མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ཐོག་རྒྱ་གར་གྱིས་པེ་ཅིན་དང་ལྷན་དུ་མཚམས་ཐིག་ཅིག་བཀོད་དགོས།

བོད་ཀྱི་དུས་བབ།
༢༠༡༧/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

སློབ་དཔོན་བྷར་མ་ཆཱེ་ལེ་ནཱེ་(Prof Brahma Chellaney)ཡིས་བརྩམས།
ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།

རྒྱ་གར་དང་རྒྱ་ནག་གཉིས་པོ་ཧ་ལམ་དཔྱི་མགོ་ནས་སྦྲེལ་ཡོད་པ་ལྟར་རྒྱལ་ཁབ་དེ་གཉིས་མཚུངས་འགྲིག་བྱེད་རྒྱུ་ནི་གོམས་སྲོལ་ཞིག་ཏུ་འགྱུར་བཞིན་ཡོད་མོད། འོན་ཀྱང་ཆབ་སྲིད་དང་དཔལ་འབྱོར། རིག་གཞུང་བཅས་པ་གང་ཅིའི་ཆ་ནས་རྒྱལ་ཁབ་དེ་གཉིས་པོར་མཐུན་པའི་ཆ་ཅུང་ཟད་ཅིག་ལས་མེད་པ་དེ་ནི་རྒྱུན་དུ་རྗེད་བཞིན་ཡོད་པ་རེད།

ལྟོས་ས་ལྟོས་ཆོས་ཀྱི་སྒོ་ནས་བརྗོད་ན་རྒྱལ་ཁབ་དེ་གཉིས་པོ་ནི་གསར་དུ་མགོ་བཙུགས་ཙམ་ཡིན་པའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཆགས་ཡོད། དཔལ་ཡོན་ལྡན་པའི་རྒྱལ་ཁབ་གཉིས་པོ་དེའི་ལོ་རྒྱུས་ཀྱི་འཕེལ་རིམ་ཧྲིལ་པོའི་ནང་ནུབ་ཡུ་རོབ་ལས་རྒྱ་ཆེ་བའི་ས་ཁྱོན་ཞིག་ཏུ་ཁྱབ་སྟེ་ཡོད་པའི་བོད་ཀྱི་མཐོ་སྒང་ཆེན་པོ་དེས་ཐ་དད་དུ་འཕྲལ་ཏེ་ཕན་ཚུན་གྱི་འབྲེལ་ལམ་ལ་ཚད་བཀག་བྱུང་ནས་སྐབས་མཚམས་འགའ་ཞིག་ལ་མ་གཏོགས་རྒྱུན་མཐུད་པའི་ཆོས་དང་རིག་གཞུང་གི་འབྲེལ་གཏུག་ཅིག་བྱུང་མེད།

༡༩༥༡ ནང་བོད་དེ་རྒྱ་ནག་གིས་བཙན་བཟུང་བྱས་རྗེས་ཁོ་ནར་རྒྱ་གར་གྱི་ཧི་མ་ལ་ཡའི་ས་མཚམས་ཀྱི་སྟེང་དུ་ཐེངས་དང་པོར་རྒྱ་ནག་གི་དམག་གི་སྡེ་ཁག་རྣམས་མངོན་པར་གྱུར་ཡོད། དེ་ནས་ལོ་ངོ་ ༡༡ གི་རྗེས་སུ་དམག་འཁྲུག་ཅིག་བྱུང་སྟེ་དེའི་ནང་རྒྱ་ནག་གིས་བླངས་པའི་དམག་སའི་སྟེང་གི་རྒྱལ་ཁ་དེས་འགྲན་རྒོལ་གྱི་ས་བོན་ཆེན་པོ་ཞིག་བཏབ།

ད་ཆ་བོད་ནི་རྒྱ་དཀར་ནག་གྱི་འགལ་རྐྱེན་གྱི་དབུས་སུ་གནས་ཏེ་ས་མཚམས་ཀྱི་རྩོད་གླེང་དང་། རྒྱལ་འབྲེལ་གྱི་དོགས་མི་བདེ་བའི་གནས་སྟངས། གཙང་ཆུའི་རྒྱུ་ཕྱོགས་ཐོག་གི་རྩོད་རྙོག་སོགས་སློང་བཞིན་ཡོད། དཔེར་ན། (༢༠༡༦ ལོའི་)སྤྱི་ཟླ་ ༡༢ པའི་ནང་བཙན་འབྱོལ་དུ་གནས་ཡོད་པའི་ཏཱ་ལའི་བླ་མ་མཆོག་(ཁོང་ནི་ ༡༩༥༩ ནང་བོད་ནས་བྲོས་འབྱོལ་དུ་ཕེབས་པ་ནས་བཟུང་ད་བར་རྒྱ་གར་ནང་བཞུགས་ཡོད་པ་རེད་)སྲིད་འཛིན་ཕོ་བྲང་དུ་སྤྱི་དམངས་འདུ་འཛོམས་ཀྱི་མཛད་སྒོ་ཞིག་ཏུ་གདན་དྲངས་ཏེ་རྒྱ་གར་རྒྱལ་ཁབ་ཀྱི་མགོ་གཙོ་སྲིད་འཛིན་པར་ནབ་མུ་ཁར་ཇིའི་དང་ལྷན་དུ་མཇལ་འཕྲད་གནང་བར་པེ་ཅིང་གིས་ལྡི་ལི་གསར་པའི་གཞུང་ལ་ཤུགས་དྲག་ཆེན་པོའི་སྒོ་ནས་སྐྱོན་བརྗོད་བྱས་ཡོད།

ཡོང་འཆར་གྱི་བདུན་ཕྲག་ནང་ཏཱ་ལའི་བླ་མ་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆོས་ཕྱོགས་ཀྱི་མཚམས་གཟིགས་ཤིག་གནང་མགོ་ཚུགས་སྐབས་པེ་ཅིན་གྱིས་རྒྱལ་འབྲེལ་གྱི་ངོ་རྒོལ་སྐད་འབོད་སྔར་བས་ཆེ་བ་ཞིག་བྱ་རྒྱུ་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་པ་རེད། ཨ་རུ་ནཱ་ཅལ་ནི་རྒྱ་གར་གྱི་མཐའ་མཚམས་ཁུལ་དུ་ཁ་འགྲམས་ཏེ་གནས་ཡོད་པའི་མངའ་སྡེ་ཞིག་ཡིན་ཞིང་། མངའ་སྡེ་དེའི་གདོད་མའི་ནགས་ཚལ་དང་མཐོན་པོར་འགྱིངས་ཏེ་གནས་ཡོད་པའི་རི་རྒྱུད་རྣམས་སྙན་གྲགས་ཆེན་པོ་ཡོད། རྒྱ་ནག་གིས་མངའ་ཁུལ་དེ་ལ་བདག་དབང་རྩོད་ལེན་བྱེད་བཞིན་ཡོད་ལ་ ༢༠༠༦ ལོ་ནས་བཟུང་རྒྱ་ནག་གིས་མངའ་ཁུལ་དེ་ལ་ “ལྷོ་བོད་” ཅེས་འབོད་ཡོད།

བོད་ནི་རྒྱ་ནག་དང་རྒྱ་གར་གྱི་གནས་དོན་ཙམ་མ་ཡིན་པར་སྐབས་བབ་ཀྱི་གནས་དོན་གལ་ཆེན་ཞིག་ཆགས་ཡོད། བོད་ཀྱི་ས་བབ་མཐོན་པོ་དེའི་སྟེང་འཛམ་གླིང་གི་ཆེས་མཐོ་ཤོས་ཀྱི་རི་བོ་རྣམས་དང་། འཁྱགས་རོམ་དང་གཙང་ཆུའི་ཆུ་མགོ་རྣམས་ཀྱི་འདུ་ཚོགས་ཆེ་ཤོས་དེ་ཆགས་ཡོད་པས། བོད་མཐོ་སྒང་གིས་རླུང་ཁམས་ཀྱི་འཁོར་རྒྱུགས་ལ་ཤུགས་རྐྱེན་བཟོ་བཞིན་ཡོད། དེས་རྐྱེན་པས་ཕྱེད་གོ་ལ་བྱང་མ་ཁྱོན་ཡོངས་ཀྱི་གནམ་གཤིས་ཀྱི་འགྱུར་ལྡོག་ལའང་ཤུགས་རྐྱེན་བཟོ་བཞིན་ཡོད་པ་རེད།

སྣོད་བཅུད་ཀྱི་གནས་བབས་ཆ་ནས་རྒུད་སླ་ཡང་རང་བྱུང་ཐོན་ཁུངས་ཀྱིས་ཕྱུག་པའི་མཐོ་སྒང་འདི་རྒྱ་ནག་གིས་གཏེར་རིགས་སྔོག་འདོན་དང་ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞིའི་ལྟེ་གནས་ཤིག་ཏུ་སྒྱུར་བཞིན་ཡོད། འཛམ་གླིང་གི་ཡུལ་ལུང་གཞན་དང་འདྲ་བར་བོད་མཐོ་སྒང་གི་ཚ་དྲོད་ནི་སྔར་གྱི་ཚད་གཞི་ལས་ཉིས་ལྡབ་ཀྱིས་ཆེ་བ་འཕེལ་བཞིན་ཡོད་པས་ཧི་མ་ལ་ཡའི་ཤར་ངོས་ཀྱི་འཁྱགས་རོམ་བྲི་འགྱུར་དང་བོད་ནང་གི་གཏན་འཁྱགས་ས་གཞིའི་བཞུར་རྒྱུན་ནི་མངོན་གསལ་གྱིས་ཇེ་ཆེར་འགྲོ་བཞིན་ཡོད།

བོད་མཐོ་སྒང་དུ་འཕྲད་པའི་ཁོར་ཡུག་གི་དཀའ་ངལ་དེས་བོད་མཐོ་སྒང་ནས་བྱུང་བའི་ཨེ་ཤ་ཡའི་རྒྱུག་ཆུའི་མ་ལག་ཆེན་པོ་ ༡༠ ལ་རྟེན་ལྟོས་བྱེད་བཞིན་པའི་རྒྱལ་ཁབ་རྣམས་ཀྱིས་ཐེ་བའི་རྒྱལ་ཁབ་གཞན་མང་དག་ཅིག་གི་སྣོད་བཅུད་ཀྱི་བདེ་ཐབས་ལ་ཉེན་འཚབས་བཟོ་བཞིན་ཡོད། དེ་ནའང་ཁོར་ཡུག་གི་དཀའ་ངལ་དེ་དག་ནི་མངའ་ཁུལ་དེའི་ནང་གི་ཆབ་སྲིད་ཀྱི་གནོན་ཤུགས་ཀྱིས་བཀབ་སྟེ་མངོན་ཆུང་དུ་བཏང་ཡོད།

རྒྱ་ནག་གིས་བོད་ཀྱི་ཆོས་ཡོན་གྱི་འབྲེལ་བའི་གླེང་ཕྱོགས་གཞིར་བཟུང་སྟེ་རྒྱ་གར་གྱི་ཧི་མ་ལ་ཡའི་ས་ཁུལ་རྒྱ་ཆེ་ཞིག་གི་ཐོག་བདག་དབང་ཡོད་ཚུལ་རྗོད་ཀྱི་ཡོད་པ་རེད། རྒྱ་དཀར་ནག་གི་འབྲེལ་ལམ་གྱི་སྟེང་དུ་ཁྱབ་ཡོད་པའི་བོད་ཀྱི་གྲིབ་གཟུགས་རིང་པོ་དེ་ནི་བོད་མིའི་བཙན་བྱོལ་གཞུང་གི་བསྟི་གནས་དང་ཏཱ་ལའི་བླ་མའི་ཡུན་རིང་གི་བཞུགས་གནས་རྒྱ་གར་གྱི་རི་ཁུལ་གྱི་མཛེས་ལྗོངས་རྡ་རམ་ས་ལ་ནས་ཀྱང་མངོན་གསལ་ངང་མཐོང་བཞིན་ཡོད།

བོད་ཤོར་བ་དེས་རྒྱ་གར་གྱི་དེང་རབས་ལོ་རྒྱུས་ནང་ཆེས་ཤུགས་རྐྱེན་ཟབ་པའི་ས་ཁམས་ཆབ་སྲིད་ཀྱི་འཕེལ་རིམ་ཞིག་བསྟན་ཡོད། དེས་རྒྱ་ནག་ལ་ཐེངས་དང་པོར་རྒྱ་གར་དང་འབྲུག བལ་ཡུལ་བཅས་དང་ལྷན་དུ་སྦྲེལ་ཡོད་པའི་ས་མཚམས་ཤིག་སྤྲད་ཡོད་ལ། རྒྱ་ནག་དང་པ་ཀི་སི་ཐན་གཉིས་ལ་ཐུན་མོང་གི་ས་ཐོག་ནས་སྦྲེལ་ཡོད་པའི་སྲང་ལམ་ཞིག་ཁ་ཕྱེས་ཏེ་རྒྱལ་ཁབ་དེ་གཉིས་དབར་དམག་དོན་དང་འབྲེལ་བའི་མཐུན་ཕྱོགས་ཀྱི་འབྲེལ་ལམ་འཛུགས་རྒྱུར་མཐུན་རྐྱེན་སྦྱར་ཡོད།

ལྡི་ལི་གསར་པའི་བསྟུན་ཐབས་ཀྱི་ལངས་ཕྱོགས་ཀྱིས་གང་བྱུང་དུ་བར་བཞུགས་བྱེད་པའི་རྒྱ་ནག་གི་ཉེན་འཚབས་ཆེ་བའི་བྱ་སྤྱོད་ལ་བློ་སྟོབས་སྦྱིན་བཞིན་ཡོད།

ཤུགས་རྐྱེན་དེ་ནི་རྒྱ་གར་གྱིས་རང་ཉིད་ཀྱི་དབང་ཤུགས་ཀྱི་ཁེ་ཕན་ཇེ་ཆུང་དུ་བཏང་ཞིང་རང་ཉིད་ཀྱི་ “རྒྱ་ནག་གི་དཀའ་ངལ་” ཚབས་ཆེར་བཏང་བའི་རྒྱ་གར་གྱི་ནོར་འཛོལ་རྣམས་ཀྱིས་ཇེ་སྡུག་ཏུ་བཏང་ཡོད། ལྡི་ལི་གསར་པ་ནི་ ༡༩༤༩ ནང་རྒྱ་ནག་དམར་ཤོག་ཚོགས་པས་དབང་ཆ་བཟུང་རྗེས་པེ་ཅིང་ནང་མཱའོ་ཙེ་ཏུང་གིས་སྣེ་འཁྲིད་པའི་སྲིད་གཞུང་དེ་དང་ལེན་བྱེད་མཁན་གྱི་རྒྱལ་ས་དང་ཤོས་གཅིག་ཆགས་ཡོད། དེ་ནའང་ལོ་གཉིས་ཙམ་གྱི་རྗེས་སུ་མཱའོ་ཡིས་ལོ་རྒྱུས་རང་བཞིན་གྱི་བར་གནས་རྒྱལ་ཁབ་བོད་བཙན་བཟུང་བྱས་སྟེ་རྒྱ་གར་གྱི་ཕྱིའི་བདེ་འཇགས་ཀྱི་མཚམས་ཐིག་དམིགས་མེད་དུ་བཏང་ཡོད།

ཇཱོ་ཝ་ཧཱར་ལཱལ་ནེ་རུ་ནི་དོན་དངོས་ལས་བརྒལ་བའི་བསམ་བློའི་ལྟ་གྲུབ་འཛིན་པ་ཞིག་ཡིན་ཞིང་། ཁོང་གིས་ཤ་ཞེན་ཆེན་པོའི་སྒོ་ནས་རྒྱ་ནག་ནི་གཞན་གྱི་བཙན་འོག་ནས་ཐར་བའི་རང་ཉིད་དང་མཚུངས་པའི་རྒྱལ་ཁབ་ཤིག་གི་ངོ་བོར་བལྟས་ཏེ། རྒྱ་གར་གྱིས་དེ་སྔོན་རང་ཉིད་བཙན་འོག་ཏུ་གནས་སྐབས་ཀྱི་བདག་པོ་ཨིན་ཡུལ་ནས་རྒྱུད་སྤྲོད་བྱུང་བའི་བོད་ནང་དུ་སྤྱོད་ཆོག་པའི་ས་མཚམས་ལས་བརྒལ་བའི་ཐོབ་ཐང་རྣམས་བློས་གཏོང་བྱས་ཡོད། ད་མུས་གནས་བཞིན་ཡོད་པའི་རྒྱ་གར་དང་བོད་ཀྱི་ས་མཚམས་ལ་པེ་ཅིང་ལ་ངོས་ལེན་བྱེད་དུ་མ་བཅུག་པར་རྒྱ་གར་གྱིས་ “བོད་ནི་རྒྱ་ནག་གི་མངའ་ཁུལ་” ཡིན་པའི་ངོས་ལེན་ཀྱང་བྱས་ཡོད། ཡ་མཚན་པ་ཞིག་ལ་བོད་ནང་རྒྱ་ནག་གི་ཐོབ་ཐང་ངོས་འཛིན་བྱས་པའི་ཆིངས་དེ་ལ་བོད་རྒྱུད་ནང་བསྟན་གྱི་ལྟ་གྲུབ་ཞི་མཐུན་མཉམ་གནས་ཀྱི་རྩ་བ་ལྔ་པཱང་ཆ་ཤི་ལཱ་ཞེས་འབོད་པ་དེའི་མིང་བཏགས་ཡོད།

ཕལ་ཆེར་དུས་རབས་ཕྱེད་ཙམ་ཞིག་གི་རྗེས་སུ་སྟེ་ ༢༠༠༣ ལོར་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་མགོ་གཙོ་རྣམས་ཀྱིས་མིང་རྟགས་བཀོད་པའི་ཡིག་ཆ་ཞིག་གི་ནང་ “ངོས་འཛིན་པ་” ཞེས་པའི་ཁྲིམས་ལུགས་ཀྱི་བརྡ་ཆད་དེ་བཀོལ་སྤྱོད་བྱས་པས་རྒྱ་གར་གྱིས་སྔར་གྱི་གནས་བབས་ལས་བརྒལ་ཏེ་གཞུང་འབྲེལ་གྱི་སྒོ་ནས་བོད་ནི་ “རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་ཀྱི་ཆ་ཤས་” ཡིན་པར་ཁས་ལེན་བྱས་པ་རེད།

བཀའ་བཀོད་ཀྱི་ཆ་རྐྱེན།

དེ་དང་དུས་མཚུངས་པར་རྒྱ་ནག་གིས་རྒྱ་གར་ནང་དུ་ཏཱ་ལའི་བླ་མའི་རང་དབང་ལ་འགོག་རྐྱེན་བཟོ་ཐབས་བྱེད་བཞིན་ཡོད། དང་ཐོག་པེ་ཅིན་གྱིས་ཕྱིའི་རྒྱལ་ཁབ་བམ་སྲིད་གཞུང་གི་མགོ་གཙོ་རྣམས་དང་ཏཱ་ལའི་བླ་མའི་དབར་གཞུང་འབྲེལ་གྱི་གླེང་མོལ་བྱ་རྒྱུར་དགག་བྱས། དེ་ནས་རྒྱ་ནག་གིས་ལོའི་འཕེལ་རིམ་དང་མཚུངས་པར་རིམ་པ་མཐོ་རུ་བཏང་སྟེ་སྲིད་གཞུང་དང་འབྲེལ་བ་ཡོད་པའི་མཛད་སྒོ་གང་རུང་ནང་ཁོང་ཕེབས་བཞུགས་གནང་རྒྱུར་ངོ་རྒོལ་བྱས་ཡོད་ལ། ཐ་ན་སྤྱི་ཟླ་ ༡༡ ནང་སོག་ཡུལ་དུ་ཆོས་ཕྱོགས་གཙང་མའི་ཕྱོགས་སྐྱོད་གནང་བ་སོགས་པའི་རྒྱལ་ཁབ་གཞན་དུ་ཁོང་ཕྱོགས་བསྐྱོད་གནང་རྒྱུར་ཡང་ངོ་རྒོལ་བྱེད་བཞིན་ཡོད་པ་རེད།

སྤྱི་ཟླ་ ༡༢ པའི་ནང་གི་པེ་ཅིན་ལ་ཁོང་ཁྲོ་བསླངས་པའི་ལྡི་ལི་གསར་པའི་འདུ་འཛོམས་དེ་ནི། ཏཱ་ལའི་བླ་མ་ཐེ་བའི་ནོ་སྦེལ་གཟེངས་རྟགས་བཞེས་མཁན་གྱི་སྡེ་ཁག་ཅིག་གིས་བྱིས་པའི་བདེ་དོན་གྱི་ཆེད་དུ་གོ་སྒྲིག་གནང་བ་ཞིག་ཆགས་ཡོད། རྒྱ་གར་གྱི་ངོས་ནས་རྒྱ་ནག་གི་ “ཁེ་ཕན་གཙོ་བ་རྣམས་ལ་” གུས་བརྩི་དང་ཕྱོགས་གཉིས་པོའི་འབྲེལ་ལམ་ལ་ “དོ་ཕོག་གང་རུང་” ཡོང་གཞི་ལས་བཤོལ་དགོས་པའི་དགོས་འདུན་འདོན་སྐབས་རྒྱ་ནག་གིས་རང་ཉིད་ཀྱི་སྐད་འབོད་རྣམས་བཀའ་ཕབ་པའི་ཆ་རྐྱེན་གྱི་ངག་འགྲོས་སུ་བཀོལ་བཞིན་ཡོད་མོད། འོན་ཀྱང་པེ་ཅིན་གྱིས་རྒྱ་གར་གྱི་ཐོག་ཏུ་ཆ་རྐྱེན་རྣམས་བཀའ་བཀོད་གཏོང་ཐབས་བྱེད་བཞིན་ཡོད་པར་སྐྱོན་བརྗོད་བྱེད་རྒྱུ་ལས་ལྡོག་སྟེ་ལྡི་ལི་གསར་པས་ཧ་ལམ་གཟོད་གསོལ་གྱི་རྣམ་པའི་ཐོག་ནས་འདུ་འཛོམས་དེ་ནི་ “ཆབ་སྲིད་དང་མ་འབྲེལ་བའི་འདུ་འཛོམས་” ཤིག་ཡིན་པའི་ལན་འདེབས་བྱས་ཡོད།

རྒྱ་ནག་གིས་བོད་ཐོག་འཛིན་པའི་ལངས་ཕྱོགས་དང་རྩོད་གླེང་ལ་རྒྱ་གར་གྱིས་ཇི་ཙམ་གྱིས་བསྟུན་ཐབས་ཆེ་བ་བྱས་ཚེ་དེ་ཚོད་ཀྱིས་དགོས་འདུན་མང་བ་འདོན་རྒྱུར་པེ་ཅི་གྱི་གདེང་ཚོད་ཀྱི་བསམ་པ་ཆེ་རུ་གཏོང་ངེས། དཔེ་མཚོན་ཞིག་ཞུས་ན། ཉེ་བའི་ལོའི་ནང་ཨ་རུ་ནཱ་ཅལ་མངའ་སྡེའི་གནས་དོན་དེ་ཆེ་རུ་གཏོང་བའི་རིམ་པའི་ནང་པེ་ཅིན་གྱིས་བོད་མིའི་སེམས་ཚོར་ལ་གུས་བརྩི་ཞུ་ཕྱིར་ཨ་རུ་ནཱ་ཅལ་མངའ་ཁུལ་དེ་(ཕལ་ཆེར་རྟ་དབང་ལས་ལྡབ་གསུམ་གྱིས་ཆེ་བ་ཡོད་)ངེས་པར་དུ་རྒྱ་ནག་རྒྱལ་ཁབ་དང་ལྷན་དུ་ “བསྐྱར་དུ་གཅིག་བསྒྲིལ་” གཏོང་དགོས་པར་བརྗོད་བཞིན་ཡོད། རྒྱ་ནག་གི་ལོ་རྒྱུས་ཆ་ནས་བདག་དབང་ཡོད་ཚུལ་བརྗོད་པའི་གཞི་རྟེན་སྐྱོ་བོ་དེ་ནི་ཏཱ་ལའི་བླ་མ་མཆོག་གིས་ཐེར་འདོན་བྱས་ཡོད། ཁོང་གིས་ཡོངས་གྲགས་ཀྱི་སྒོ་ནས་ཨ་རུ་ནཱ་ཅལ་ནི་རྩ་བ་ནས་བོད་ཀྱི་ཆ་ཤས་ཤིག་མ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།

རྒྱ་གར་གིས་རང་ཉིད་ཀྱི་བོད་ཐོག་འཛིན་པའི་ལངས་ཕྱོགས་དེ་རྒྱ་ནག་གི་འདོད་ཚུལ་དང་གུང་བསྒྲིགས་ཏེ་འཁྱེར་ཡོད་མོད་ཀྱང་རྒྱ་གར་ལ་རྒྱ་ནག་གི་བཀའ་དྲིན་རྗེས་དྲན་གྱི་བསམ་པ་དེ་ཐོབ་མེད་པ་རེད། དེ་ལས་ལྡོག་ཏེ་རྒྱ་གར་གྱིས་པེ་ཅིན་དབང་ཤུགས་ཆེ་རུ་བཏང་ནས་ས་མཚམས་ལས་བརྒལ་ཏེ་རྒྱུ་བའི་རྒྱུག་ཆུ་རྣམས་ཀྱི་ཆུ་ཁ་བསྒྱུར་ཐབས་བྱེད་རྒྱུར་བློ་སྟོབས་སྦྱིན་ཡོད། རྒྱུག་ཆུ་དེ་དག་ནི་རྒྱ་གར་ལ་མེད་དུ་མི་རུང་བ་ཞིག་ཆགས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཟས་རིགས་དང་ཞིང་ལས་ཀྱི་ཚོགས་པས་བདག་གཉེར་བྱས་པའི་གློག་ཀླད་ནང་གི་གནས་ཚུལ་མཁོ་སྒྲུབ་ཀྱི་རེའུ་མིག་ཨེ་ཁཱེ་སེ་ཊེ་ཀྲི་(Aquastat)གཞིར་བཟུང་ན་བོད་མཐོ་སྒང་དང་རྒྱ་ནག་གི་ཤིན་ཅང་དང་ནང་སོག་མངའ་ཁུལ་བཅས་ནས་ལོ་རེར་ས་ངོས་ཀྱི་ཆུ་མེ་ཊར་ཤོ་གཟུགས་གྲུ་བཞི་མ་ཐེར་འབུམ་ ༧༡༨ ཕྱིར་རྒྱུ་བཞིན་ཡོད་ཅིང་། དེ་དག་གི་བརྒྱ་ཆ་ ༤༨,༣༣ ནི་ཐད་ཀར་རྒྱ་གར་གྱི་ནང་དུ་སྐྱོད་བཞིན་ཡོད་པ་རེད། དེའི་སྟེང་དུ་བལ་ཡུལ་གྱི་བོད་ནས་ཡོང་བའི་རྒྱུག་ཆུ་རྣམས་ཀྱང་རྒྱ་གར་གྱི་གང་གཱའི་ཆུ་གཞོངས་ཆེན་པོའི་ནང་རྒྱུ་བཞིན་ཡོད་པས། དེར་བརྟེན་རྒྱལ་སྤྱིའི་རྒྱུག་ཆུ་རྣམས་ཀྱི་སྟེང་དུ་ཆུ་མཛོད་མང་དག་ཅིག་འཛུགས་སྐྲུན་བྱ་རྒྱུའི་རྒྱ་ནག་གི་ད་ལྟའི་དམིགས་ཡུལ་གྱི་སྟེང་ནས་གནོད་འཚབས་ཆེ་ཤོས་ཕོག་མཁན་ནི་རྒྱ་གར་ལས་གཞན་པའི་རྒྱལ་ཁབ་སུ་གང་ཡང་མེད་པ་རེད།

རྒྱ་གར་གྱིས་རང་ཉིད་ལ་ཡོད་པའི་བོད་ཀྱི་ཤུགས་རྐྱེན་གྱི་ནུས་པ་བསྐྱར་དུ་ཐོབ་ཐབས་ཀྱི་ལམ་ནི་བོད་ཐོག་རྒྱ་ནག་ལ་བདག་དབང་ཡོད་པའི་རང་ཉིད་ཀྱི་ཁས་ལེན་ནི་མངའ་ཁུལ་དེ་ལ་ཡང་དག་པའི་རང་སྲིད་རང་སྐྱོང་སྤྲོད་དགོས་པའི་གནང་བ་ཞིག་དང་སྦྲེལ་ཏེ་ཡོད་ཚུལ་གྱི་ནན་བརྗོད་བྱེད་རྒྱུ་འགོ་ཚུགས་དགོས། བོད་ནང་རང་སྲིད་རང་སྐྱོང་ལས་ལྡོག་ཏེ་ཆབ་སྲིད་ཀྱི་དམ་དྲག་དང་གཉའ་གནོན་ཇེ་ཆེར་སོང་བཞིན་ཡོད་པས་གཞི་རིམ་མང་ཚོགས་རྣམས་ཨུ་ཐུགས་ཏེ་རང་བསྲེགས་ཀྱི་ཚ་རླབས་ཤིག་ཕྱུར་བཞིན་ཡོད་པ་རེད།

རྒྱ་གར་གྱི་བློ་སྟོབས་ཆེ་བའི་ཐབས་ལམ་གཞན་ཞིག་ནི་རང་ཉིད་ཀྱི་གཞུང་འབྲེལ་གྱི་ས་ཁྲའི་ནང་དུ་བོད་དེ་རྒྱ་ནག་གི་ས་ཁུལ་གཞན་ལས་ལོགས་སུ་ཚོན་ཁྲ་ཐ་དད་ཅིག་གི་ནང་གསལ་སྟོན་བྱ་རྒྱུ་དང་། “རྒྱ་དཀར་ནག་གི་ས་མཚམས་” ཞེས་པའི་ཚབ་ཏུ་ “འཕགས་བོད་ཀྱི་ས་མཚམས་” ཞེས་པ་ལྟ་བུའི་ཐ་སྙད་བཀོལ་སྤྱོད་བྱ་རྒྱུ་དེ་ཡིན་པ་རེད། འདི་འདྲ་བའི་ཐབས་ལམ་བཀོལ་སྤྱོད་བྱས་ཏེ་རྒྱ་གར་གྱིས་དེ་སྔོན་རང་ཉིད་ཀྱིས་ཁས་བླངས་པའི་གནས་བབས་གང་ཡང་གཞུང་འབྲེལ་གྱི་སྒོ་ནས་དོར་མི་དགོས་པར་བོད་དེ་གནས་དོན་དམིགས་བསལ་བ་ཞིག་ཡིན་པའི་གནས་བབས་མངོན་ཆུང་གི་སྒོ་ནས་བསྐྱར་དུ་གསལ་སྟོན་བྱེད་ཐུབ།

དོན་རྐྱེན་གང་འདྲ་ཞིག་འཕྲད་ནའང་རྒྱ་གར་གྱིས་རྒྱ་ནག་ལ་བོད་ནང་མཐུན་འགྲིགས་དང་ལེགས་བཅོས་ཀྱི་བརྒྱུད་རིམ་ཞིག་མགོ་ཚུགས་དགོས་པའི་འབོད་སྐུལ་ཞུ་རྒྱུར་ངེས་པར་དུ་འཛེམས་ཟོན་བྱེད་རྒྱུ་མེད། བོད་དེ་རྒྱ་དཀར་ནག་དབར་གྱི་ཆབ་སྲིད་ཀྱི་བར་གནས་ངོ་བོར་གནས་མེད་ཀྱང་གལ་སྲིད་པེ་ཅིན་གྱིས་བོད་མི་རྣམས་ཀྱི་བློ་ཐག་རིང་དུ་སོང་ཡོད་པའི་ཚོར་སྣང་རྣམས་ཞི་ཆེད་དུ་ཡང་དག་པའི་མཐུན་འགྲིགས་ཀྱི་བརྒྱུད་རིམ་ཞིག་མགོ་བཙུགས་ཚེ་བོད་དེ་ད་དུའང་འཛམ་གླིང་ནང་མི་འབོར་གྱི་ཆ་ནས་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་གཉིས་པོའི་བར་ན་ཆབ་སྲིད་ཀྱི་འབྲེལ་ཟམ་ཞིག་ཆགས་ཐུབ་ངེས། དེ་མིན་བོད་ནི་རྒྱ་དཀར་གཉིས་དབར་གྱི་འགལ་རྐྱེན་གྱི་དབུས་སུ་གནས་རྒྱུ་ཡིན་པ་རེད།

རྒྱ་གར་གྱིས་རང་ཉིད་ཀྱི་ཡུལ་དུ་གནས་ཡོད་པའི་བཙན་བྱོལ་བོད་མི་རྒྱ་ཆེ་ཞིག་གི་ཆེད་དུ་བཙུགས་པའི་བོད་མིའི་སློབ་གྲྭ་རྣམས་མ་དངུལ་གྱི་མཐུན་རྐྱེན་སྦྱར་བའི་སྒོ་ནས་བོད་མིའི་རིག་གཞུང་འཚོ་གནས་ཡོང་ཐབས་སུ་རོགས་རམ་བྱེད་པའི་ནང་བྱས་རྗེས་འགངས་ཆེ་ཞིག་བཞག་ཡོད། རང་ཉིད་ཀྱི་བོད་ཐོག་འཛིན་པའི་སྲིད་བྱུས་བསྐྱར་འགྲིག་བྱས་ཚེ་རྒྱ་གར་གྱིས་བོད་དེ་ནི་རྒྱལ་སྤྱིའི་བདེ་འཇགས་དང་གནམ་གཤིས། ཆུའི་བརྟན་ལྷིང་བཅས་ལ་ཤུགས་རྐྱེན་ཟབ་མོ་ལྡན་པའི་དམག་དོན་ཐབས་བྱུས་དང་ཁོར་ཡུག་གི་གནས་དོན་ཞིག་གི་ངོ་བོར་མཐོར་འདེགས་བྱེད་ཐུབ།

*བྷར་མ་ཆཱེ་ལཱ་ནཱེ་(Brahma Chellaney)ནི་ས་ཁམས་ཆབ་སྲིད་ཀྱི་བྱུས་འགོད་རིག་པ་བ་ཞིག་དང་། “ཆུ། ཨེ་ཤ་ཡའི་གཡུལ་ས་གསར་པ།” ཞེས་པ་ཐེ་བའི་དེབ་དགུའི་རྩོམ་པ་པོ། དེ་བཞིན་སྦར་ནཱར་ཌ་ཤ་ཝར་ཛ་(Bernard Schwartz Award)ཡི་དཔེ་དེབ་གཟེངས་རྟགས་བཞེས་མྱོང་མཁན་ཞིག་ཀྱང་ཡིན་པ་རེད།

མ་རྩོམ་དྲ་གནས་ཁ་བྱང་ http://tibet.net/2017/01/india-should-take-a-bolder-line-with-beijing-on-tibet/

 

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༡༡ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༡༡ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༡༥ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༡༦ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese