས་ཡོད། དེ་ལྟར་བྱས་ན་མགོན་པོ་ཀླུ་སྒྲུབ་མ་འཁྲུངས་གོང་ནས་ན་ལནྚ་ཡོད་དགོས་པ་དང་ན་ལནྚའི་མཁན་པོ་ཡང་ཡོད་དགོས་པ་ཞིག་རེད། དེར་བརྟེན། ལོ་རྒྱུས་སྨྲ་བའི་བཤད་སྟངས་དང་ཐུན་མོང་མ་ཡིན་པའི་གནས་ཚུལ་གཉིས་གཞི་གཅིག་ཏུ་སྦྲགས་རྒྱུ་ཁག་པོ་ཡོད་པ་རེད།
དེ་བཞིན། དུས་འཁོར་རྒྱུད་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་རེད་ཟེར་བའི་སྐད་ཆ་ཞིག་ཡོད་པ་རེད། དཔེར་ན། ཐེག་པ་ཆེན་པོའི་ཆོས་སྟོན་པའི་གསུང་པ་མ་རེད་ཟེར་བ་དང་སྔགས་སྟོན་པའི་གསུང་མ་རེད་ཟེར་བ་ལྟ་བུ་རེད། དེ་ནི་ཐུན་མོང་གི་ལོ་རྒྱུས་ནང་མེད་པ་གཞི་རྩར་འཛིན་གྱི་ཡོད། ཐུན་མོང་གི་ལོ་རྒྱུས་ནང་མེད་པ་ཙམ་གྱིས་མེད་པས་ཁྱབ་ཐུབ་པ་མ་རེད། གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་མང་པོ་ཡོད། སངས་རྒྱས་བཅོམ་ལྡན་འདས་ཟླ་དྲུག་རིང་སུམ་ཅུ་རྩ་གསུམ་གྱི་གནས་སུ་ཕེབས་པ་རེད་ཟེར་བ་དེ་ཡང་ཐུན་མོང་གི་ལོ་རྒྱུས་ནང་ཡིད་ཆེས་པ་ཁག་པོ་རེད། ཐུན་མོང་གི་ལོ་རྒྱུས་ནང་མི་གསལ་བ་མང་པོ་ཞིག་ཐུན་མོང་མ་ཡིན་པའི་མཛད་པའི་ཐོག་ནས་ཡོང་ཆོག་གི་རེད། དུས་འཁོར་རྒྱུད་སྟོན་པའི་གསུང་ཡིན་པར་ཁུངས་ཇི་ལྟར་བསྐྱལ་དགོས་ཟེར་ན། སྟོན་པས་ཝ་ར་ཎ་སིར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་སྐོར་བའི་རྣམ་བཞག་དེ་ལ་འགལ་འདུ་ཁྱོན་ནས་མེད་པར། དེའི་བརྗོད་བྱ་ཡོངས་རྫོགས་དུས་འཁོར་རྒྱུད་ནང་ཚང་ཡོད་སྟབས། དུས་འཁོར་འདི་སྟོན་པའི་ཆོས་ཚུལ་དྲི་མ་མེད་པ་ཞིག་ཡིན་པ་གསལ་བོ་རེད།
དྲི་བ། ནང་བསྟན་ཆོས་ལུགས་ནང་དབང་ལུང་མན་ངག་མང་པོ་གནང་སྲོལ་ཡོད་ཀྱང་། དུས་འཁོར་དབང་ཆེན་འདི་རྩ་ཆེ་ཤོས་སུ་བརྩི་དོན་གང་ཡིན་པ་དང་། དུས་འཁོར་དབང་ཆེན་ཞུས་པའི་ཕན་ཡོན་གཙོ་བོ་གང་ཡིན།
ལན། སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུར་སངས་རྒྱས་ཀྱི་སྐུ་དང་ཐུགས་གཉིས་བསྒྲུབ་བྱ་ལྟེ་བ་རེད། ཐ་མལ་བའི་ལུས་དང་སེམས་གཉིས་མ་དག་པ་རེད། དེ་སྦྱངས་ཏེ་དག་པར་བྱེད་པ་ལ་སངས་རྒྱས་ཀྱི་སྐུ་ཐུགས་གཉིས་བསྒྲུབ་དགོས། སངས་རྒྱས་ཀྱི་སྐུ་ཐུགས་ཟུང་འཇུག་གི་གནས་མཐར་ཐུག་པ་དེ་བསྒྲུབ་པར་དུས་འཁོར་རྒྱུད་འདི་གསལ་ཤོས་རེད། འདི་ལ་ཀུན་གྱིས་བསྔགས་བརྗོད་གནང་གི་ཡོད། བླ་མེད་རྒྱུད་སྡེ་གཞན་དག་དེ་ཚོར་ཟུང་འཇུག་སྐོར་སྦེད་ནས་གསུངས་ཡོད། གཉིས་པ། ང་ཚོའི་འཛམ་གླིང་འདི་དང་ཐག་ཉེ་ཤོས་དང་འབྲེལ་བ་ཆེ་ཤོས་དེ་བྱང་ཕྱོགས་ཤམ་བྷ་ལ་རེད་ཟེར་གྱི་ཡོད། བྱང་ཕྱོགས་ཤམ་བྷ་ལ་དེ་དུས་འཁོར་གྱིས་མཉམ་བཞག་གནང་ཡུལ་གྱི་དག་ཞིང་དེ་རེད། ང་ཚོས་དུས་འཁོར་དབང་ཞུ་པ་དང་དེ་ཉམས་ལེན་བྱས་ན། སྐྱེས་པ་ཕྱི་མར་ཤམ་བྷ་ལ་ནས་སྐྱེས་པ་དང་། ད་ལྟའི་སྙིགས་མའི་རྒུད་ཚོགས་ཐམས་ཅད་ཞི་ནས་རྫོགས་ལྡན་གསར་པ་ཞིག་དང་། བཀྲ་ཤིས་པའི་དུས་རབས་གསར་པ་ཞིག་འཆར་བར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།
དྲི་བ། བོད་པའི་ཆོས་ལུགས་ཆོས་བརྒྱུད་གཞན་དག་ལ་དུས་འཁོར་དབང་ཆེན་གསུང་པའི་ལམ་སྲོལ་ཡོད་མེད་དང་། ཡོད་ན་རྣམ་པ་དང་ངོ་བོ་གང་འདྲ་ཡིན་ནམ།
ལན། དུས་ཀྱི་འཁོར་ལོའི་དབང་རྡུལ་ཚོན་གྱི་ཐོག་ནས་འབྲི་བཞེངས་དང་། ས་གར་མཆོད་གར་སོགས་ཆོ་ག་རྒྱས་ཤོས་ཀྱི་ཐོག་ནས་དུས་འཁོར་དབང་ཆེན་སྐུར་མཁན་དེ་ཕལ་ཆེར་དགེ་ལུགས་པ་མིན་འགྲོ་སྙམ། ༧གོང་ས་མཆོག་དང་པཎ་ཆེན་ཕྲེང་མང་པོ་ཞིག་གིས་གནང་ཡོད་པ་རེད། དེ་མིན་རས་བྲིས་ཀྱི་དཀྱིལ་འཁོར་ཐོག་ས་སྐྱ་གོང་མ་རིན་པོ་ཆེ་དང་ཇོ་ནང་གི་བླ་མ་མཁན་པོ་ཚོས་དུས་འཁོར་དབང་གསུང་གི་ཡོད། གཞན་རྙིང་མ་དང་ཀ་བརྒྱུད་སོགས་སུ་ཡང་ཡོད་རྒྱུ་རེད་བསམ།
དྲི་བ། དཔལ་རྒྱལ་བ་ཇོ་ནང་བ་འདི་དུས་འཁོར་ཉམས་བཞེས་ཐོག་དམིགས་བསལ་ཞིག་ཡིན་ཚུལ་གསུང་སྲོལ་ཡོད་པ་དེ་གང་འདྲ་རེད།
ལན། སྤྱིར་བཏང་དུས་འཁོར་རྩ་རྒྱུད་ལ་བདག་པོ་རྒྱག་མཁན་བུ་ལུགས་ཟེར་བ་ཞིག་དང་། ཇོ་ནང་ལུགས་ཟེར་བ་ཞིག་བྱུང་བ་རེད། ཇོ་ནང་ལུགས་ཀྱིས་དུས་འཁོར་རྫོགས་པའི་རིམ་པ་སྦྱོར་བ་ཡན་ལག་དྲུག་ཟེར་བའི་ཕྱག་ལེན་གྱི་རྒྱུད་དེ་ཁྲིད་པའི་རིམ་པ་ཙམ་མ་ཡིན་པར། ཉམས་བཞེས་སྦྱོང་བརྡར་བྱས་ཏེ་དཀར་ཁུང་ཁྱོན་ནས་མེད་པའི་ཁང་པ་ནག་ཁུང་ནང་མཚན་མོའི་རྣལ་འབྱོར་ཉམས་ལེན་བྱེད་པ་དང་། ཉིན་མོའི་རྣལ་འབྱོར་ཉམས་ལེན་བྱེད་པ་སོགས་སྦྱོར་དྲུག་གི་ཉམས་ལེན་བྱེད་པའི་ཕྱག་སྲོལ་རྒྱུན་བཟང་པོ་ཞིག་མགོ་ལོག་འཛམ་ཐང་ཕྱོགས་སུ་ད་ལྟའི་བར་མ་ནུབ་པར་ཡོད་ས་རེད། དེ་དག་ཉི་མ་གཅིག་གཉིས་ཀྱི་སྐད་ཆ་མིན་པར་ལོ་རབས་དང་དུས་རབས་བརྒྱུད་དེ་མྱོང་ཁྲིད་དང་དམར་ཁྲིད་ཀྱི་ཐོག་ནས་ཡོང་བ་ཞིག་རེད། དེར་བརྟེན་༧གོང་ས་མཆོག་གིས་ཀྱང་ཕྱག་སྲོལ་བཟང་བོ་དེ་དག་གི་རྒྱུན་མ་ཉམས་པར་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད་གསུང་གི་ཡོད་པ་རེད།
དྲི་བ། རྒྱ་ནག་དང་ཐའེ་ཝན། སིངྒ་པོར། ཐེ་ལན་ཌི། མ་ལེ་ཤི་ཡ་སོགས་ནང་ཆོས་དར་བའི་རྒྱལ་ཁབ་དག་ཏུ་དུས་འཁོར་དབང་ཆེན་གསུང་པའི་ལམ་སྲོལ་ཡོད་དམ།
ལན། བོད་བརྒྱུད་ནང་བསྟན་དེ་ཡུལ་ལུང་གཞན་ལ་དར་བའི་ནང་ཆོས་ལས་ཧ་ཅང་ཕྱུག་པོ་རེད་ཟེར་གྱི་ཡོད་པ་རེད། དེ་དོན་དངོས་དང་མཐུན་པ་ཞིག་རེད། དཔེར་ན། སོ་སོ་ཐར་བའི་འདུལ་བའི་སྐོར་དང་དགེ་ཚུལ་སློང་གི་སྡོམ་པའི་སྐོར། མངོན་པའི་གཞུང་སོགས་ཐའེ་ལན་ཌི་དང་འབར་མ། ཤི་རི་ལིངྒ་སོགས་ཀྱི་གནས་བརྟན་སྡེ་བའི་དགེ་འདུན་པ་དང་། པ་ལཱེ་སྐད་ཀྱི་ཐོག་ནས་སྡེ་སྣོད་གསུམ་ལ་སློབ་སྦྱོང་ཡོད་པའི་མཁས་པ་ཚོ་དང་མཉམ་དུ་གོ་བསྡུར་བྱས་ན་ཕན་ཚུན་རྩེ་མཐུན་ཡོང་གི་རེད། སྔགས་ཀྱི་ཐོག་ལ་རྒྱུད་སྡེ་འོག་མ་བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་རྒྱུད་སོགས་ཀྱི་སྐོར་ལ། བོད་བརྒྱུད་ནང་བསྟན་གྱི་ཐོག་ནས་ཉི་ཧོང་དང་ཐའེ་ཝན། ཀོ་རི་ཡ་སོགས་གསང་སྔགས་ཆོས་ལུགས་པ་དག་དང་གོ་བསྡུར་བྱས་ན། གོང་ལྟར་ཕན་ཚུན་ལ་ཡིད་ཆེས་གུས་བཀུར་བརྒྱ་ཆའི་བརྒྱ་ཐོབ་པ་ཞིག་རེད། འོན་ཀྱང་། ང་རང་གི་ཤེས་ཚོད་བྱས་ན། ཐེག་དམན་པ་ཟེར་ན་འདྲ། གནས་བརྟན་སྡེ་བའི་དགེ་འདུན་སྡེ་སྣོད་གསུམ་པ་བ་དེ་ཚོ་དང་། ཉི་ཧོང་དང་ཐའེ་ཝན། ཀོ་རི་ཡ་སོགས་སུ་མེད་པར། བོད་བརྒྱུད་ནང་བསྟན་ནང་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ནི། སྔགས་བླ་མེད་ཀྱི་ཆོས་སྐོར་གསང་བདེ་འཇིགས་གསུམ་དང་དུས་འཁོར། ཚད་མའི་གཞུང་སོགས་རེད་བསམ་གྱི་ཡོད། དེར་བརྟེན། ནང་ཆོས་དར་བའི་ཡུལ་ལུང་དེ་དག་ནང་དུས་འཁོར་དབང་ཆེན་བསྐུར་བའི་ལམ་སྲོལ་ཡོད་པ་ངས་དེ་སྔ་མཐོང་ཐོས་མ་བྱུང་།
དྲི་བ། དུས་འཁོར་དབང་ཆེན་ཞུ་མཁན་སློབ་མ་ཞིག་ལ་མཚོན་ན་ཐོག་མའི་ཆ་རྐྱེན་གང་དག་ཚང་དགོས་པ་དང་། དབང་ཞུས་པའི་རྗེས་སུ་སྲུང་བྱ་གང་དག་ཡོད་དམ།
ལན། དུས་འཁོར་དབང་ཆེན་ཞུ་མཁན་གྱི་སློབ་མར་དད་པ་དང་ཡིད་ཆེས་གལ་ཆེ་ཤོས་རེད། སློབ་མ་ཚོས་སོ་སོའི་ན་ཚ་སེལ་ཐབས་དང་བྱ་བ་ལམ་འགྲོ་ཡོང་ཐབས་ཙམ་གྱི་སྐད་ཆ་མ་རེད། མཐའ་ཡས་པའི་མ་གྱུར་སེམས་ཅན་ཐམས་ཅད་བསམ་པའི་སེམས་སྐྱེད་ཅིག་དང་། རང་ལས་གཞན་གཅེས་འཛིན་གྱི་བྱང་ཆུབ་སེམས། བརྩེ་བ་སྙིང་རྗེ་ཆེན་པོ་ཞིག་ལ་སེམས་པ་བཅོས་རྒྱུ་གལ་ཆེན་པོ་རེད། ནང་པ་སངས་རྒྱས་བའི་ཆོས་ཚུལ་གྱི་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ་རེད། དེ་འདྲའི་མཉམ་ལེན་གནང་མཁན་ཞིག་ཡིན་ན་དུས་འཁོར་དབང་ཞུ་བའི་སློབ་མའི་ཆ་རྐྱེན་ཚང་བ་རེད། དུས་དབང་ཞུས་པའི་རྗེས་ཀྱི་སྲུང་བྱ་གཙོ་བོ་ཡང་དེ་དག་རེད་བསམ་གྱི་ཡོད། དེ་འདྲ་ཞིག་བྱུང་ན་བྱང་ཆུབ་སེམས་པའི་སྡོམ་པ་དང་སྔགས་ཀྱི་སྡོམ་པའི་རྩ་བ་ཕལ་ཆེར་ཟིན་ཡོད་པ་རེད།
དྲི་བ། དུས་འཁོར་དབང་ཞུས་ན་སྐྱེ་བ་ཕྱི་མར་བྱང་ཕྱོགས་ཤམ་བྷ་ལ་རུ་སྐྱེ་ངེས་ཡིན་ཟེར་བ་དེ་གང་འདྲ་ཞིག་ལ་ཞུ་བཞིན་ཡོད་དམ།
ལན། སྤྱིར་འཛམ་བུ་གླིང་འདིར་གནས་ཁྱད་པར་ཅན་ལྔ་ཡོད་པར་གྲགས་པ་དག་ནི། དབུས་སུ་གནས་མཆོག་རྡོ་རྗེ་གདན་དང་། ཤར་ཕྱོགས་སུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞིང་རྒྱ་ནག་རི་བོ་རྩེ་ལྔ། ལྷོ་ཕྱོགས་སུ་འཕགས་པ་སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མའི་ཞིང་རི་བོ་པོ་ཏཱ་ལ་དང་གཡུ་ལོ་བཀོད། ནུབ་ཕྱོགས་སུ་ཨོ་རྒྱན་མཁའ་འགྲོའི་གླིང་། བྱང་ཕྱོགས་སུ་ཤམ་བྷ་ལ་བཅས་རེད། རྒྱ་གར་གྱི་པཎ་གྲུབ་ཆེན་པོ་དུས་ཞབས་པ་སོགས་ཀྱིས་རྗེ་བཙུན་སྒྲོལ་མ་ཉམས་བཞེས་གནང་ཞིང་། ལྷག་པའི་ལྷ་ཡི་ཏིང་ངེས་འཛིན་གྱི་ཐུན་མོང་མ་ཡིན་པའི་རྫུ་འཕྲུལ་དང་ནུས་པ་བསྒྲུབས་ཏེ་བྱང་ཕྱོགས་ཤམ་བྷ་ལར་དངོས་སུ་ཕེབས་ཏེ། རིག་ལྡན་གྱི་དྲུང་ནས་དུས་ཀྱི་འཁོར་ལོའི་དབང་ལུང་མན་ངག་དང་བཅས་པ་འཕགས་ཡུལ་ལ་གདན་འདྲེན་ཞུས་རྗེས། རྒྱུན་དེ་རིམ་གྱིས་བོད་དུ་དར་བ་རེད་ཟེར་བའི་ལོ་རྒྱུས་ཡོད། བོད་གངས་ཅན་ལྗོངས་སུ་ཡང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཚོན་པའི་སྐྱེས་བུ་དམ་པ་མང་པོ་རྫུ་འཕྲུལ་གྱི་བཀོད་པར་བརྟེན་ཏེ་བྱང་ཕྱོགས་ཤམ་བྷ་ལར་ཕེབས་པ་མ་ཟད་ལམ་ཡིག་ཅིག་ཀྱང་མཛད་ཡོད་པ་རེད། དུས་ཚོད་ཀྱི་ཆ་ནས་ཀྱང་སྟོན་པས་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་རྒྱུད་དང་པོ་གསུངས་སར་ཆེད་དུ་བཅར་བའི་གདུལ་བྱ་དེ་ཤམ་བྷ་ལའི་ཆོས་རྒྱལ་ཟླ་བ་བཟང་པོ་གཙོས་པའི་རྒྱལ་ཕྲན་ ༩༦ ཙམ་ཤམ་བྷ་ལ་ནས་ཚུར་ཕེབས་ཏེ་སྟོན་པའི་མདུན་ནས་དུས་འཁོར་རྒྱུད་ཞུས་པ་རེད། སྐབས་དེའི་རྒྱལ་བོ་ཟླ་བ་བཟང་པོ་ནས་རྩིས་པའི་ཆོས་རྒྱལ་བདུན་གྱི་བར་ཉམས་བཞེས་གནང་ཞིང་། རིགས་ལྡན་དང་པོ་འཇམ་དཔལ་གྲགས་པ་ནས་ད་ལྟའི་བར་རིགས་ལྡན་ཉེར་གསུམ་པར་བསླེབས་ཡོད། རྒྱལ་བོ་དེ་དག་མང་ཆེ་བ་ལོ་བརྒྱ་ལྷག་ལ་རྒྱལ་སར་བཞུགས་པ་རེད། ད་ལྟ་ང་ཚོས་སྨོན་ལམ་རྒྱག་ཡུལ་དེ་རིག་ལྡན་ཉེར་ལྔ་པ་རེད།
དྲི་བ། མ་འོངས་པར་བྱང་ཕྱོགས་ཤམ་བྷ་ལ་རུ་རིགས་ལྡན་དྲག་པོའི་འཁོར་ལོ་བསྐོར་ཏེ་ཀླ་ཀློའི་དཔུང་ཚོགས་བཅོམ་པ་རེད་ཟེར་བ་དེ་གང་འདྲ་ཞིག་ལ་ཟེར་གྱི་ཡོད།
ལན། སྐབས་དེའི་དམག་འཁྲུག་དེ་ད་ལྟའི་འཛམ་གླིང་གི་དམག་འཁྲུག་ལྟ་བུ་ཞིག་ལ་ཡིད་ཆེས་བྱེད་ཀྱི་མེད། གང་ཡིན་ཟེར་ན། ཤམ་བྷ་ལའི་རིགས་ལྡན་དྲག་པོའི་འཁོར་ལོས་བཅོམ་ཟེར་བ་དེ་ཕྱི་ལ་སྦྱར་རྒྱུ་དང་ནང་ལ་སྦྱར་རྒྱུ་སོགས་གསུངས་ཡོད། ནང་ལ་སྦྱར་རྒྱུ་དེ་གཟུགས་ཕུང་ནང་གི་རྩ་རླུང་ཐིག་ལེ་ལ་སྦྱོར་དགོས་སྟབས། དེང་གི་དམག་འཁྲུག་དེ་རྩ་རླུང་ཐིག་ལེ་ལ་སྦྱར་སྲོལ་མེད། རྫུ་འཕྲུལ་གྱི་བཀོད་པ་སྣ་ཚོགས་ཤིག་གི་ཐོག་ནས་བཏུལ་པར་མཛད་པ་ཞིག་ཡིན་པ་འདྲ། དཔེར་ན། བདག་ཅག་གི་སྟོན་པ་ཐོ་རངས་སངས་རྒྱས་པའི་སྔར་ནུབ་དེར་བདུད་དམག་བྱེ་བ་མང་པོ་བཏུལ་བའི་མཛད་པ་བསྟན་པ་རེད། ཙོང་ཁ་བས། “ མདའ་མཚོན་གོ་ཆ་མ་བཟུང་བར། །རང་ཉིད་གཅིག་པུས་བྱེ་བའི་བདུད། །མ་ལུས་ཕམ་མཛད་གཡུལ་འགྱེད་བས། །ཁྱོད་ལས་གཞན་པ་སུ་ཡིས་ནུས།།” ཞེས་གསུངས་པ་ལྟར་རེད།
དྲི་བ། དུས་འཁོར་དབང་ཆེན་སྐབས་རྨི་ལམ་བརྟག་སྲོལ་ཞིག་ཡོད་པ་དེ་རྨི་ལམ་གང་འདྲ་རྨིས་ན་བཟང་བ་དང་གང་འདྲ་རྨིས་ན་ངན་པ་ཡིན་ནམ།
ལན། རྨི་ལམ་བརྟག་སྐབས། ཟླ་བ་ཉི་མ་ཤར་བ་དང་གཙུག་ལག་ཁང་དུ་མཇལ་བ། དགེ་འདུན་མང་པོ་ཚོགས་པ། མེ་ཏོག་གི་གནས་སུ་འགྲོ་བ། གོས་གསར་པ་གྱོན་པ། ཞོ་དང་འོ་མ་འཐུང་བ། རི་བོའི་རྩེ་ལ་འཛེག་པ་སོགས་རྨས་ན་རྨི་ལམ་ཡག་པོ་དང་། དུས་ཀྱི་འཁོར་ལོ་ཉམས་ལེན་བྱེད་པའི་བག་ཆགས་བཟང་པོ་ཡོད་པའི་རྟགས་སུ་རྩི་བ་རེད། གཞན། མཚན་ནག་དཀྱིལ་དུ་མུན་ནག་ནང་ལ་འགྲོ་བ་དང་། ཁ་ཐུར་དུ་གཏད་དེ་འགྲོ་བ། འདམ་བག་དཀྱིལ་དུ་འཆིང་པ། ལུས་གཅེར་བུར་ཁ་ལྷོ་ཕྱོགས་སུ་བལྟས་ཏེ་འགྲོ་བ། རྔ་མོང་ལ་ཞོན་པ། མེ་ཏོག་དམར་པོའི་དཀྱིལ་དུ་འགྲོ་བ་སོགས་རྨི་ལམ་ངན་པའི་རིགས་རེད། ཚེ་ཡི་བར་ཆད་ཡོད་པའི་མཚན་མར་བཤད་ཀྱང་། དེ་རིགས་ལ་རྣམ་རྟོག་བྱ་རྒྱུ་ཡོད་པ་མ་རེད། རྨི་ལམ་བཟང་ངན་གང་ཞིག་རྨིས་ཀྱང་དེ་ལ་ཨ་འཐས་སུ་འཛིན་མི་རུང་། ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་གསུངས་པ་ལྟར། རྨི་ལམ་ལ་ཡིད་ཆེས་ཞེ་དྲག་བྱ་རྒྱུ་ཡོད་པ་མ་རེད། རྨི་བལྟས་བཟང་ངན་གང་ཞིག་བྱུང་ཡང་དེ་ལ་འགྱུར་བ་མེད་པ་དང་ཟློག་ཐབས་མེད་པ་དེ་འདྲ་གང་ཡང་མ་རེད།
ཕྱི་ལོ་ ༢༠༡༢ ཟླ་ ༡ པོའི་ནང་༧གོང་ས་མཆོག་གིས་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཐེངས་ ༣༢ པ་གནང་སྐབས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་བཅར་འདྲི་ཞུས་པ་འདི་བསྐྱར་འགོད་བྱས།
…………………………………………………………………………………………..
རྒྱ་གར་འཕགས་ཡུལ་གྱི་ནང་པའི་གནས་ཆེན་ཁག་ཅིག་གི་ངོ་སྤྲོད་མདོ་བསྡུས།
༼ ལུམྦི་ནཱི།༽
གནས་འདི་ནི་དེང་གི་བལ་ཡུལ་རྒྱལ་ཁོངས་སི་ནོ་ལཱི་ལ་ཞེས་པའི་ས་དེར་ཡོད། དབྱིན་སྐད་ནང་གནས་འདིའི་མིང་ལ་རུ་མན་ཌི་(Rumend)ཟེར། རྒྱ་བལ་ས་མཚམས་ནས་སྤྱི་ལེ་ ༢༥ ཡོད། དེར་སྒྱུ་འཕྲུལ་མའི་སྐུ་བརྙན་དང་། ཆོས་རྒྱལ་ཨ་ཤོ་ཀའི་རྡོ་རིང་། བྱང་ཆུབ་ཤིང་གི་ཤུལ་རྟེན་གཙོ་བོ་བྱས་པའི་ལྷ་ཁང་གསར་བཞེངས་བཅས་ཡོད།
༼༡༽ སྟོན་པ་ཐུབ་པའི་དབང་བོ་གྲོང་ཁྱེར་སེར་སྐྱ་ནས་ཕེབས་པ་རྒྱལ་པོ་ཟས་གཙང་དང་། བཙུན་མོ་སྒྱུ་འཕྲུལ་མ་གཉིས་ཀྱི་སྲས་སུ་སྤྱི་ལོའི་སྔོན་གྱི་ལོ་ ༥༦༦ ལོར་ལུམྦི་ནཱི་གྲ་མ་ཞེས་པའི་ཚལ་དུ་སྐུ་བལྟམས། རྒྱལ་སྲས་དོན་ཀུན་གྲུབ་པ་ཞེས་མཚན་གསོལ། དེར་སྟོན་པ་སྐུ་འཁྲུངས་པའི་གནས་ཡིན། ཆོས་རྒྱལ་མྱ་ངན་མེད་ནང་པའི་བསྟན་པར་ཞུགས་ནས་ལོ་ཤི་ཤུ་ཙམ་གྱི་རྗེས་སུ་གནས་དེར་ཕེབས། ༼༢ ༽ དྲན་གསོའི་རྟགས་སུ་བཞེངས་པའི་རྡོ་རིང་ངོར་གནས་འདི་རུ་སངས་རྒྱས་སྐུ་བལྟམས་ཞེས་འཁོད། དེར་ས་སྐྱའི་དགོན་པ་ཞིག་ཀྱང་བཏབ་ཡོད། ༼༣ ༽ ལུམྦི་ནཱི་ནས་ནུབ་ཕྱོགས་སུ་སྤྱི་ལེ་ལྔ་དྲུག་ཙམ་གྱི་སར་གྲོང་འཁྱེར་སེར་སྐྱའི་ཤུལ། དེང་སང་ས་མིང་ལ་ཏི་ལོ་ར་ཀི་ཊི་ཟེར། རྩ་མཆོག་གྲོང་ནས་རྒྱ་བལ་ས་མཚམས་བར་སྤྱི་ལེ་ ༡༤༦ དང་། མཉན་ཡོད་ནས་སྤྱི་ལེ་ ༡༨༨ ཙམ་ཡོད།
༼ རྣམ་དག་གྲོང་། ༽
གནས་འདི་ནི་རྒྱ་གར་བྷེ་ཧར་(Bihar)མངའ་སྡེའི་ཁོངས་སུ་ཡོད། མཆོད་རྟེན་རྣམ་དག་གྲོང་ལ་ལོ་རི་ཡཱ་ནན་དན་གརྷ་ཟེར། ཡུལ་གྱི་མིང་ལ་ལོ་རི་ཡཱ་(Loriya)དང་། རྡོར་གདན་ནས་གྲོང་ཁྱེར་པ་ཊ་ནཱ་བརྒྱུད་མོ་དེ་ཧ་རི་ནས་བྷེ་དི་ཡ་གྲོང་ཁྱེར་ལ་འགྲོ་དགོས། དེ་ནས་སྤྱི་ལེ་ ༢༥ ཙམ་ལ་ཕྱིན་ན་རྣམ་དག་གྲོང་དུ་སླེབས།
༼ ༡ ༽གནས་འདིར་སྟོན་པ་རང་ཉིད་ཀྱིས་དབུ་སྐྲ་བསིལ་ཏེ་རབ་ཏུ་བྱུང་ཞིང་། སྔར་རྔོན་པའི་གཟུགས་ཅན་གྱིས་དུར་ཁྲོད་ཀྱི་གོས་ངུར་སྨིག་ཅིག་འབུལ་བཞེས་ཀྱི་གནས་ཀྱང་འདི་ཡིན་པར་བརྗོད། མཇལ་བ་ཙམ་གྱིས་དང་བ་འདྲེན་པའི་མཆོད་རྟེན་ཁྱད་འཕགས་ཤིག་དང་། བོངས་ཚད་མཐའ་སྐོར་གོམ་པ་ ༧༣༠ དང་། ལྷོ་ངོས་སུ་མཚོ་རྫིང་ཆུང་ཆུང་སོགས་ཡོད། མཆོད་རྟེན་གྱི་དབུ་རྩེ་ཞིག་རལ་དུ་སོང་ཡོད་ལ། སྔར་གནས་དེར་ཡོང་མཁན་ཤིན་ཏུ་དཀོན་ཟེར། ༼ ༢ ༽ མཆོད་རྟེན་ཤར་གྱི་ལམ་ཆེན་ཕར་ཕྱོགས་སུ་ཨ་ཤྭོ་ཀའི་རྡོ་རིང་སེངྒེའི་ཏོག་ལྡན་ངོས་སུ་པ་ལཱའི་ཡི་གེ་ཡིན་ཞེས་བཀོད་པ་དེ་ཡང་མཇལ་རྒྱུ་ཡོད། དབྱིན་སྐད་དུ་ཨ་ཤོ་ཀའི་པི་ལར་(Ashoka Pillar)ཟེར། རྩྭ་མཆོག་གྲོང་དང་ལུམྦི་ནཱི་གཉིས་བར་ཐག་ཅུང་ཉེ། གྷ་ཡཱ་གྲོང་ཁྱེར་གྱི་དབུས་སུ་ཡོད་པའི་རྣམ་དག་གྲོང་ཟེར་བ་དེ་ནི་མཆོད་རྟེན་རྣམ་དག་གྲོང་གི་དོད་ཐུབ་ཡིན་པར་གྲགས། དེང་སང་ས་དེར་ཧིན་རྡུའི་ལྷ་ཁང་ཆེན་པོ་ཞིག་ལས་ནང་པའི་གནས་རྟེན་འདིའོ་སྙམ་པ་མཐོང་དཀོན། གྲོང་འཁྱེར་པར་ཎ་ནས་མེ་འཁོར་ནང་ཕྱིན་ཚེ་བྷེ་ཏི་ཡ་བར་སྤྱི་ལེ་ ༢༠༥ དང་། འགྲུལ་འཁོར་ནང་རྡོ་རྗེ་གདན་ནས་ལོ་རི་ཡཱ་བར་སྤྱི་ལེ་ ༤༡༢ ཙམ་རེད།
༼ ཆུ་ཀླུང་ནེ་རཉྫན། ༽
ཆུ་ཀླུང་ནེ་རཉྫན། རྡོ་རྗེ་གདན་མཆོད་རྟེན་ཆེན་མོའི་རྒྱབ་ཕྱོགས་ཀྱི་ཆུ་ཤུལ་བྱེ་ཐང་འགྲམ་ངོགས་སུ་ཡོད། དེར་སྟོན་པ་ཐུབ་པའི་དབང་བོ་ལྟེང་རྒྱས་ནས་ཆུ་ཀླུང་ནེ་རཉྫ་ནར་ཕེབས་ཏེ་ལོ་དྲུག་དཀའ་བ་སྤྱད་པའི་གནས་ཡིན། ༼ ༡ ༽ བྱང་ཆུབ་ཤིང་དང་། སྟོན་པས་དཀའ་བ་སྤྱད་པའི་སྐུ་བརྙན་གསར་པ་བཅས་མཇལ་རྒྱུ་ཡོད། ༼ ༢ ༽ དེའི་བྱང་ཤར་ཉེ་མཚམས་སུ་བྲམ་ཟེ་བུ་མོ་ལེགས་སྐྱེས་མས་བ་མོ་སྟོང་གི་འོ་མ་ལན་བདུན་དུ་ཉིང་ཁུར་བྱས་ཏེ་སངས་རྒྱས་ལ་ཕུལ་བའི་གནས་ཡོད། ༼ ༣ ༽ རྩ་གསང་བཀྲ་ཤིས་མཛེས་ལྡན་གྱིས་རྩྭ་ཀུ་ཤཱ་ཕུལ་བའི་གནས་རྡོར་གདན་མདུན་གྱི་ཟམ་ཆེན་བརྒལ་མ་ཐག་ཏུ་བསླེབས། ༼ ༤ ༽ དེང་སང་ལི་ལ་ཇན་ཞེས་པ་ནས་སྟོན་པས་སྐུ་འཁྲུས་གསོལ་ཞེས་པ་སོགས་གྷ་ཡཱའི་ཕྱོགས་ནས་སྟོན་པ་ལོ་བདུན་ཙམ་བཞུགས་པར་གྲགས།
༼ གནས་མཆོག་རྡོ་རྗེ་གདན། ༽
གནས་མཆོག་འདིའི་མིང་ལ་རྒྱ་གར་སྐད་ནང་བྷོ་ངྷི་གྷ་ཡཱ་(Budha Gaya)ཟེར། བྷི་ཧཱར་མངའ་སྡེའི་གྷ་ཡཱ་གྲོང་ཁྱེར་ཁོངས་སུ་གཏོགས། དེར་སངས་རྒྱས་བཅོམ་ལྡན་འདས་ལྟེང་རྒྱས་ནས་ཆུ་ཀླུང་ནེ་རཉྫནའི་འགྲམ་དུ་ལོ་དྲུག་དཀའ་བ་སྤྱད་པའི་རྗེས། བྱང་ཆུབ་ཤིང་གི་དྲུང་དུ་མངོན་པར་རྫོགས་པར་སངས་པའི་གནས་ཡིན།
༼༡༽ མཆོད་རྟེན་འདི་ཐོག་མར་བྲམ་ཟེ་མོ་ཛ་སའི་བུ་ཐ་ཆུང་གིས་བཞེངས་པར་གྲགས་ལ། ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་བ་ཡིན་ཟེར་བའི་བཤད་རྒྱུན་ཞིག་ཀྱང་ཡོད། མཆོད་རྟེན་གྱི་རྩེ་མོའི་མཆོད་རྟེན་ཆུང་བ་དེ་ཀླུ་སྒྲུབ་ཀྱིས་བཞེངས་ཤིང་། ནང་རྟེན་གཙོ་བོ་སྟོན་པ་ཐུབ་པའི་དབང་བོའི་རིང་བསྲེལ་བྲེ་གང་བཞུགས་པ་དང་། སྐོར་ལམ་གྱི་རྡོའི་རྭ་སྐོར་དྲ་མིག་ཅན་དེ་ཀླུ་སྒྲུབ་ཀྱིས་བཞེངས་པར་གྲགས། སྔར་མཆོད་རྟེན་ཆེན་མོའི་ཐོག་ཁང་དུ་ལྷ་སར་བཞུགས་པའི་ཇོ་བོ་ཤཱཀྱ་མུ་ནིའི་བཞུགས་ཁྲི་ཡོད་རབས་འདུག ༼ ༢ ༽ མཆོད་རྟེན་གྱི་ལྷོ་ངོས་སུ་ས་སྟེགས་གྲུ་བཞི་ཡངས་པོ་དེར་སྟོན་པའི་བཞུགས་གདན་གྱི་རྩྭ་རྣམས་གཏོར་ཡོད་ཟེར། ༼ ༣ ༽ ཤར་ཕྱོགས་སུ་ཡོད་པའི་དབྱིབས་དབུས་མའི་མཆོད་རྟེན་དང་འདྲ་བའི་མཆོད་རྟེན་དཀར་པོ་ནི། སྟོན་པ་ཐོག་མར་བྱོན་སྐབས་དེར་བཞུགས་ཏེ་ཞལ་ནས་འོད་ཟེར་སྤྲོས་ཏེ་བྱང་ཆུབ་ཤིང་དངོས་མ་ཡིན་པ་གཞན་རྣམས་བསྲེགས་པའི་གནས་ཡིན་ཞིང་། མིང་ལའང་འོད་ཟེར་འཕྲོ་བའི་གན་ངྷོ་ལ་ཟེར། ༼ ༤ ༽ མཆོད་རྟེན་ཆེན་མོ་སྒོའི་གཡས་ཕྱོགས་སུ་སྒྲོལ་མའི་ལྷ་ཁང་དང་། ཕུགས་ཀྱི་རྩིག་གསེབ་ཏུ་བཞུགས་པའི་སྒྲོལ་མའི་སྐུ་ཆུང་བ་ཞིག་ཡོད་པ་དེ་ནི་ཇོ་བོ་རྗེ་ལ་གསུང་བྱོན་པའི་སྒྲོལ་མ་དེ་ཡིན་ཞེས་གསུངས། ༼ ༥ ༽ མཆོད་རྟེན་གྱི་ལྷོ་ཕྱོགས་སུ་མཚོ་རྫིང་ཞིག་ཡོད་པ་ནི་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་ཡིན་པར་བརྗོད་ལ། དེར་སྟོན་པ་ཞག་བདུན་ལ་བཞུགས་སྐད། དུས་མ་ཡིན་པའི་སྤྲིན་ཆགས་པར་གྱུར་བའི་གནས་སོ།། མཚོ་རྫིང་གི་སྒོ་ཆེན་ཕྱི་ལོགས་སུ་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་ཡོད། ༼ ༦ ༽ “ རྭ་བའི་ཕྱི་རོལ་ཤར་གྱི་དུར་ཁྲོད་ནང་གི་དཀྱིལ་འཁོར་དེ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་རྡོ་ལ་བཞེངས་པའི་དུས་འཁོར་བློས་བསླངས་རྡོ་རྗེ་གདན་དུ་ཡོད་ཅེས་པ་དེ་རང་རེའི་ལོ་རྒྱུས་འགའ་ལས་བྱུང་བ་དེ་ཡིན་ནམ་སྙམ” ཞེས་དགེ་འདུན་ཆོས་འཕེལ་གྱིས་གསུངས། ས་གནས་དེར་ཧ་ཧ་རྒོད་པའི་དུར་ཁྲོད་ཟེར། ༼ ༧ ༽ མཆོད་རྟེན་བྱང་ངོས་ཀྱི་ལྕགས་དྲའི་ནང་གི་མཆོད་རྟེན་ཆུང་ངུ་རྣམས་སུ་དགྲ་བཅོམ་པ་མང་པོས་གདུང་བཞུགས་ཤིང་། སྐྲ་སེན་སོགས་འཕང་ན་ངན་སོང་གི་སྐྱེ་སྒོ་ཆོད་པར་གསུངས། ༼ ༨ ༽ མཆོད་རྟེན་གྱི་ནུབ་ཕྱོགས་སུ་ཉི་ཧོང་གིས་བཞེངས་པའི་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་དང་། འབར་མ་དང་། འབྲུག་པ། རྒྱ་ནག ཐེ་ལན་ཌི། བལ་ཡུལ། ཉི་ཧོང་བཅས་ཀྱི་གཙུག་ལག་ཁང་དང་མཆོད་རྟེན་སོགས་ཡོད། གྷ་ཡཱ་གྲོང་ཁྱེར་ནས་བྷོ་ངྷི་གྷ་ཡཱ་བར་སྤྱི་ལེ་ ༩ ཙམ་ཡོད།
༼ རྒྱལ་པོའི་ཁབ། ༽
རཱཇ་གྲིཧི་(Rajgir)ཞེས་པ་རྒྱལ་པོའི་ཁབ། འདི་ནི་དབུས་འགྱུར་འཆང་ཞེས་པའི་མ་གྷ་ངྷའི་རྒྱལ་ས་སྟོབས་དང་ལྡན་པ་དེ་ཡིན་ལ། དེ་བཞིན་གནས་ཆེན་ཁག་གཞན་ལས་ཀྱང་ལོ་རྒྱུས་མང་པོ་ལྡན་པར་བརྗོད། ནཱ་ལེནྡཱ་ནས་སྤྱི་ལེ་ ༡༡ ཙམ་གྱི་སར་ཡོད། ༼ ༡ ༽ ཆུ་ཚན་གྱི་གནས་དེར་ཆུ་ཚན་ཀུན་དགའ་ར་བའི་ཤུལ་དང་། ཆུ་ཚན་ཡོད་སའི་རི་དེ་རྒྱལ་པོའི་ཁབ་ཀྱི་རུ་ལྔའི་ནང་བེེཔཱུལ། ཞེས་རི་ངོས་ཡངས་བྱ་བ་དེ་ཡིན། ཆུ་ཚན་གྱི་ཁ་ཐུག་བྱང་ངོས་སུ་རི་བོ་སྐྱ་བསངས་ཡོད། རི་རྩེར་ཉི་ཧོང་བའི་མཆོད་རྟེན་ཞིག་ཀྱང་མཇལ་རྒྱུ་ཡོད། ༼ ༢ ༽ རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་མཛད་དེ་འོད་སྲུང་ལ་སོགས་དགྲ་བཅོམ་པ་ལྔ་བརྒྱ་འདུས་ཏེ་ཀུན་དགའ་བོས་མདོ་སྡེ་དང་ཉེ་བར་འཁོར་གྱིས་འདུལ་བ། འོད་སྲུང་གིས་མངོན་པ་བཅས་ཀྱི་སྡེ་སྣོད་རྣམས་བཀའ་བསྡུ་མཛད་པའི་བྲག་ཕུག་ཀྱང་ཆུ་ཚན་གྱི་ཐག་ཉེ་སར་ཡོད། ༼ ༣ ༽ རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་བརྒྱ་ཕྲག་དུ་མ་དང་བཅས་རྒྱལ་པོའི་ཁབ་ནས་བྱུང་སྟེ། བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་ན། དེའི་ཤིང་རྟའི་འཁོར་ལོ་སའི་ནང་དུ་བྱང་བར་གྱུར་ཏོ། ཞེས་དང་། འཁོར་ལོའི་ཤུལ་ད་ལྟ་མ་ཉམས་པར་བྱ་རྒོད་ཕུང་པོ་རི་དང་ཉེ་བའི་ལྷོ་ཕྱོགས་རྡོ་རྗེ་གདན་དུ་འགྲོ་བའི་ལམ་ཆེན་གཡོན་ཟུར་དུ་ཡོད་པ་དེ་ཡིན་ཟེར།
༼ ཝཱ་ར་ཎ་སཱི། ༽
གནས་མཆོག་ཝཱ་ར་ཎ་སཱི། ཧིན་རྡུའི་སྐད་དུ་སཱ་ར་ནཱ་ཐ་(Sarnath)ཞེས་པ་ནི། རྒྱ་གར་གྱི་མངའ་སྡེ་ཨུཊིར་པར་ངྷེ་ཤི་(Uttar Pardesh)ཞེས་པའི་ནང་ཡོད། ༼ ༡ ༽ ཡུལ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཚལ། དེར་སྟོན་པས་ཆོས་འཁོར་ཐེངས་གསུམ་བསྐོར་བ་ལས་ཐེངས་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ཡིན་ལ། སྔོན་ས་དེར་དགོན་པ་ཆེན་པོ་ཞིག་ཆགས་པའི་ཤུལ་དང་། ཆོས་འཁོར་བསྐོར་བའི་ཤུལ་ལ་མཆོད་རྟེན་ཆུང་ངུ་རྡོའི་དྲ་མིག་གིས་བསྐོར་བ་ཞིག་འདུག དེ་དང་ཉེ་བའི་སར་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་ཆག་གྲུམ་ཤོར་བ་ཞིག་ཡོད་ལ། དེའི་སྟེང་གི་ཡི་གེ་རྣམས་ལོ་ཉིས་སྟོང་སྔོན་གྱི་ཡི་གེ་ཡིན་པར་གྲགས། ༼ ༢ ༽ དེའི་ཤར་ཕྱོགས་སུ་མཆོད་རྟེན་ཆེན་པོ་ཞིག་ཡོད་པ་ནི་ངྷརྨ་ཀའི་མཆོད་རྟེན་བྱ་བ་ཡིན་ཞིང་། གུཔྟའི་རྒྱལ་རྒྱུད་ཀྱི་སྐབས་སུ་བཞེངས་ཤིང་གནས་དེའི་མཆོད་རྟེན་ཆེ་ཤོས་ཡིན་པར་སྐད། ༼ ༣ ༽ དེའི་ཤར་ཕྱོགས་སུ་སིངྒ་ལའི་གླིང་ནས་ཕེབས་པའི་སྐྱེས་བུ་སྙིང་སྟོབས་ཅན་དགེ་བསྙེན་ཆེན་པོ་ངྷརྨ་པཱ་ལས་བཞེངས་པའི་མཱུ་ལ་གན་ངྷི་ཀཱུ་ཊའི་གཙུག་ལག་ཁང་ཡོད། ཕྱི་མཆོད་རྟེན་དང་ནང་དྲི་གཙང་ཁང་དེར་སངས་རྒྱས་ཀྱི་སྐུ་རུས་དུམ་བུ་གཉིས་བཞུགས། ༼ ༤༽ བོད་ཚེས་ ༡༥ ཟླ་བ་ཉ་གང་བ་དང་འཆར་ཅན་རིང་བསྲེལ་ལ་མཇལ་ཐུབ། སྐབས་དེར་ཕྱོགས་ཀྱི་གནས་མཇལ་བ་མང་པོ་ཡོད་རབས་འདུག ༼ ༥ ༽ མཆོད་རྟེན་ཆེན་པོའི་ལྷོ་ནུབ་ཀྱི་སྤྱི་ལེ་ ༡ མ་ཟིན་ཙམ་གྱི་སར་ཡོད་པའི་མཆོད་རྟེན་ཞིག་པོ་ཞིག་ཡོད་པ་དེ་ནི་འཁོར་ལྔ་སྡེ་བཟང་པོ་ཐོག་མ་སྟོན་པ་ལ་མཇལ་བའི་ས་ཡིན་ཟེར་ཞིང་། མཆོད་རྟེན་རྩེ་ཡི་ཁང་པར་ཟུར་བརྒྱད་ཀླ་ཀློས་རྣམས་ཀྱིས་བྱས་གསུངས། དེ་ནས་ཚུར་ཡོང་བའི་ལམ་གྱི་གཡས་ཕྱོགས་སུ་གནའ་རྫས་འགྲེམས་སྟོན་ཁང་ཞིག་ཡོད། བྷོ་ངྷི་གྷ་ཡཱ་ནས་ཝཱ་ར་ཎ་སཱིར་སྤྱི་ལེ་ ༢༢༡ ཙམ་ཡོད། མེ་འཁོར་དང་རླངས་འཁོར་གང་རུང་ནང་འགྲོ་ཆོག
༼ བྱ་རྒོད་ཕུང་པོ་རི། ༽
བྱ་རྒོད་ཕུང་པོ་རི། གྲི་ངྷ་ཀཱུ་ཊ(Gridhakuti)བྱ་བ་ནི། བྱ་རྒོད་ཕུང་པོ་རི་ཡིན། དེ་ནི་སྟོན་པས་ཆོས་འཁོར་རིམ་པ་གསུམ་བསྐོར་བའི་བར་བ། འཁོར་རབ་འབྱོར་དང་བྱམས་པ་ལ་སོགས་པ་ལ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་གསུངས་པའི་གནས་ཡིན། ༼ ༡ ༽ རླངས་འཁོར་ས་ཚིགས་ནས་གླ་འཁོར་ནང་སོང་ན་སྟོན་པས་མདོ་གསུངས་སའི་གནས་རི་ལ་མཇལ་ཞིང་། དེ་ནས་ཞབས་ཐང་གིས་སོང་ཚེ་རི་རྩེར་ཉི་ཧོང་གི་མཆོད་རྟེན་བཞེངས་ཡོད་སར་བསླེབས། ༼ ༢ ༽ དེ་ནས་ཐད་ཀར་གློག་སྐྱེལ་འགྲུལ་སྒམ་ནང་བསྐྱོད་ཚེ་ཉི་ཧོང་མཆོད་རྟེན་ལ་མཇལ་ཐུབ་ལ། སྔར་རབ་བྱུང་ ༡༢ པའི་ཆུ་སྦྲུལ་ལོའི་(༡༧༠༡)ས་ག་ཟླ་བ་ཚེས་ལ། ༧རྒྱལ་དབང་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཆོག་གནས་དེར་བྱོན་སྐབས་ཀྱི་གཟིགས་སྣང་ལ། བྱ་རྒོད་ཕུང་པོ་རི་དེ་ཐ་མལ་གྱི་རི་ལྟ་བུའི་ས་རྡོ་བྲག་སོགས་ལས་གྲུབ་པ་མ་ཡིན་པར། ལཉྩའི་པོ་ཏི་སྤུངས་པ་འབའ་ཞིག་ཏུ་མཐོང་། ཞེས་གསང་རྣམ་དུ་གསལ།
༼ ཡངས་པ་ཅན། ༽
ཡངས་པ་ཅན་ནི། དབྱིན་སྐད་དུ་བེེ་ཤཱ་ལེ་(Vaishali)ཟེར། བྷེ་ཧཱར་(Bihar)མངའ་སྡེའི་ཁོངས་ཀྱི་མུ་ཇ་ཕ་པར་གྱི་ཉེ་སར་ཡོད། ཡངས་པ་ཅན་གྱི་གྲོང་ཁྱེར་ལ་སངས་རྒྱས་ཐེངས་གསུམ་ཞབས་བཅག་པར་གྲགས། ༼ ༡ ༽ སྤྲེའུ་ཚོགས་ཀྱིས་སྦྲང་རྩི་ཕུལ་ཞིང་སྟོན་པས་མ་འོངས་པ་ན་སངས་རྒྱས་སྤྲང་རྩིའི་དབྱངས་ཞེས་བྱ་བར་ལུང་བསྟན་པའི་གནས་ཏེ། གནས་ཆེན་བརྒྱད་ཀྱི་ནང་ནས་གཅིག་ཡིན་ལ། གཞན་སངས་རྒྱས་ཉིད་མི་རིང་བར་སྐུ་མྱ་ངན་ལས་འདའ་བར་ལུང་བསྟན་པ་དང་། སྐུ་མྱ་ངན་ལས་འདས་རྗེས་སྐུ་གདུང་ཆ་བརྒྱད་དུ་བགོས་པ་ལས་ལི་ཙཱ་བཱིའི་སྐལ་བའི་རིང་བསྲེལ་བཞུགས་པའི་མཆོད་རྟེན་ཡང་དེར་བཞེངས། ༼ ༢ ༽ སྨན་བླའི་མདོ་དང་། ཆོས་འཁོར་གསུམ་གྱི་ཐ་མ་ལེགས་པར་རྣམས་པར་ཕྱེ་བའི་ཆོས་འཁོར་བསྐོར་བའི་གནས་ཡིན། སངས་རྒྱས་མྱ་ངལ་ལས་འདས་ནས་ལོ་ ༡༡༠ རྗེས་སུ་ཆོས་རྒྱལ་ཨ་ཤོ་ཀས་ཡོན་སྦྱར་ཏེ། གྲགས་པ་ལ་སོགས་པའི་དགྲ་བཅོམ་པ་བདུན་བརྒྱས་བཀའ་བསྡུ་གཉིས་པ་མཛད་པའི་གནས་ཡིན། ཞོན་ཙང་གིས་ཆོས་རྒྱལ་ཨ་ཤོ་ཀའི་རྡོ་རིང་ཞིག་ཡངས་པ་ཅན་དུ་ཡོད་ཅེས་བརྗོད་པར་གཞིགས་ན། དེར་ཡོད་པའི་རྡོ་རིང་སེངྒེའི་ཏོག་ཅན་དེ་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་མིན་ནམ་གསུངས། ༼ ༣ ༽ མཆོད་རྟེན་དང་རྡོ་རིང་གི་ལྷོ་ཕྱོགས་སུ་སངས་རྒྱས་ཀྱི་རིང་བསྲེལ་ཐོན་པའི་གནས་ཤུལ་ལྕགས་ཕིབས་ཅན་ཡོད། ༼ ༤ ༽ དེ་དང་ཉེ་བའི་ལྷོར་རྫིང་བུ་ཆུང་བ་ཞིག་ཡོད་པ་ནི་སྤྲེའུའི་རྫིང་བུ་ཞེས་དང་། གནས་དེར་སྤྲེའུ་མང་པོས་སངས་རྒྱས་ཀྱི་ཆེད་དུ་རྫིང་བུ་དེ་ཉིད་བྲུས་པར་གྲགས། ༼ ༥ ༽ ཡངས་པ་ཅན་གྱི་དོད་ཐུབ་ཞིག་གྷ་ཡཱ་གྲོང་ཁྱེར་གྱི་ནུབ་ངོས་རི་རྩེར་ཡོད། ༼ ༦ ༽ གྲོང་ཁྱེར་པ་ཊི་ནཱ་ནི་ཆོས་རྒྱལ་ཨ་ཤོ་ཀའམ། མྱ་ངན་མེད་ཅེས་པའི་འཛམ་བུ་གླིང་དུ་མཆོད་རྟེན་བྱེ་བ་བཞེངས་མཁན་ཁོང་སྐུ་བལྟམས་པའི་ཡུལ་དང་རྒྱལ་ས་ཡིན། སྔོན་གྲོང་ཁྱེར་པ་ཊ་ལ་པུ་ཏྲ་དང་། བོད་སྐད་དུ་སྐྱ་ནར་བུའི་གྲོང་ཁྱེར་བྱ་བར་གྲགས། པ་ཊི་ཎ་ནས་བེེ་ཤ་ལི་བར་སྤྱི་ལེ་ ༡༠༢ དང་། རྡོ་རྗེ་གདན་ནས་པ་ཊི་ཎ་བར་སྤྱི་ལེ་ ༡༢༥ ཡོད།
༼ མཉན་ཡོད། ༽
མཉན་ཡོད་ལ་ཤྲཱ་ཝཱསྟི་(Shravasti)ཞེས་ཟེར། དེང་སང་ས་ཧེ་ཊ་མ་ཧེད་དུ་འབོད། ཨུཊིར་པར་ངྷེ་ཤི་(Uttar Pardesh)མངའ་ཁོངས་ཀྱི་བྷ་རེ་ཅཱ་ཟེར་བའི་ས་གནས་དང་། ཝཱ་ར་ཎ་སི་ནས་ཕྱིན་ཚེ་མཚན་གཅིག་ལ་འགྲོ་དགོས། ༼ ༡ ༽ མཉན་ཡོད་ནི་སྟོན་པའི་བཞུགས་གནས་ཀུན་གྱི་ནང་ནས་གཙོ་བོ་ཞིག་ཡིན་ཏེ། ཛེ་ཏ་བ་ན་ཞེས་པ་དགེ་འདུན་གྱི་ཀུན་དགའ་ར་བ་དང་། རྒྱལ་བྱེད་ཚལ་རང་ལ་དབྱར་ཉི་ཤུ་དང་། རི་དྭགས་འཛིན་མའི་ཤར་གྱི་ཀུན་དགའ་ར་བར་དབྱར་ལྔ་སྟེ་ཁྱོན་དབྱར་ཉེར་ལྔར་བཞུགས། མཆོག་ཟུང་གཉིས། ལྔ་སྡེ་བཟང་པོ། གནས་བརྟེན་བཅུ་དྲུག འོད་སྲུང་། འཆར་ཀ་རྟ་ཐུལ་ལ་སོགས་པ་སྟོན་པའི་འཁོར་གྱི་གཙོ་བོ་ཉན་ཐོས་ཆེན་པོ་བརྒྱད་ཅུ་ཞེས་གྲགས་པ་རྣམས་ཀྱང་ཕལ་མོ་ཆེ་གནས་འདིར་ཡུན་རིང་བཞུགས། སངས་རྒྱས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་ཏེ་མུ་སྟེགས་པ་རྟོག་གེ་སྨྲ་བའི་སྟོན་པ་དྲུག་ཕམ་པར་མཛད་པའི་གནས་ཀྱང་འདི་ཡིན། ༼ ༢ ༽ རྒྱལ་བྱེད་ཚལ་ནས་བྱང་དུ་ཕྱིན་ན་ས་ལྕགས་ཞིག་པོ་ཡོད། དེ་ནས་ཕར་བལྟས་ན་སོ་ཕག་གི་སྤེའུ་འགའ་བརྩིགས་པ་དེ་ནི་བདུད་བཏུལ་སའི་གནས་ཞེས་བཤད། སོར་ཕྲེང་ཅན་དང་ལྷས་བྱིན་གཉིས་ཀྱང་གནས་འདི་ནས་སངས་རྒྱས་ཀྱི་གཟི་བྱིན་མ་བཟོད་པར་ཆོས་སྒོར་ཞུགས་པར་བཤད།
༼ ལྷ་བབས།༽
ལྷ་ལས་བབས་པའི་གནས་ལ་སང་ཁ་ལ་ཞེས་དང་། སང་ཁནསི་ཡཱ་(Sankansya)ཡང་ཟེར། གནས་འདི་ནི་རྒྱ་གར་ཨུཊིར་པར་ངྷེ་ཤི་(Uttar Pardesh)མངའ་སྡེའི་ཁོངས་སུ་ཡོད་ལ། འགྲུལ་འཁོར་ནང་ཧྥ་ཊའེ་གྷར་(Fateh garh)ནས་ཕྱིན་ཚེ་ཐག་ཉེ་ཞིང་། མེ་འཁོར་ནང་སོང་ན་པ་ཁ་ནཱའི་མེ་འཁོར་འབབ་ཚིགས་ནས་སྤྱི་ལེ་ ༡༡ ཙམ་ཡོད། ༼ ༡ ༽ དེ་ནི་སྟོན་པས་ཡུམ་དང་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་མངོན་པའི་སྡེ་སྣོད་གསུངས་པའི་སླད་དུ་ལྷ་ཡུལ་དུ་དབྱར་གཅིག་བཞུགས་ཤིང་། སླར་འཛམ་བུ་གླིང་གི་གྲོང་ཁྱེར་གསལ་ལྡན་དུ་བབས་པའི་གནས་ཡིན། དེ་ཡང་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པའི་རྗེས་སུ་བྱུང་བར་གསུངས་ཤིང་། མདོ་ལས་གསུངས་པའི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་བྱིན་གྱིས་རླབས་པའི་གནས་ཆེན་ཡང་དེ་ཡིན། དེང་སང་ལྷ་བབས་མཆོད་རྟེན་གྱི་རྩེར་གཅེར་བུའི་སྟོན་པ་ཡིན་ཟེར་བའི་ལྷ་ཁང་ཆུང་བ་ཞིག་བཞེངས་འདུག ༼ ༢ ༽ མཐོ་ཚད་ཁྲུ་དྲུག་ལྷག་ཡོད་པའི་གླང་ཆེན་ཏོག་ལྡན་གྱི་ཀ་བ་དེ་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གླང་པོའི་ཏོག་ཅན་ཡིན་ཞེས་བཤད། ལྡི་ལི་ནས་ཕྱིན་ཚེ་ལྷ་བབས་ཀྱི་གནས་ལ་ཆུ་ཚོད་དྲུག་ཙམ་གྱི་ལམ་ཐག་ཡོད་འདུག་ལ། ཝཱ་ར་ན་སཱི་ནས་མཚན་གཅིག་ལྷག་འགྲོ་དགོས།
༼ ཀཽ་ཤམྦྷི། ༽
ཀོོ་ཤམྦྷི། རྒྱ་གར་ཨུཊིར་པར་ངྷེ་ཤི་(Uttar Pardesh)མངའ་སྡེའི་ཁོངས་སུ་ཡོད། ཝཱ་ར་ཎ་སཱི་ནས་ཨ་ལ་ཧ་བ་ད་བར་སྤྱི་ལེ་ ༡༣༣ དང་། ཨ་ལ་ཧ་བ་ད་ནས་བྷར་ཝ་རི་(Baberu)བར་སྤྱི་ལེ་ ༤༠ ཡི་སེར་ཀོོ་ཤམྦྷི་ཡོད། ༼ ༡ ༽ གནས་དེར་དགོན་ཤུལ་དང་ཆོས་རྒྱལ་ཨ་ཤོ་ཀའི་རྡོ་རིང་ཞིང་དཀྱིལ་དུ་ཡོད་ཅིང་། དེང་སང་ལྕགས་རྭ་བསྐོར་འདུག དེ་དང་ཉེ་བའི་ཤར་ཕྱོགས་སུ་སྔོན་གྱི་གྲོང་ཁྱེར་ཤུལ་དང་ལྕགས་རི་གསལ་ཙམ་ཡོད། ༼ ༢ ༽ ཡུལ་ཀོོ་ཤམྦྷིར་བློན་པོ་གདངས་ཅན་གྱིས་སངས་རྒྱས་སྤྱན་དྲངས་ཏེ་ལོ་གཅིག་བཞུགས་པར་གསུངས། དགོན་ཤུལ་གྱི་ལྷོ་ངོས་སུ་གཅེར་བུའི་ལྷ་ཁང་ཞིག་ཀྱང་བཞེངས་འདུག ༼ ༣ ༽ ཆུ་བོ་ཡ་མུ་ན་དང་གེངྒ་གཉིས་འདྲེས་མཚམས་ཀྱི་ཆུ་དེ་ཧིན་རྡུ་བ་རྣམས་ཀྱིས་ཧ་ཅང་བྱིན་རླབས་ཆེ་བ་ཞིག་ཏུ་བརྩི་ལ། ས་དེར་ཨ་ལ་ཧ་བ་དའི་གྲོང་ཁྱེར་ཡོད།
༼ དཔལ་ནཱ་ལནྡཱ །༽
ནཱ་ལཱནྡ་ནི་(Nalanda)ཞེས་པ་ནི། སྔོན་རྒྱ་གར་གྱི་ཆོས་སྡེ་ཐམས་ཅད་ཀྱི་གཙོ་བོ་ཡིན་ཞིང་། རྒྱ་ནག་གི་བཙུན་པ་ཐང་སིན་ཙང་ཕེབས་སྐབས་ཀྱང་དགེ་སློང་ཁྲི་ཕྲག་བཞུགས་པར་གསུངས། གནས་ཡིག་འགའ་རེར་སངས་རྒྱས་ཞལ་བཞུགས་སྐབས་གནས་དེར་ལན་དུ་མར་ཞབས་ཀྱིས་བཅག་ཡོད་སྐོར་བཀོད་འདུག༼ ༡ ༽ སློབ་དཔོན་ཀླུ་སྒྲུབ། ཨཱརྱ་དེ་ཝ། མཁན་ཆེན་ཞི་བ་འཚོ། སློབ་དཔོན་ཟླ་བ་གྲགས་པ་ལ་སོགས་པའི་སྔོན་གྱི་པཎྜི་ཏ་ཆེན་པོ་དེ་ཐམས་ཅན་ཀྱང་དགོན་པ་འདི་ནས་ཕེབས་པ་ཤ་སྟག་ཡིན་ལ། བོད་དང་རྒྱ་ནག་ཏུ་དམ་པའི་ཆོས་དར་བའང་གནས་འདི་ནས་བྱུང་བར་གསུངས། ད་ཆར་ཡང་དགོན་ཤུལ་དང་གཙུག་ལག་ཁང་ཞིག་རལ་དུ་སོང་བ་མང་པོ་མཐོང་རྒྱུ་འདུག ༼ ༢ ༽ ལྷོ་ནུབ་མཚམས་སུ་མཆོད་རྟེན་གྲུ་བཞི་དཔང་མཐོ་བའི་རྩིག་ངོས་གློ་འབུར་གྱི་བཟོ་དབྱིབས་དང་། དེའི་རི་མོ་རྣམས་མཛེས་སྡུག་ལྡན་ཞིག་ཏུ་སྣང་། སློབ་དཔོན་ཀླུ་སྒྲུབ་དང་པོ་དགོན་པ་འདི་ནས་རབ་ཏུ་བྱུང་ཞིང་། ཤཱ་རིའི་བུ་འཁྲུངས་ཡུལ་ཡང་ནཱ་ལནྜ་ཡིན་འདུག ༼ ༣ ༽ བོད་པའི་ལོ་ཙ་བ་ཐོན་མི་སཾ་བྷོ་ཊ་ཡང་གནས་འདིར་ལོ་དྲུག་བཞུགས་ཡོད། ༼ ༤ ༽ གནས་འདི་དང་ཉེ་བའི་ལམ་ཆེན་ཕར་ངོས་སུ་གནའ་རྫས་མང་ལ། རྒྱུ་ལུ་ལས་གྲུབ་པའི་ཐུབ་སྐུ་ཁྱད་པར་དུ་འཕགས་པ་ཞིག་དང་། གུཔྟའི་སྐབས་ཀྱི་ཡིག་རིས་སོགས་མཇལ་རྒྱུ་ཡོད། བྷེ་ཧཱར་པ་ཊི་ན་གྲོང་ཁྱེར་དང་བར་ཐག་ཉེ། རྡོ་རྗེ་གདན་ནས་ནཱ་ལཱནྡ་བར་སྤྱི་ལེ་ ༡༦༤ དང་། དེ་ནས་རྒྱལ་པོའི་ཁབ་བར་སྤྱི་ལེ་ ༡༡ བཅས་ཡོད།
༼ རྩྭ་མཆོག་གྲོང་། ༽
རྩྭ་མཆོག་གྲོང་ལ་རྒྱ་གར་བས་ཀུ་ཤི་ན་གྷར་(Kushinagar)ཞེས་འབོད་ཅིང་། རྒྱ་གར་ལྷོ་ཕྱོགས་ཨུཊིར་པར་ངྷེ་ཤི་(Uttar Pardesh)མངའ་སྡེའི་ཁོངས་སུ་ཡོད། ༼ ༡ ༽ གནས་དེར་སྟོན་པ་ཐུགས་རྗེ་ཅན་དགུང་གྲངས་བརྒྱད་ཅུ་བཞེས་སྐབས་གདུལ་བྱ་ཐུན་མོང་གི་སྣང་ངོར་ཤིང་སཱ་ལ་ཟུང་གི་བར་མྱ་ངན་ལས་འདས་པའི་ཚུལ་མཛད་པའི་གནས་འཁྲུལ་མེད་ཡིན་པར་བསྟན། དེར་དང་པོ་ཆོས་རྒྱལ་མྱ་ངན་མེད་ཀྱིས་པ་རི་ནིར་ཝ་ནའི་མཆོད་རྟེན་བཞེངས་པ་ཡུན་རིང་བར་ས་འོག་ཏུ་ལུས། གུཔྟའི་དུས་སྐབས་སུ་བསྐྱར་བཞེངས་བྱས་པར་གྲགས། ལྷ་ཁང་དེར་སྟོན་པ་མྱ་ངན་ལས་འདས་པའི་སྐུ་བརྙན་གཟི་འོད་འཕྲོ་བ་ཞིག་མཇལ་རྒྱུ་འདུག ༼ ༢ ༽ སྐུ་གདུང་ལྷ་ཁང་ནས་ཤར་ཕྱོགས་སུ་སྤྱི་ལེ་ ༢ ཀྱི་སར་སྟོན་པའི་སྐུ་གདུང་ཞུགས་འབུལ་ཞུས་པའི་གནས་ཡིན་ཞིང་། དེར་མཱུལཀུཊ་བན་ངྷ་ན་བྱ་བའི་ས་ཕུང་མཆོད་རྟེན་ཡོད། གྱད་ཀྱིས་དབུ་རྒྱན་འཆིང་བའི་མཆོད་རྟེན་ཞེས་མདོ་ལས་གསུངས་པ་དེ་ཡིན་པར་སྐད། ཡོངས་གྲགས་སུ་ས་དེར་རམ་བྷར་དང་། ཕལ་སྐད་ལ་སྟོན་པའི་སྐུ་ཕུང་སྦྱིན་བསྲེགས་བྱེད་གནས་ཟེར། སཱ་ར་ནཱ་ཐ་ནས་རྩྭ་མཆོག་གྲོང་བར་སྤྱི་ལེ་ ༣༥༩ ཡོད། ༼ ༣ ༽ རྩྭ་མཆོག་གྲོང་ནས་རྡོ་རིས་ཡ་འགྲོ་བའི་ལམ་བརྒྱུད་སྤྱི་ལེ་ ༣༥༩ ཙམ་གྱི་སར། སཱ་ཐི་ཡཱ་ཞེས་པ་སྟོན་པ་བཅོམ་ལྡན་འདས་ཀྱིས་གསོལ་ཚིགས་ཐ་མ་བཞེས་པའི་གནས་ཡིན་པར་གྲགས་ཀྱང་གནས་དེར་མཇལ་སྐོར་བ་ཧ་ཅང་ཉུང་།
༼ དུར་ཁྲོད་བསིལ་བ་ཚལ། ༽
དུར་ཁྲོད་བསིལ་བ་ཚལ། ས་དེར་རྒྱ་གར་བས་དུ་རྒཱ་ཤྲཱི་(Durgashri)ཟེར། རྡོ་རྗེ་གདན་ནས་ཤར་ཕྱོགས་སུ་སྤྱི་ལེ་ ༧ ཙམ་གྱི་སར་ཡོད། ༼ ༡ ༽ རི་སྐེད་དུ་དཔལ་ལྡན་ཤ་བ་རི་བའི་སྒྲུབ་ཕུག་དང་། སྒྲུབ་ཕུག་གི་སྒོ་ལ་མགོན་པོའི་བླ་ཤིང་ཟེར་བ་ཙནྟ་རྐང་ཅིག་སྐྱེས་ཡོད། དེའི་ཐད་བྲག་རྡོའི་ངོས་སུ་ཨོཾ་ཡིག་དང་ཨ་ཡིག་རང་བྱོན་མཐུན་སྣང་དུ་ཡོད། ༼ ༢ ༽ འོད་མའི་ཚལ་གྱི་རི་བོའི་ནང་ཕྱོགས་ཀྱི་ཐང་གི་གཡས་གཡོན་ནས་འོང་བའི་ལྷོ་ཕྱོགས་ཀྱི་ཆུ་ཕྲན་བརྒྱུད་དེ་ཡར་སོང་ན་ནག་པོ་རྩེག་པའི་རི་ཡོད་ཅིང་། དེའི་མདུན་ཐང་གི་ནགས་ཚལ་དེ། ཤི་ཏ་བ་ན། མདོ་ལས་གསུངས་པའི་བསིལ་བ་ཚལ་ཡིན། སྟོན་པ་གྷ་ཡཱ་གོ་རི་ནས་རྒྱལ་པོའི་ཁབ་ཏུ་བྱོན་པའི་སྐབས་བསིལ་བ་ཚལ་དེར་ཞག་གཅིག་བཞུགས་ཤིང་། རྒྱལ་པོ་གཟུགས་ཅན་སྙིང་པོ་འོངས་ནས་ཐོག་མར་མཇལ་བའི་ལོ་རྒྱུས་ཡོད་ལ། ཆགས་ལོའི་རྣམ་ཐར་དུ། དུར་ཁྲོད་བསིལ་བ་ཚལ་ནི་ན་ལནྚ་ནུབ་བྱང་དུ་ནགས་ཚལ་སྟུག་པོ་ཞིག་གི་དཀྱིལ་ན་ནགས་མེད་པའི་ས་སྟོང་ཆེ་བ་ཞིག་འདུག་གོ། ཞེས་དང་། གོད་དུ་སྨོས་མ་ཐག་པ་དུར་ཁྲོད་བསིལ་བ་ཚལ་དེ་ནི་དོད་ཐུབ་ཅིག་ཡིན་པར་སྣང་གསུངས་། འཇིགས་སུ་རུང་བའི་དུར་ཁྲོད་བརྒྱད་བསྟན་པའི་ནང་དུ། བསིལ་བ་ཚལ་དུ་བདུད་རྩིའི་སྒྲུབ་པ་མཛད། བདུད་རྩི་ཡོན་ཏན་ལྷ་ཚོགས་ཞལ་གཟིགས་ཐོབ། ཅེས་པ་སོགས་གསུངས་པའི་གནས་ཡང་འདི་ཡིན་པར་བརྗོད།
༼ འཇིཊ་སུ་རུང་བའི་དུར་ཁྲོད།༽
འཇིགས་སུ་རུང་བའི་དུར་ཁྲོད་ནི། རྡོ་རྗེ་གདན་གྱི་ལྷོ་ནུབ་ཕྱོགས་སུ་ཡོད། རྡོ་རྗེ་གདན་ནས་ཆུ་ཚོད་ ༣ ཙམ་གྱི་སར་གྲོང་གསེབ་ཅིག་ཡོད་ཅིང་། ས་དེ་ནས་གླ་འཁོར་སོགས་མེད་པར་ཞབས་ཐང་གིས་བསྐྱོད་ན་རི་སྐང་ཞིག་ཏུ་འཇིགས་སུ་རུང་བའི་དུར་ཁྲོད་ཡོད། དེའི་ཉེ་འགྲམ་རྒྱ་གར་གྱི་ལྷ་ཁང་ཞིག་ཀྱང་བཞེངས་ཡོད་ལ། རི་རྩེ་མཐོ་སར་འགྲོ་བའི་ལམ་དུ་རྡོ་ངོར་བརྐོས་པའི་སངས་རྒྱས་ཀྱི་སྐུ་བརྙན་འགའ་ཡང་མཇལ་རྒྱུ་ཡོད། དུར་ཁྲོད་ཀྱི་ཕར་ཕྱོགས་ནུབ་རིའི་ངོས་སུ་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་ཡོད་རབས་བཤད་ཅིང་། དེའི་ཤོད་དུ་མཚོ་རྫིང་ཞིག་ཀྱང་འདུག འཇིགས་སུ་རུང་བའི་དུར་ཁྲོད་ཀྱི་གནས་ཡིག་དང་ངག་རྒྱུན་གང་ཡང་ལག་སོན་མ་བྱུང་བའི་གནས་འགྲེལ་རྒྱས་བཤད་མ་ཕོད།
༼ འབྲས་སྤུངས་མཆོད་རྟེན།༽
དཔལ་ལྡན་འབྲས་དཀར་སྤུངས་པའི་མཆོད་རྟེན་ཆེན་མོ་ནི། རྒྱ་གར་ལྷོ་ཕྱོགས་ཨན་ཌི་ར་(Andhra Pratesh)མངའ་སྡེའི་ཨ་མར་ཝ་ཏི་(Amarvati)ཞེས་པར་ཡོད། གྷོན་ངྷིར་གྲོང་ཁྱེར་ནས་ཆུ་ཚོད་གསུམ་ཡས་མས་ཙམ་གྱི་སར་ཡོད། གནས་དེ་ནི་སྔོན་སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱོན་པའི་དུས་མུ་གེས་མནར་བའི་སེམས་ཅན་ལ་ཕན་པའི་ཕྱིར་དགེ་སློང་ཞིག་གིས་ཉིན་ལམ་བཅུ་གཉིས་ཀྱི་སར་འབྲས་སོ་བའི་ཆར་ཕབ་སྟེ་ཉམ་ཐག་སེམས་ཅན་རྣམས་ཚིམ་པར་མཛད་པའི་འབྲས་ལྷག་རྫུ་འཕྲུལ་གྱིས་བསྡུས་ཏེ། མཆོད་རྟེན་བཞེངས་པ་དེ་ལ་འབྲས་སྤུངས་མཆོད་རྟེན་ཟེར། ༼ ༡ ༽གནས་དེར་ཆོས་རྒྱལ་ཟླ་བ་བཟང་པོས་གསོལ་བ་བཏབ་པ་བཞིན། སྟོན་པས་དུས་འཁོར་རྩ་རྒྱུད་གསུངས་པའི་གནས་ཡིན་ལ། འབྲས་སྤུངས་མཆོད་རྟེན་གྱི་དོད་ཐུབ་ཅིག་ས་གནས་དེ་གའི་འགྲེམས་སྟོན་ཁང་དུ་བཞེངས་འདུག ༼ ༢ ༽དེ་དང་ཉེ་བའི་ས་ཕག་དང་རྡོ་རྩིག་བརྒྱབ་པའི་ས་ཕུང་ནི་སྔར་གྱི་མཆོད་རྟེན་ཤུལ་ཡིན་པར་བརྗོད།
༼ ལྷོ་ཕྱོགས་དཔལ་གྱི་རི། ༽
ལྷོ་ཕྱོགས་དཔལ་གྱི་རི་ལ་མ་ཧཱ་ཙི་ཏ་ཡ་(Maha Cetiya)ཟེར། རྒྱ་གར་ལྷོ་ཕྱོགས་ཨན་ཌི་ར་(Amarvati)མངའ་སྡེའི་ནཱ་གྷར་ཇའུ་ན་ཀོན་ཌ་(Nagarjunakonda)ཞེས་པར་ཡོད། འབྲས་སྤུངས་མཆོད་རྟེན་ཆེན་མོ་ནས་འགྲུལ་འཁོར་ནང་ཆུ་ཚོད་བཞི་ཙམ་གྱི་སར་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞུགས་གནས་ཡོད། ༼ ༡ ༽ སློབ་དཔོན་ཀླུ་སྒྲུབ་བ་རྫིས་ཁུར་ནས་ཆུ་བོ་བརྒལ་བ་དང་། བ་རྫི་ཡུལ་གྱི་རྒྱལ་པོ་སཱལ་བྷན་ངྷ་ཞེས་བྱ་བར་བྱིན་གྱིས་བརླབས་པ། གནས་འདི་ནས་རྒྱལ་བོ་སཱལ་བྷན་ངྷ་འཁོར་བར་ངེས་འབྱུང་སྐྱེས་ཏེ། རྒྱལ་སྲིད་སྤང་རྒྱུ་སློབ་དཔོན་ལ་ཞུས་པ་སོགས་དང་། གནས་དེར་སྒོམ་སྒྲུབ་མཛད་དེ་ཡུན་རིང་བཞུགས་ཅེས་པ། ཡང་སྔོན་གྱི་གནོད་སྦྱིན་མོ་བརྒྱད་ཀྱིས་སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུ་ལུས་བསྲུངས་ཏེ་ད་ལྟ་ཡང་ཡོད་དོ།། བླ་མའི་གདུང་འཚོབ་ཏུ་ཀླུའི་བྱང་ཆུབ་བཞུགས་པའི་འོད་མཚན་མོ་འཕྲོ་བ་ཟླ་ཟེར་ཙམ་ད་ལྟ་ཡང་ཡོད་དོ།། ཞེས་གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་རྒྱ་གར་པར་མ་ཤོག་ངོས་ ༧༣ པར་གསལ། ༼ ༢ ༽ ཕྱི་ལོ་ ༡༩༥༨ ལོའི་སྔོན་ས་དེར་རྒྱུག་ཆུ་ལས་མཚོ་མེད་པར་བཤད། དེང་སང་མཚོ་དབུས་སུ་ཧ་ཅང་དབེན་པའི་ལྷོ་ཕྱོགས་དཔལ་རི་འདུག ༼ ༣ ༽ འགྲེམས་སྟོན་ཁང་ཞིག་ཡོད་པ་རྒྱལ་སྲུང་དམག་གིས་སྲུང་འདུག་ལ། སྔར་གྱི་དགོན་ཤུལ་ལྟ་བུ་ཞིག་ཏུ་སངས་རྒྱས་སངས་རྒྱས་ཀྱི་སྐུ་བརྙན་མི་ཚད་གཅིག་དང་ཕྱེད་ཀྱི་ཚད་དང་། ཀླུ་སྒྲུབ་བཞུགས་གནས་སུ་གྲགས་པ་རྡོ་ཡི་སྤྱིལ་བུ་དང་འཁྲུས་རྫིང་སོགས་ཀྱང་འདུག
༼ སཱན་ཅི། ༽
སཱན་ཅི་(Sanchi)ཞེས་པ་ནི་རྒྱ་གར་མ་ཌ་ཡ་(Madhya Pradesh)མངའ་སྡེའི་བྷོ་བཱལ་ས་ཁོངས་སུ་གཏོགས་ཤིང་། རྒྱལ་ས་ལྡི་ལི་ནས་མཚན་གཅིག་གི་མེ་འཁོར་ལམ་ཡིན། མུམ་བྷེ་མེ་འཁོར་ནང་ཕྱིན་ན་སྤྱི་ལེ་ ༥༤༩ ཡི་སར་ཡོད།
༼ ༡ ༽ གནས་འདི་ནི་རྒྱ་གར་ནང་ཡོངས་སུ་གྲགས་པའི་ནང་པའི་གནས་ཆེན་ཞིག་ཏུ་བརྩི་ལ། སིངྒ་ལའི་ལོ་རྒྱུས་ནང་སན་ཅི་མིང་ལ་ཙི་ཏི་ཡ་གི་རུ་མཆོད་རྟེན་གྲོང་ཟེར། གནས་དེ་ནི་ཨ་ཤོ་ཀས་ཚོང་པའི་བུ་མོ་ཁབ་ཏུ་བཞེས་ཏེ། ཅེེ་ཏི་ཡ་གི་རིའི་རྩེར་དགོན་པ་བཞེངས་པ་དེ་ཡིན་གསུངས། ཚོང་པའི་བུ་མོར་འཁྲུངས་པའི་ཨ་ཤོ་ཀའི་སྲས་མ་ཧེན་ཌྲ་སིངྒ་ལར་ཆོས་ཀྱི་བྱ་བ་བྱེད་པའང་གནས་འདི་ནས་ཕེབས་པར་བཤད། སན་ཅིའི་མེ་འཁོར་འབབ་ཚིགས་ཆུང་བ་ནས་ཕར་བལྟས་ན་ཤར་ཕྱོགས་ཀྱི་རི་ཐོད་དུ་སན་ཅི་མཐོང་ཐུབ་ཅིང་། དེར་ཡོད་པའི་མཆོད་རྟེན་རྣམས་སྤྱི་ལོའི་སྔོན་གྱི་ལོ་གསུམ་དང་། སྤྱི་ལོའི་རྗེས་ཀྱི་ལོ་ ༡༢༠༠ ཙམ་ལ་བཞེངས་པར་གྲགས། དབུས་ཀྱི་མཆོད་རྟེན་མཐའ་སྐོར་དུ་རྡོའི་དྲ་མིག་ཅན་གྱི་ར་བས་བསྐོར་ཞིང་། མཆོད་རྟེན་གྱི་ཕྱོགས་བཞིའི་རྡོའི་སྒོ་ཆེན་ལ་སངས་རྒྱས་ཀྱི་སྐྱེས་རབས་མཛད་ཆེན་ཁག་དང་། ཆོས་རྒྱལ་ཨ་ཤོ་ཀ་ཐོག་མར་རྡོ་རྗེ་གདན་དུ་ཕེབས་པ་སོགས་རི་མོ་དང་། གནས་གཞན་དུ་མ་གསལ་བའི་ཨ་ཤོ་ཀའི་རྣམ་ཐར་མང་པོ་ལྡེབས་རིས་སུ་བཀོད་འདུག ༼ ༢ ༽ མཆོད་རྟེན་ཆེན་པོའི་བྱང་དུ་མཆོད་རྟེན་ཨང་གྲངས་གསུམ་པའི་ནང་སྟོན་པའི་ཉན་ཐོས་ཆེན་པོ་ཤ་རིའི་བུ་དང་། མོའུ་འགལ་གྱི་བུ་་རྣམ་གཉིས་ཀྱི་རིང་བསྲེལ་བཞུགས་ཡོད་ཅེས་གསུངས། ༼ ༣ ༽ གཞན་སན་ཅི་ནས་ཐག་མི་རིང་བའི་སོོ་ན་རི་ཞེས་པ་དང་། སཏ་དཱ་ར་ཞེས་པ། བྷོ་ཛ་པུར་ཞེས་པ། ཨན་དཱར་ཞེས་པ་སོགས་སུ་རིང་བསྲེལ་གནས་པའི་མཆོད་རྟེན་དང་། འགྲེམས་སྟོན་ཁང་སོགས་ཡོད་པ་གནས་ཡིག་ཁག་ཅིག་ཏུ་གསལ།
༼ ཨེ་ལོ་རཱ། ༽
ཨེ་ལོ་རཱ་(Ellora)རྒྱ་གར་ལྷོ་ཕྱོགས་མ་ཧཱ་ར་ཤ་ཏྲ་(Maharashtra)མངའ་སྡེའི་ཨའུ་རན་གྷ་བྷ་ཌི་(Auran gabad)་གྲོང་ཁྱེར་གྱི་ཉེ་སར་ཡོད། ཆེན་ཨེ་ལོ་རཱའི་བྲག་ཕུག་ ༡༢ ཙམ་ནང་པའི་ཕུག་པ་དང་། གཞན་དག་བྷར་མན་(བྲམ་ཟེ)དང་། ཛ་ནི(མུ་སྟེགས་པའི་ཆོས་ལུགས)བཅས་ཀྱི་བྲག་ཕུག་ཡིན་འདུག སྤྱི་ལོ་ ༥༥༠ ནས་ ༧༥༠ བར་མི་ལོ་ཉིས་བརྒྱ་ཙམ་གྱི་རིང་བཞེངས་ཏེ་གྲུབ་པར་བཤད་ཅིང་། བྲག་ཕུག་ཨང་ ༡༠ པ་ནི་བི་ཤ་ཀརྨའི་ཕུག་པ་དང་། ཨང་ ༢ པར་སངས་རྒྱས་ཀྱི་སྐུ་བརྙན་ཆེ་བ་ཞིག དེ་མིན་ཏིན་ཐལ་བྲག་ཕུག་སོགས་ཕུག་པ་ཕལ་མོ་ཆེར་སངས་རྒྱས་ཀྱི་སྐུ་བརྙན་མཇལ་རྒྱུ་ཡོད། ཨེ་ལོ་རའི་བྲག་ཕུག་ཀེ་ལ་ཤ་ཟེར་བ་ནི་ཧིན་རྡུའི་ལྷ་ཁང་ཆེ་ཤོས་དང་མཛེས་རྩལ་གྱི་ཁྱད་ཆོས་ལྡན་པ་དེ་ཁོ་ན་ཡིན། ཨའོ་རངྒ་བྷ་ད་ནས་ཨེ་ལོ་ར་ལ་ཆུ་ཚོད་ཕྱེད་ཙམ་གྱི་ལམ་ཐག་དང་། ཨ་ཇན་དར་ཆུ་ཚོད་གཅིག་ལྷག་འགྲོ་དགོས།
༼ ཨ་ཇན་ཏཱ། ༽
ཨ་ཇན་ཏཱ་(Ajanta)ནི་རྒྱ་གར་ལྷོ་ཕྱོགས་མ་ཧཱ་ར་ཤ་ཏྲ་(Maharashtra)མངའ་སྡེའི་ནང་ཡོད་ཅིང་། སྤྱིར་ལུང་པ་གུ་དོག་པོ་ཁ་ལྷོ་རུ་འཁོར་བ་ཞིག་ཏུ་བྲག་ལྡེབས་གཅིག་ལ་བཞེངས་པའི་ཕུག་པ་ཆེ་ཆུང་ ༢༧ ཡོད། བྲག་ཕུག་རྣམས་ནང་པའི་གནས་ཁོ་ན་ཡིན་ཞིང་། བྲག་ཕུག་ཕྱི་ནང་གི་རི་མོ་རྣམས་ཚོན་ལྡན་དང་ཚོན་ལྡན་མིན་པ་བཅས་འདུག ལ་ལ་འདུ་ཁང་དང་། ལ་ལ་གཙུག་ལག་ཁང་། ལ་ལ་སྒྲུབ་ཕུག དཔེར་ན། བྲག་ཕུག་དང་པོར་ཐུགས་རྗེ་ཆེན་པོ་ཁ་སར་པ་ཎིའི་ལྷ་ཁང་ཡིན་ལ་དེའི་ཕྱི་ནང་གི་བཟོ་བཀོད་ནི་བློའི་ཡུལ་ལས་འདས་པ་ཞིག་རེད། བྲག་ཕུག་ ༤ བར་རྡོ་ལས་གྲུབ་པའི་ཀ་བ་ ༣༢ ཡོད་པའི་ཚོམས་ཆེན་ཡོད། བྲག་ཕུག་ ༧ པར་སྟོན་པ་དཀྱིལ་དཀྲུང་བཞུགས་པའི་སྐུ་བརྙན་ཆེན་པོ་ཞིག་དང་། དེའི་སྒོ་འཕྱོར་དུ་སྟོན་པའི་སྐུ་བརྙན་འགའ་བཞུགས། བྲག་ཕུག་ ༡༦ པ་ཡང་ཚོམས་ཆེན་ཡིན་ལ། དེའི་ནང་གི་རྡོའི་མཆོད་རྟེན་དང་མཛེས་སྡུག་ལྡན་པའི་ཀ་བ་བཅས་བྲག་ཕུག་གཞི་གཅིག་ལས་གྲུབ་པ། བྲག་ཕུག་ ༡༧ པའི་ནང་སངས་རྒྱས་སྐུ་བལྟམས་པ་དང་བཙུན་མོ་གྲགས་འཛིན་མ་དང་སྲས་སྒྲ་གཅན་འཛིན་གྱི་ལྡེབས་རིས་བཅས་འདུག བྲག་ཕུག་ ༡༦ པའི་ནང་དུ་སངས་རྒྱས་མྱ་ངན་ལས་འདས་པའི་སྐུ་བརྙན་བཞུགས། མུམ་བྷེ་ནས་ཇག་གཱ་འོན་དང་། དེ་ནས་ཨ་ཇན་ཏཱ་བར་མེ་འཁོར་ནང་ཕྱིན་ཚེས་སྤྱི་ལེ་ ༢༩༨ ཙམ་ཡོད།
༼ མཚོ་པདྨ་ཅན། ༽
མཚོ་པདྨ་ཅན་ལ་རྒྱ་གར་སྐད་དུ་ར་ཝལ་སར་(Rawalsar)ཟེར། ཧི་མ་ཅལ་(Himachal)མངའ་སྡེ་ཁོངས་མཎ་ཌིའི་ཁུལ་དུ་ཡོད། རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལ་ནས་འགྲུལ་འཁོར་ནང་སོང་ཚེ་ཆུ་ཚོད་ ༦ ཙམ་དང་། སྔོན་གྱི་ཟ་ཧོར་རྒྱལ་པོའི་ཕོ་བྲང་མཎ་ཌིའི་རྒྱལ་སར་ཡོད་པ་དང་། ས་དེ་གའི་གྲོང་ཁྱེར་རྙིང་ཤོས་སུ་བརྩི། ༼ ༡ ༽ ཟ་ཧོར་མཚོ་པདྨ་ཅན་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཟ་ཧོར་སྲས་མོ་མཎ་ངྷ་ར་བ་སོགས་རྗེས་སུ་བཟུང་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བཞིན་པ་ཟ་ཧོར་རྒྱལ་པོས་གསན་མ་ཐག་སློབ་དཔོན་ཡབ་ཡུམ་གྱིས་འདོད་ལོག་བྱེད་པར་མཐོང་ནས་སློབ་དཔོན་གསོན་བསྲེགས་བྱས། འབྱུང་བ་མེ་ཡིས་མ་ཚིག་པར་མེ་དཔུང་མཚོ་རུ་བསྒྱུར་སྐབས་གུ་རུ་པདྨ་སམ་བྷ་ཝ་ཞེས་གྲགས་སོ།། ༼ ༢ ༽ མཚོ་པདྨ་ཅན་གྱི་རི་རྩེའི་བྲག་ཕུག་ནི་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་སྒྲུབ་མཚམས་ལ་བཞུགས་གནས་དང་། དེའི་འཁྲིས་སུ་ལྷ་ལྕམ་མཎ་ངྷ་ར་བའི་སྒྲུབ་ཕུག་ཀྱང་ཡོད། ༼ ༣ ༽ མཎ་ཌིིའི་གྲོང་ཁྱེར་གྱི་ཟམ་སྣེའི་ཐད་དུ་མཎ་ངྷ་ར་བ་ཁྲིམས་ལ་སྦྱར་བའི་མཚོན་དོང་ཡོད། སློབ་དཔོན་གསོན་བསྲེགས་བྱས་པ་དང་ཆབས་གཅིག་མཎ་ངྷ་ར་བ་ཡང་ལོ་ ༢༥ ཉེས་ཁྲིམས་བཅད་པར་གྲགས།
༼ ཛ་ལེན་ངྷ་ར། ༽
ཛ་ལེན་ངྷ་ར། (Jalandher)ཞེས་པའི་གནས་ནི་ཧི་མ་ཅལ་(Himachal)མངའ་སྡེའི་ཀཱང་ར་རྫོང་ཁོངས། ཡོངས་གྲགས་སུ་ངྷ་རམ་ས་ལ་ཟེར། ༼ ༡ ༽ འདི་ནི་རྒྱ་གར་ནང་པའི་གནས་ཆེན་ཉེར་བཞིའི་ཡ་གྱལ་ནུབ་ཕྱོགས་ཛ་ལན་ངྷ་ར་ཞེས་བྱ་བའི་གནས་གྲགས་ཆེན་དེ་ཡིན་ཞིང་། སྔར་རྗེ་རྒོད་ཚང་པ་གནས་འདིར་ལོ་ཕྱེད་ཙམ་བཞུགས་པ་གནས་ཡིག་ཁག་ཅིག་ཏུ་གསལ། ༼ ༢ ༽ རྒྱ་དམར་གྱིས་བོད་ས་བཙན་བཟུང་བྱས་རྗེས་རང་ཅག་ཁ་བ་གངས་ཅན་པའི་འདི་ཕྱི་གཉིས་ཀྱི་སྐབས་གནས་དམ་པ། ༧གོང་ས་ཡིད་བཞིན་ནོར་བུའི་གནས་སྐབས་ཀྱི་བཞུགས་གནས་ཀྱང་འདི་ཡིན་ནོ།། ༼ ༣ ༽ ངྷ་རམ་ས་ལ་དང་ཉེ་བའི་ཀཱང་ར་རྫོང་གི་རི་རྒྱབ་ཏུ་ཆོས་རྒྱལ་མ་ཤོ་ཀའི་ཕོ་བྲང་གི་ཤུལ་ཡོད། དེ་ནི་བྱ་མགྲིན་སྔོན་ཟླ་བའི་རྟོགས་པ་བརྗོད་པའི་ནང་། ཛ་ལེན་ངྷ་རའི་ཆོས་རྒྱལ་མ་ཤོ་ཀའི་ཕོ་བྲང་ཡིན་སྐད་ལ། མ་ཧཱ་མ་ཏི་མ་ཞེས་པ་ཆོས་རྒྱལ་མ་ཤོ་ཀའི་སྲས་མོ་འཕགས་མ་བློ་གྲོས་མའི་འཁྲུངས་གཞིས་ཀྱང་ཡིན། ༼ ༤ ༽ ཀཱང་ར་རྫོང་དཀྱིལ་དུ་ཧིན་རྡུའི་ལྷ་ཁང་ཆེན་པོ་ཞིག་གི་ནང་ཕྱི་ནང་གཉིས་ཀྱིས་རྩ་ཆེན་པོར་རྩི་བའི་རྡོ་རྗེ་ཕག་མོའི་སྐུ་རྟེན་ཞིག་ཀྱང་མཇལ་རྒྱུ་ཡོད།
༼ གུ་རུ་ངྷི་ལི་པ། ༽
གྲུབ་ཆེན་གུ་རུ་ངྷི་ལི་པ། གནས་འདི་ནི་ཧི་མ་ཅལ་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་གྲུབ་ཆེན་ངྷི་ལི་པ་ཞེས་བྱ་བ་ཁོང་གི་སྒྲུབ་གནས་ངྷ་རམ་ས་ལ་ནས་པཱ་ཀྲན་ཀོ་ཊིར་འགྲོ་བའི་ལམ་ཁར་ཏི་ལོཀ་པུར་(Tilokpur)ཞེས་པའི་གྲོང་གསེབ་ཅིག་གི་ཆུ་ངོགས་སུ་ཡོད། སྔར་ཡུལ་དེ་སཏཔརི་ཞེས་པ་དང་། གནས་དེར་གྲུབ་ཆེན་ངྷི་ལི་པས་ལོ་དྲུག་ལ་བསྐྱེད་རྫོགས་ཟུང་དུ་འཇུག་སྟེ་མཐར་གྲུབ་པ་བརྙེས། ན་རོ་པའི་བླ་མ་གྲུབ་ཆེན་ཏེ་ལོ་པ་དང་། ཏིལ་བརྡུང་མཁན་གྲུབ་ཆེན་ངྷི་ལི་པ་གཉིས། ཁ་ཅིག་གིས་གྲུབ་ཆེན་རྣམ་པ་གཉིས་མི་གཅིག་ཏུ་འཛིན་པ་ལ། གྲུབ་ཆེན་བརྒྱད་ཅུའི་མཛད་རྣམ་ལ་གཟིགས་དང་སོ་སོར་རྟོགས་ཐུབ། གྲུབ་ཆེན་ངྷི་ལི་པས་ཏིལ་རྡུང་སྣོད་ཡིན་ཟེར་བའི་ཤིང་གཏུན། ད་ལྟའི་ཏི་ལོཀ་པུར་བཙུན་དགོན་ཀརྨ་སྒྲུབ་བརྒྱུད་དར་རྒྱས་གླིང་དུ་མཇལ་རྒྱུ་ཡོད།
བོད་ཀྱི་དུས་བབ་རྩོམ་སྒྲིག་པས་མགོ་ལོག་དམ་ཆོས་དཔལ་བཟང་ལགས་ཀྱི་གནས་སྐོར་ཟིན་ཐོ་ཕྱོགས་བསྒྲིགས་༼ གནས་སྐོར་ལམ་ཡིག ༽ ཅེས་པ་ལས་བསྡུ་སྒྲིག་བྱས།