མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐུབ་བསྟན་སྦྱིན་པ། སྙིང་རྗེའི་དབྱངས་རྟ།

བོད་ཀྱི་དུས་བབ།
༢༠༡༧/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

ལིན་སེ་ཀི་ཏེ་(Lindsay Kyte)ཡིས་སྤེལ།
སྐལ་ལྡན་གྱིས་བསྒྱུར།

ཐུབ་བསྟན་སྦྱིན་པ་ལགས་༸གོང་ས་མཆོག་གི་གསུང་སྒྱུར་ཡིན་པ་ཡོངས་གྲགས་ཡིན། འོན་ཀྱང་བོད་ཀྱི་ནང་བསྟན་དར་ཁྱབ་ཀྱི་ལས་ལ་ཕྱག་རྗེས་ཆེ་བའི་མཁས་དབང་ཁོང་ནི། རྩོམ་པ་པོ་ཞིག་དང་། ནང་ཆོས་དང་ཚན་རིག་བར་བགྲོ་གླེང་གོ་སྒྲིག་ལྷན་ཚོགས་ཀྱི་དབུ་ཁྲིད་ཀྱང་ཡིན། ཁོང་གིས་ང་ཚོས་བྱམས་སྙིང་རྗེ་ཆེ་ཙམ་བྱེད་པར་རོགས་རམ་དང་ཐུགས་འདུན་ཆེན་པོ་འཆང་བཞིན་ཡོད།

ཐུབ་བསྟན་སྦྱིན་པ་ལགས། ཀི་རིསན་གྷེ་ས་ཡིས་པར་བླངས།

ཐུབ་བསྟན་སྦྱིན་པ་ལགས་ཀྱིས། ངས་རང་རེ་བོད་ཀྱི་གནའ་རབས་ནང་བསྟན་རིག་གཞུང་ལས། དེང་རབས་སྤྱི་ཚོགས་ཁྲོད་ཀྱི་ཉིན་རེའི་དཀའ་རྙོག་ལ་གདོང་ལེན་བྱེད་པའི་ཐབས་ལམ་མང་པོ་རྙེད་བྱུང་ཞེས་གསུངས།

དེང་གི་འཛམ་གླིང་དུ་ཧ་ཅང་དགོས་མཁོ་ཆེ་བའི་བོད་ཀྱི་ནང་བསྟན་ཆོས་ལུགས་ནི། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ཕྱི་རོལ་གྱི་ཤུགས་རྐྱེན་ལ་བག་ཟོན་ཆེ་ཞིང་། གྲོགས་མེད་ཁེར་སྡོད་བྱས་པའི་བོད་ཀྱི་ཡུལ་གྲུར་དར་རྒྱས་བྱུང་བ་ཞིག་ཡིན། ཕྱི་ལོ་ ༡༩༥༨ ལོ་ཙམ་ནས་རྒྱ་ནག་གི་བཙན་འཛུལ་འོག་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་གཙོས་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་དང་། བོད་མི་སྟོང་ཕྲག་མང་པོ་བཙན་བྱོལ་དུ་སྐྱོད་དགོས་བྱུང་བ་རེད།

གླང་རི་བ་ཐུབ་བསྟན་སྦྱིན་པ་ལགས་ནི། ད་ཆ་དགུང་ལོ་ ༥༨ ཡིན་པ་དང་། བཙན་བྱོལ་དུ་འཚར་ལོངས་བྱས་པའི་མི་ཐོག་དང་པོ་དེ་ཡིན། ཁོང་ནི་འཛམ་གླིང་འདིར་བོད་ཀྱི་ནང་ཆོས་རྩ་འཛུགས་དར་ཁྱབ་ཆེད། ཞབས་འདེགས་རླབས་ཆེན་སྒྲུབ་གནང་མཛད་མཁན་ཞིག་ཡིན་པ་དང་། གནའ་རབས་ཆོས་ཀྱི་བསླབ་བྱ་དང་དེང་རབས་སྤྱི་ཚོགས་བར་གྱི་འབྲེལ་ཟམ་དེ་བྱམས་སྙིང་རྗེ་ཡིན་པ་ངེས་ཤེས་བརྟན་པོ་ཡོད་མཁན་ཞིག་ཡིན།

ཐུབ་བསྟན་སྦྱིན་པ་ལགས་ཀྱིས་འཇིགས་བྲལ་གྱི་སྙིང་སྟོབས་ཤིག (A Fearless Heart) ཅེས་པའི་དཔེ་དེབ་ཅིག་བརྩམས་གནང་ཡོད། ཁོང་གིས་ཆོས་ལུགས་དང་འགྲོ་བ་མིའི་བདེ་སྡུག་ནི་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པ་དང་། ཆོས་ལུགས་ཆེ་ཁག་ཚང་པའི་བཟང་སྤྱོད་ཀྱི་བསླབ་བྱ་ནི་སྙིང་རྗེ་ཡིན་ཞེས་དང་། སྙིང་རྗེའི་ནུས་སྟོབས་སྐྱེད་པའི་བློ་སྟོབས་ཀྱིས་ང་ཚོའི་མི་ཚེར་འགྱུར་བ་གཏོང་ངེས་ཡིན་ལ། ཆབ་སྲིད་ཀྱི་འཐབ་རྭའི་ཁྲོད་དུ་ཡང་ཕྱོགས་གཉིས་ཀས་གདེང་འཇོག་དང་རིན་ཐང་བརྩི་ས་ཞིག་ནི་བྱམས་སྙིང་རྗེ་ཞེས་པ་དེ་ཡིན་ཞེས་གསུངས།

ཁོང་གིས་ “སྙིང་རྗེའི་གོ་དོན་ནི་གཞན་སྡུག་བསྔལ་གྱིས་མནར་བ་ཤེས་རྟོགས་བྱུང་བའི་སྐབས། སྡུག་བསྔལ་དེ་ལས་སྐྱོབ་ཐབས་ཀྱི་བཅོས་མིན་བློ་སྐྱེ་བ་དེར་གོ་བ་དང་། རྙིང་རྗེ་ནི་ཟློག་ཏུ་མེད་པའི་འགྲོ་བ་མིའི་དངོས་ཡོད་གནས་སྟངས་ཏེ། སྡུག་བསྔལ་དང་ན་ཟུག་གི་རྒྱུར་གདོང་ལེན་བྱེད་ཐབས་དེ་ཡིན། གདོང་ལེན་བྱེད་པའི་ཐབས་ཇུས་ནི་བསམ་ཤེས་དང་། བཟོད་སྒོམ། བརྩེ་སེམས་བཅས་ཡིན་པ་རེད།” ཅེས་བརྗོད།

ཐུབ་བསྟན་སྦྱིན་པ་ལགས་ཀྱིས་གང་གསུངས་པ་རྣམས་༸གོང་ས་མཆོག་གི་གསུང་བཞིན་སྟེས་དབང་དུ་གྱུར་བ་ཞིག་མ་ཡིན་པར། ཁོང་ནི་ཕྱི་ལོ་ ༡༩༨༥ ནས་བཟུང་༸གོང་ས་མཆོག་གི་དབྱིན་སྐད་གསུང་སྒྱུར་གཙོ་བོ་དེ་ཡིན། དེ་སྔོན་གྱི་རབ་བྱུང་བ་ཁོང་ད་ཆ་ཁྱིམ་འཛིན་པ་ཞིག་ཏུ་གྱུར་ཟིན་པ་དང་། མོན་ཊི་རལ་(Montreal)གྲོང་ཁྱེར་གྱི་བག་ཡོད་ཚུལ་ལྡན་གྱི་གྲོང་ཁྱིམ་ཞིག་ཏུ་བཞུགས་བཞིན་ཡོད།

ངས་ཁོང་དང་ལྷན་དུ་ཁང་རྒྱབ་ཀྱི་ར་སྒོར་དུ་ཚིག་ཇ་འཐུང་ཞོར་དུ། བྱམས་སྙིང་རྗེའི་བསམ་པས་ཁོང་སྒེར་གྱི་མི་ཚེར་འགྱུར་་བ་དང་། གསུང་སྒྱུར་གྱི་ཞབས་ཞུ། དབུ་ཁྲིད་ཀྱི་ཐུགས་འགན། རྩོམ་རིག་གི་བྱ་གཞག་སོགས་ཀུན་ལ་ཕན་ཐོགས་ཇི་ལྟར་བྱུང་ཚུལ་ཉན་པ་ཡིན།

ཐུབ་བསྟན་སྦྱིན་པ་ལགས་ཕྱི་ལོ་ ༡༩༥༩ ལོར་ཡབ་ཡུམ་དང་ལྷན་དུ་བཙན་བྱོལ་དུ་ཕེབས་སྐབས་དགུང་ལོ་གཅིག་ལས་སོན་མེད། སྐྱབས་བཅོལ་གྱི་སློབ་གྲྭར་འགྲིམ་སྐབས་བོད་ཀྱི་སྲོལ་རྒྱུན་ནང་ཆོས་སློབ་གཉེར་གནང་ཡོད་པ་དང་། གཟའ་ཉི་མའི་ཉིན་རྒྱབ་ནམ་ཡིན་ལ་གྲྭ་སའི་རྒན་ལགས་ཤིག་གིས་ནང་ཆོས་སློབ་ཁྲིད་གནང་བ་དྲན་པའི་སྐོར་གསུངས་བ་མ་ཟད། བོད་དུ་ནང་ཆོས་དར་ཚུལ་དང་། ལོ་ཙཱ་བ་རྣམས་ཀྱིས་སྐུ་ལས་སྐྱོན་ཚུལ། བོད་ཀྱི་སྐད་ཡིག་གསར་བཟོའི་རྒྱུད་རིམ། ད་ཆ་མི་རབས་གསར་པས་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱེད་ལུགས་སྐོར་ཡང་གསུངས་བྱུང་།

ཐུབ་བསྟན་སྦྱིན་པ་ལགས་(གཡས་ཕྱོཊ་སུ་ཁོང་གི་ཁྱི་རྡོ་རྗེ་དང་ལྷན།)དགུང་ལོ་ ༡༡ ཐོག་རྒྱ་གར་ལྷོ་ཕྱོགས་རྫོང་དཀར་ཆོས་སྡེ་དགོན་དུ་ཞུགས།

ཐུབ་བསྟན་སྦྱིན་པ་ལགས་དགུང་ལོ་ ༦ཐོག་༸གོང་ས་མཆོག་སློབ་གྲྭར་གཟིགས་སྐོར་ཞིག་ལ་ཕེབས་སྐབས་ལྷན་བཅར་གྱི་གོ་སྐབས་ཐོབ་པ་དང་། སྐབས་དེར་༸གོང་ས་མཆོག་གིས་ཁོང་གི་ཕྱག་ནས་འཇུ་གནང་མཛད་དེ་ཕེབས་ཞོར་དུ། རང་ཉིད་རབ་ཏུ་བྱང་ན་འགྲིག་མིན་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་སློབ་སྦྱོང་ལ་འབད་བརྩོན་བྱས་ན་ག་དུས་ཡིན་ཡང་འགྲིག་གི་རེད་ཅེས་ལན་འདེབས་གནང་བ་ད་ལྟའང་ཐུགས་ལ་དྲན་བཞིན་འདུག

ཁོང་དགུང་ལོ་ ༩ སྐབས་ཨ་མ་ལགས་གྲོངས་པ་དང་། པཱ་ལགས་རབ་ཏུ་བྱུང་། བོད་མིའི་ཁྲོད་བཟའ་ཟླ་ཚེ་ལས་འདས་རྗེས་རབ་ཏུ་འབྱུང་བའི་གནད་དོན་ནི་སྤྱིར་བཏང་གི་གནས་ཚུལ་ཞིག་ཡིན། ལོ་གཉིས་ཀྱི་རྗེས་སུ་ཁོང་རང་ཡང་གྲྭ་སར་འཛུལ་རྒྱུའི་ཐུགས་ཐག་བཅད་པ་བཞིན། རྒྱ་གར་ལྷོ་ཕྱོགས་སུ་པཱ་ལགས་བཞུགས་སའི་དགོན་པ་དེར་མཉམ་ཞུགས་གནང་། འོན་ཀྱང་དགོན་པར་དཔེ་ཆ་བློ་འཛིན་དང་ནང་དོན་མི་རྟོགས་པར་ཁ་འདོན་བྱེད་པ་ཙམ་ལས། དོན་དངོས་ཀྱི་ཤེས་ཡོན་འཕེལ་རྒྱས་འགྲོ་བའི་ལམ་བུ་མེད་སྟབས། མི་རིང་བར་ཐུགས་བློ་མ་ཚིམས་པ་དང་ཐུགས་མི་བདེ་བར་གྱུར།

ཁོང་གིས་དབྱིན་སྐད་སྦྱོང་རྒྱུ་ནི་གོ་རྟོགས་གསར་པ་འཕེལ་བའི་ལྡེ་མིག་དེ་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་དང་། རང་ཉིད་ལ་དབྱིན་ཡིག་རྨང་གཞིའི་ཀློག་རྩལ་ལྡན་ཡང་། གླེང་མོལ་གྱི་ནུས་རྩལ་རྩ་བ་ནས་མེད་སྟབས། མུ་འབྲེལ་རི་མོའི་སྒྲུང་དེབ་དང་། རིན་གོང་ཆུང་ལ་བེད་སྤྱོད་བྱས་ཟིན་པའི་རླུང་འཕྲིན་བརྒྱུད་དབྱིན་སྐད་སྦྱོང་བ། ཨ་རིའི་རླུང་འཕྲིན་ནི་དབྱིན་སྐད་ཐོག་གི་ལེ་ཚན་དམིགས་བསལ་ཞིག་ཡིན་པ་མ་ཟད། དེའི་ནང་གི་དབྱིན་སྐད་སྒྲ་གདངས་ལྷོད་པ་དང་། བརྗོད་པ་ཆ་ཚང་ཐེངས་གཉིས་རེ་བསྐྱར་ཟློས་བྱེད་པས་ཁོང་ལ་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་འདུག

ཕྱི་ལོ་ ༡༩༧༠ ནང་རྒྱ་གར་དུ་ཡུལ་གྲུ་གང་ས་ནས་མི་རིགས་འདྲ་མིན་འདུ་འཛོམས་བྱེད་པའི་དུས་ཚོད་ཅིག་ཡིན། ༸གོང་ས་མཆོག་གི་བཞུགས་སྒར་དང་བཙན་བྱོལ་བོད་གཞུང་གི་ལྟེ་གནས་དྷ་རམ་ས་ལ་ནི། སྤྲོ་འཆམ་པ་དང་། དུ་ནག་ལ་རོལ་མཁན། ནང་ཆོས་དོན་གཉེར་ཅན་སོགས། ཕྱི་རྒྱལ་བ་རྣམས་དགའ་མོས་ཆེ་ཤོས་བྱེད་པའི་ས་གནས་ཤིག་ཡིན། ༸གོང་ས་མཆོག་གི་གསུང་ཆོས་ལ་དོན་གཉེར་ཅན་གྱི་དད་ལྡན་མི་སྣ་འཛམ་གླིང་གི་ཡུལ་ཕྱོགས་གང་ས་ནས་འབྱོར་གྱི་ཡོད་སྟབས། ཐུབ་བསྟན་སྦྱིན་པ་ལགས་ཀྱིས་དེ་སྐབས་ཆོས་ཞུ་བ་དང་ལྷན་དབྱིན་སྐད་སྦྱོང་བརྡར་དང་། ནུབ་ཕྱོགས་པའི་རིག་གཞུང་ལ་ཐོས་བསམ། འཁུར་སྲབ་(pancake)སོགས་ཟས་རིགས་བཟོ་སྟངས། གྲི་དང་ཚེབ་ཐུར་(knife and fork)སྤྱོད་སྟངས་སོགས་སྦྱངས།

ཕྱི་ལོ་ ༡༩༧༠ ལོར་བཞུགས་སྒར་དྷ་རམ་ས་ལ། ཐུབ་བསྟན་སྦྱིན་པ་ལགས་གཡོན་ནས་བརྩིས་པའི་གཉིས་པ་དེ་ཡིན། སྐབས་དེར་ཁོང་གིས་དབྱིན་ཡིག་དང་དེང་རབས་འཛམ་གླིང་སྐོར་སྦྱོང་གི་ཡོད།

ཐུབ་བསྟན་སྦྱིན་པ་ལགས་ཀྱིས། “དབྱིན་ཡིག་ལ་བརྟེན་ནས་ངས་སའི་གོ་ལའི་ས་ཁྲ་ལྟ་ཀློག་བྱེད་ཤེས་པ་དང་། དབྱིན་ཡུལ་དང་། ཨ་རི། ཨུ་རུ་སུ་སོགས་སྙན་གྲགས་ཆེ་བའི་ཡུལ་གྲུ་དེ་དག་གི་སྐོར་ཤེས་པ་མ་ཟད། རྒྱ་དམར་གྱི་འོག་ཐབས་སྐྱོ་བོར་ཤོར་བའི་རང་ཉིད་ཀྱི་ཕ་ཡུལ་བོད་ཀྱི་སྐོར་ཡང་གསལ་པོ་ཤེས་རྟོགས་བྱུང་།” ཞེས་གསུང་གི་འདུག

དེ་དང་དུས་མཚུངས་ཁོང་གིས་ཛེ་སྨད་རིན་པོ་ཆའི་སྐུ་མདུན་ནས་བོད་ཀྱི་སྐད་ཡིག་དང་ནང་ཆོས་སློབ་གཉེར་གནང་ཡོད་པ་དང་། ཕྱི་ལོ་ ༡༩༧༨ ལོར་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དགོན་པར་སློབ་གཉེར་དུ་ཕེབས། དེར་ཁོང་གི་རྣམ་དཔྱོད་ཀྱི་མཚན་སྙན་རྒྱས་པ་མ་ཟད། བསླབ་པ་མཐར་སོན་གྱིས་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་བཞེས།

ཕྱི་ལོ་ ༡༩༨༥ ལོ་སྟེ། ༸གོང་ས་མཆོག་གིས་དེ་སྔོན་སློབ་གྲྭར་ཁོང་གི་ཕྱག་ནས་འཇུ་གནང་མཛད་དེ། ལོ་ངོ་ཧྲིལ་པོ་ཉི་ཤུ་འཁོར་བའི་ཉིན་ཞིག་ཧ་ལས་དགོས་པའི་གཏམ་ཚིག་ཅིག་ཐོས། དེ་ནི་༸གོང་ས་མཆོག་བཞུགས་སྒར་དུ་གསུང་ཆོས་གནང་འཆར་གྱི་དབྱིན་ཇིའི་གསུང་སྒྱུར་བཅར་མ་ཐུབ་པར་བརྟེན། ཐུབ་བསྟན་སྦྱིན་པ་ལགས་དབྱིན་སྐད་གསུང་སྒྱུར་དུ་བཀའ་འགུག་གནང་བ་དེ་ཡིན།

ཐོག་མར་ཁོང་གིས་རང་ཉིད་ལ་དེ་འདྲའི་ཉམས་མྱོང་མེད་ཚུལ་གྱིས་ཁས་ལེན་ཞུས་མེད་ཀྱང་། མཐར་ཁས་ལེན་གནང་སྟེ་གསུང་སྒྱུར་ཞུས། ཁོང་གི་གོ་བདེ་བའི་དབྱིན་སྐད་ལ་ཆོས་ཞུ་བ་ཚོས་དགའ་མོས་ཆེན་པོ་བྱས་པ་མ་ཟད། གསུང་སྒྱུར་དངོས་འབྱོར་ཡང་ཆོས་ཞུ་བ་ཚོས་ཁོང་ལ་མུ་འཐུད་གནང་དགོས་པའི་རེ་བ་ཞུས་ཡོད།

དེ་རྗེས་༸གོང་ས་མཆོག་གིས་ཁོང་སྐུ་སྒེར་ཡིག་ཚང་དུ་བཀའ་འགུག་གནང་བ་དང་། “ངས་ཁྱོད་ངོ་ཤེས་ཀྱི་ཡོད། ཁྱོད་དཔེ་ཆ་ཡག་པོ་ཡོད་པཱ། ཁྱོད་ཤེས་ཡོན་ཅན་ཞིག་རེད། འོན་ཀྱང་ངས་ཁྱོད་ཀྱིས་དབྱིན་སྐད་ཤེས་ཀྱི་ཡོད་པ་རྩ་བ་ནས་ཤེས་མ་བྱུང་། ངས་ཇི་ལྟར་མ་ཤེས་པ་ཡིན་ནམ།” ཞེས་གསུངས། ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ཐུགས་ཉམས་ཆུང་ངང་། དབྱིན་ཡིག་ཤེས་ན་གྲྭ་ཚང་དུ་ལས་འགན་འཕར་མ་སྤྲོད་ཀྱི་ཡོད་སྟབས། གུས་པས་གསང་ཐབས་བྱས་པ་ཡིན་ཞེས་ཞུས། ༸གོང་ས་མཆོག་གིས། “མི་མང་ཚོས་ཁྱོད་ཀྱི་དབྱིན་སྐད་གོ་བདེ་པོ་འདུག་ཟེར་གྱི་འདུག ང་ཕྱོགས་མཐར་ཆོས་འགྲེལ་བྱེད་པར་འགྲོ་སྐབས་ཁྱོད་ངའི་སྐད་སྒྱུར་བྱེད་པར་འགྲོ་འདོད་དམ།” ཞེས་གསུངས།

ཐུབ་བསྟན་སྦྱིན་པ་ལགས་ཀྱི་སྤྱན་ཟུང་སྤྱན་ཆབ་ཀྱིས་བརླན་བཞིན། “ངས་༸རྒྱལ་བ་རིན་པོ་ཆེའི་ཞབས་ཞུ་བསྒྲུབ་པའི་སྐལ་བ་བཟང་པོ་དེ་འདྲ་ཐོབ་ཡོང་བསམ་པ་རྨི་ལམ་དུ་ཡང་རྨིས་མྱོང་མེད་” ཅེས་དང་། བཙན་བྱོལ་དུ་འཚར་ལོངས་བྱས་པའི་བོད་མི་ཞིག་ལ་མཚོན་ན་༸རྒྱལ་བ་རིན་པོ་ཆེའི་ཞབས་ཞུ་བསྒྲུབ་རྒྱུ་ནི། ཐོག་མར་སྐྱབས་བཅོལ་དུ་འབྱོར་སྐབས་སྐུ་ལས་སྐྱོན་མཁན་གྱི་ཕ་མ་ཚོའི་དྲིན་ལན་འཇལ་བ་དང་ཁྱད་མེད།”ཅེས་གསུངས་བྱུང་།

ཁོང་གིས་རྒྱ་གར་དུ་༸གོང་ས་མཆོག་གི་གསུང་སྒྱུར་གནང་མགོ་བཙུགས་པ་དང་། ལོ་གཉིས་ཀྱི་རྗེས་ཐོག་མར་ནུབ་ཕྱོགས་སུ་ཕེབས། “ང་ཚོ་འགྲོ་ཡུལ་དང་པོ་ནུབ་འཇར་མན་ཡིན། ངས་དེ་སྔོན་ཁྲོམ་རྭ་ཆེན་པོ་དེ་འདྲ་དང་། ལམ་བུ་གཉིས་ཅན་གྱི་འཁོར་ལམ་དེ་འདྲ་མཐོང་མྱོང་མེད། ཆས་གོས་དང་ཁང་པ་ཚང་མ་ཡིད་དུ་འོང་བ་འདུག རྒྱ་གར་དང་བསྡུར་ན་མི་ཚོགས་ཉུང་བ་དང་ས་ཆ་གཙང་བ་འདུག དེ་རྗེས་ང་ཚོ་ཨ་རིར་བསྐྱོད་པ་དང་། ཡུལ་དེའི་རླུང་ཁམས་ཀྱི་དྲི་མ་ཡང་མི་འདྲ་བ་ཞིག་འདུག་” ཅེས་གསུངས།

༸གོང་ས་མཆོག་གིས་སློབ་གྲྭར་གཟིགས་སྐོར་ཞིག་གི་སྐབས་ལོ་དྲུག་ལ་སོན་པའི་ཐུབ་བསྟན་སྦྱིན་པ་ལགས་ཀྱི་ཕྱག་ནས་འཇུ་གནང་མཛད། ཕྱི་ལོ་ ༡༩༨༥ ལོར་ཐུབ་བསྟན་སྦྱིན་པ་ལགས་ལ་སྐུ་ཉིད་ཀྱི་གསུང་སྒྱུར་གཙོ་བོ་གནང་དགོས་པར་སྐུལ་གནང་མཛད་པ་བཞིན་ད་ལྟ་ཡང་ཞབས་ཞུ་སྒྲུབ་མུས་ཡིན།

ཐུབ་བསྟན་སྦྱིན་པ་ལགས་ཀྱིས་སྐུ་ཉིད་ཀྱི་གཉེན་སྒྲིག་སྐོར་གསུངས་དོན། “ང་དང་སོ་ཧྥི་(Sophie)བར་གྱི་འབྲེལ་བ་ནི་ཉམས་མྱོང་གསར་པ་ཞིག་རེད། གློ་བུར་དུ་བྱུང་བའི་དོན་རྐྱེན་ཞིག་མི་ཚེ་ཧྲིལ་པོ་གལ་འགངས་ཆེན་པོར་གྱུར་བར་གད་མོའང་ཤོར་གྱི་འདུག”གསུངས།

༸གོང་ས་མཆོག་གི་དབྱིན་སྐད་གསུང་སྒྱུར་གཙོ་བོའི་ཞབས་ཞུ་སྒྲུབ་མུས་ཐོག ཁོང་གིས་རང་དབང་ངང་ཤེས་བྱར་འབད་འབུངས་ཀྱིས། དབྱིན་ཡུལ་གྱི་ཀེམ་བྷི་རི་ཇི་གཙུག་ལག་Cambridge University)སློབ་གཉེར་ཁང་ནས་ནུབ་ཕྱོགས་ཀྱི་ལྟ་གྲུབ་ཐོག་(B.A in Western philosophy)རབ་འབྱམས་པའི་མཚན་གནས་བཞེས་པ་དང་། མཐར་ཆོས་ལུགས་ཞིབ་འཇུག་(PhD in religious studies)ཐོག་འབུམ་རམ་པའི་མཚན་གནས་བཞེས་ཡོད།

ནུབ་ཕྱོགས་སུ་སྐྱོད་ཐེངས་དང་པོ་དེར་འབྱུང་འགྱུར་ཕལ་ཆེར་དགོན་པར་མི་བཞུགས་པའི་ཐུགས་བསམ་བཞེས། གང་ལགས་ཤེ་ན་གྲྭ་པ་ཞིག་ཡིན་ཕྱིན་མཐར་དགེ་རྒན་ཞིག་བྱེད་རྒྱུ་དེ་ཡིན། ཁོང་གིས་ “ཐོག་མ་ཉིད་ནས་༸གོང་ས་མཆོག་གི་ཞབས་ཞུ་སྒྲུབ་པ་ནི་གླིང་གཞི་འདིའི་ཞབས་ཞུ་སྒྲུབ་པར་ངོས་འཛིན་བྱེད་ཀྱི་ཡོད་” ཅེས་དང་། “གལ་ཏེ་ངས་རང་ཁུལ་གྱིས་དགེ་རྒན་གྱི་ལས་དོན་གཉེར་ཐབས་བྱས་ན། གྲུབ་འབྲས་བཟང་པོ་ཐོབ་མོད་ཀྱང་། ངའི་ནུས་པ་འདོན་པའི་ཁོར་ཡུག་གི་གཞི་རྒྱ་ཆུང་ངུ་ལས་མེད་”ཅེས་གསུངས། ཁོང་གིས་རང་ཉིད་མཐུན་མོང་མ་ཡིན་པའི་གནས་བབ་ཅིག་ལ་ཡོད་པ་མཁྱེན་གྱི་ཡོད། ཡང་ཁོང་གིས་ “ང་གྲྭ་པ་བྱེད་པའི་གནས་བབ་ནི་ཡ་མཚན་པའི་ལས་དབང་ཞིག་རེད། མ་ཟད་དབྱིན་ཡིག་ཤེས་པ་དེས་རིག་གཞུང་མི་འདྲ་བ་གཉིས་ཀྱི་བརྒྱུད་ལམ་མམ་འབྲེལ་ཟམ་བྱེད་པར་སྐུལ་འདེད་བྱས་བྱུང་།” ཞེས་བརྗོད།

ཁོང་གིས་རང་ཉིད་ཀྱི་ཐུགས་དབུས་སུ་ཅི་ཞིག་ཡོད་པ་དེར་ཡང་གདོང་ལེན་གནང་དགོས་བྱུང་ཡོད། ཁོང་ལ་ཁྱིམ་རྒྱུད་འཛིན་པའི་འདོད་པ་སྔ་ས་ནས་ཡོད། ལོ་ཉི་ཤུ་ཙམ་ནས་རང་ཉིད་ཀྱི་ཁྱིམ་ཚང་ཞིག་བྱུང་ན་ཅི་མ་རུང་སྙམ་པ་བྱུང་ཡོད་ལ། ཀེམ་བྷི་རི་ཇི་གཙུག་ལག་ཁང་ནས་སློབ་ཐོན་བྱས་རྗེས་འདོད་པ་དེ་སྔར་ལས་ཤུགས་ཆེ་རུ་ཕྱིན་ཡོད། དེར་བརྟེན་ཁོང་གིས་སྡོམ་པ་འབུལ་རྒྱུའི་ཐག་གཅོད་བྱས་པ་རེད།

ཐུབ་བསྟན་སྦྱིན་པ་ལགས་ཀྱིས་༸གོང་ས་མཆོག་གི་ཐུགས་དཀྲུགས་ཡོད་དོགས་ཀྱིས། དགོངས་སེལ་གསོལ་འདེབས་ཀྱི་འཕྲིན་ཡིག་རིན་པོ་ཞིག་ཕུལ། ཟླ་བ་གཉིས་ཀྱི་རྗེས་༸གོང་ས་མཆོག་གིས་སུ་ཝེ་ཛར་ལན་ཌེར་(Switzerland)གསུང་སྒྱུར་དུ་ཡོང་དགོས་པའི་བརྡ་ལན་འབྱོར། ཁོང་གིས་ད་ཆ་རང་ཉིད་གྲྭ་པ་མིན་སྐོར་འགྲེལ་བརྗོད་ཞུས་ཀྱང་། སྐུ་སྒེར་དྲུང་ཆེས་ཁོང་ལ་༸གོང་ས་མཆོག་སྐུ་ངོ་མས་བཀའ་ཕེབས་སྐོར་ཞུས་འདུག

༸གོང་ས་མཆོག་མཇལ་སྐབས། ད་ཆ་གྲྭ་ཆས་ཀྱི་ཚབ་ཏུ་དོར་མ་གྱོན་ཏེ་བཅར་བར་དགོངས་སེལ་ཞུ་ཞེས་ཞུས་པར། ༸གོང་ས་མཆོག་གིས་བཞད་མོ་དང་ལྷན་ཁྱོད་ལ་མགོ་བོ་ཆེན་པོ་ཞིག་ཡོད། ད་ཆ་སྐྲ་སྐྱེས་ཏེ་དེ་བས་མངོན་གསལ་དོད་དུ་ཕྱིན་འདུག་ཅེས་དང་། ཁྱོད་སྐྱ་སར་བབས་པར་ང་བློ་ཕམ་བྱུང་མ་སོང་ཞེས་བརྗོད་ན་མི་བདེན་ཡང་། ཁྱོད་ཀྱིས་ཐག་གཅོད་དེ་སྟབས་བདེ་པོར་བྱས་པ་ཞིག་མིན་པ་ངས་ཤེས་ཀྱི་ཡོད། དེར་བརྟེན་ངས་ཁྱོད་ཀྱི་ལྟ་ཚུལ་ལ་བརྩི་མཐོང་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

དེ་རྗེས་༸གོང་ས་མཆོག་གིས་ཁོང་ལ། ང་ལ་བཟའ་ཚང་གི་ཉམས་མྱོང་གང་ཡང་ཡོད་པ་མ་རེད། འོན་ཀྱང་ངས་ནང་མི་ཁ་བྲལ་ཕྱིན་པ་མི་ཉུང་ཞིག་མཐོང་མྱོང་ཡོད། དེར་བརྟེན་རང་ཉིད་ཀྱིས་བློ་གཏད་ཆོག་པའི་བཟའ་ཟླ་ཞིག་མ་བྱུང་གོང་ཕྲུ་གུ་སྐྱེ་མི་རུང་། དེང་སྐབས་ཕ་མ་ཁ་བྲལ་གྱིས་ཕྲུ་གུ་བར་ལ་ལྷགས་ཏེ་རྩོད་རྙོག་ཐག་མ་ཆོད་པར་ལུས་པ་མང་པོ་མཐོང་རྒྱུ་ཡོད་པ་རེད་ཅེས་བཀའ་སློབ་གནང་།

ཐུབ་བསྟན་སྦྱིན་པ་ལགས་ཀྱིས་རང་ཉིད་ཀྱི་ཐག་གཅོད་དེར་༸གོང་ས་མཆོག་གི་གཟིགས་ཚུལ་དེས། བྱམས་སྙིང་རྗེའི་སྐོར་མཁྱེན་རྒྱ་ཟབ་ཏུ་ཕྱིན་སྐོར་བརྗོད་པ་དང་། ༸གོང་ས་མཆོག་གིས་བཀའ་སྐྱོན་གནང་རྒྱུའི་ཚབ་ཏུ། རང་ཉིད་ཀྱི་གནས་བབ་ལ་གཟིགས་པ་དང་། གནས་སྟངས་མཁྱེན་པ། གནད་དོན་དེར་རང་ཉིད་ཀྱི་ལྟ་ཚུལ་ལྟར་གཟིགས་པ་བཅས་ཀྱིས་སྒེར་གྱི་བསམ་བློར་འགྱུར་བ་ཆེན་པོ་ཐེབས་ཚུལ་གསུང་གི་འདུག

ལོ་གཅིག་གི་རྗེས་༸གོང་ས་མཆོག་མོན་ཊི་རལ་གྲོང་ཁྱེར་དུ་(Montreal)གོ་སྒྲིག་ཞུས་པའི་རླུང་འཕྲིན་གྱི་བཅར་འདྲི་ཞིག་ཏུ་ཕེབས་ཐུབ་མེད་པར་བརྟེན། བློ་བཟང་སྦྱིན་པ་ལགས་ཆེད་གཏོང་གནང་བ་རེད། ཁོང་གིས་ཧྥ་རན་སིའི་སྐད་མཁྱེན་གྱི་མེད་སྟབས། ཁེ་ན་ཌ་བོད་ཀྱི་ཚོགས་པའི་(Canada Tibet Committee)དྭང་བླངས་པ་སོ་ཧྥི་བྷོ་ཡེར་(Sophie Boyer)ལགས་ཀྱིས་ཁོང་ལ་ཕྱག་རོགས་གནང་བ་རེད།

ཁོང་གིས་ “ང་དང་སོ་ཧྥི་བར་གྱི་གླེང་མོལ་དང་པོ་རླུང་འཕྲིན་ཐོག་བྱུང་བ་ཞིག་རེད། དེ་རྗེས་ཁོ་མོ་རྒྱ་གར་དུ་བོད་ཡིག་སྦྱོང་བར་འགྲོ་རྒྱུའི་འཆར་གཞི་ཡོད་སྐོར་བཤད་བྱུང་།” ཞེས་གསུངས། ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ཁོ་མོ་བོད་ཡིག་སྦྱོང་བར་དེ་སྔོན་རང་ཉིད་ཀྱི་དགོན་པར་གཏོང་གནང་མཛད་པ་དང་། སྐུ་ཉིད་ཀེམ་བྷི་རི་ཇིར་ཤར་ཕྱོགས་ཀྱི་ཆོས་ལུགས་སྐོར་ཉམས་ཞིབ་གནང་བར་ཕེབས། ཁོང་རྣམ་པ་གཉིས་ཕན་ཚུན་མུ་འཐུད་འབྲེལ་བ་གནང་བ་མ་ཟད། མཐར་འཁྲུངས་ས་སྐྱོན་གནང་བ་རེད།

ཁོང་གཉིས་ཀྱི་བརྩེ་དགའི་མྱོང་ཚོར་གསར་པའི་སྐོར་གླེང་སློང་བྱེད་སྐབས་ཐུབ་བསྟན་སྦྱིན་པ་ལགས་ཞལ་འཛུམ་ཤོར་གྱི་འདུག ཁོང་གིས་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ན་ཚོད་དར་ལ་བབ་ཀྱང་ལུས་འབྲེལ་བྱེད་པ་དཀོན་པོ་ཡིན་པ་དང་། དམིགས་བསལ་རང་ཉིད་དེ་སྔོན་གྲྭ་པ་ཞིག་ཡིན་པར་བརྟེན། ལུས་འབྲེལ་དང་བརྩེ་དུང་གི་ཚོར་བ་ཤོད་རྒྱུ་ནི་སྐབས་དེའི་མི་ཚེའི་ཆ་ཤས་ཤིག་མིན་ཞེས་དང་། ངའི་བཟའ་ཟླ་ནི་ཁེ་ན་ཊའི་ཧྥ་རན་སིའི་(French-Canadian)མི་རིགས་ཤིག་ཡིན་པས། བརྩེ་དགའི་འདོད་པར་རེ་བ་ནི་ཁོ་ཚོའི་གཤིས་རྒྱུད་དང་ལུགས་སྲོལ་ཞིག་ཡིན་སྟབས། དེ་སྦྱོང་བརྡར་བྱེད་པར་དུས་ཡུན་མི་ཉུང་བ་ཞིག་གཏོང་དགོས་བྱུང་ཞེས་གསུངས།

ཐུབ་བསྟན་སྦྱིན་པ་ལགས། བུ་མོ་ཏཱ་ར་དང་མཁའ་འགྲོ སྐུ་ཟླ་སོ་ཧྤི་བྷོ་ཡེར་གླང་རི་བཅས་༸གོང་ས་མཆོག་དང་ལྷན་དུ།

ཐུབ་བསྟན་སྦྱིན་པ་ལགས་དང་སོ་ཧྥི་ལགས་གཉིས་ལ་སྲས་མོ་གཉིས་ཡོད་པ་དང་། ད་ལྟ་མཐོ་རིམ་སློབ་གྲྭ་འགྲིམ་བཞིན་ཡོད། ཁོང་གིས་ “རང་ཉིད་ཕྲུ་གུའི་ཕར་གྱུར་བ་ནས་བཟུང་། དེ་སྔོན་གྲྭ་སར་འགྲིམ་སྐབས་ཡིད་ལ་འཆར་སྣང་ཁོ་ནས་བསྐྲུན་པའི་བྱམས་སྙིང་རྗེའི་ལྟ་ཚུལ་ལ་འགྱུར་བ་ཕྱིན་ཏེ། བྱམས་ལྡན་གྱི་ཕ་མས་ལག་ལེན་དངོས་ཐོག་ཏུ་ཕྲུ་གུའི་དགོས་མཁོ་བསྐྲུན་པ་དང་། ཆ་རྐྱེན་མེད་པའི་བརྩེ་བ། ལུས་ངག་ཡིད་གསུམ་ཕྲུ་གུའི་ཆེད་དུ་གཏོང་བ་བཅས་ནི། སེམས་ཅན་གྱི་དོན་དུ་བྱམས་པ་དང་སྒོམ་ཉམས་ལེན་བྱེད་པའི་གང་ཟག་ཞིག་གིས་ལག་ལེན་དངོས་ལ་འཇུག་པ་ལྟར་བྱུང་།”ཞེས་བརྗོད།

བུ་མོ་ཆུང་བ་ཏཱ་ར་ལས་ཁོང་ལ་སློབ་གསོ་མང་དག་ཅིག་ཐོབ་ཐུབ་པ་བྱུང་ཡོད། ཁོང་གིས་ “བུ་མོ་དེ་ལོ་གཉིས་ནས་བཞིའི་བར་སྐབས་རེར་སྟངས་འཛིན་རྩ་བ་ནས་བྱེད་ཐུབ་ཀྱི་མེད། རང་ཉིད་སྐབས་འགར་ཁོང་ཁྲོ་དང་སུན་སྣང་ཆེན་པོ་སྐྱེས་པ་དྲན་གྱི་འདུག སྤྱི་ཚོགས་ཀྱི་འབྲེལ་ལམ་ཁྲོད་ང་ཚོར་ལས་རོགས་དང་དགེ་རྒན་ཅི་རིགས་ཡོད་སྟབས། སྒེར་གྱི་གནད་དོན་ཆ་ཚང་ཕན་ཚུན་ཤེས་རྟོགས་མེད། འོན་ཀྱང་ཁྱིམ་ཚང་ཞིག་ཏུ་རང་ཉིད་ཀྱི་སྤྱོད་ལམ་ཇི་བཞིན་གསལ་སྟོན་བྱེད་ཐུབ་པ་ཡིན།” ཞེས་གསུངས།

ཁོང་ད་ཆ་ཁྱིམ་འཛིན་པ་ཞིག་ཡིན་པའི་ཆ་ནས་༸གོང་ས་མཆོག་དང་དད་ལྡན་མི་སྐྱ་ཕོ་མོ་ཚོའི་བར་འབྲེལ་ཟམ་ལྟ་བུ་གནང་ཐུབ་ཀྱི་ཡོད། ཁོང་གིས་ “སྐབས་རེར་མི་སྐྱ་ཕོ་མོས་བཀའ་འདྲི་ཞུས་པའི་དྲི་བའི་ནང་དོན་གོ་མི་བདེ་བ་དང་། དེ་དག་ལ་རན་པའི་ལན་འདེབས་དགོས་རིགས་ལ། རང་ཉིད་ཀྱི་མི་ཚེའི་མྱོང་བར་གཞིགས་ཏེ་གོ་བདེ་པོར་ལན་འདེབས་བྱེད་པའི་ཕྱག་རོགས་ཞུ་ཐུབ་ཀྱི་འདུག” ཅེས་གསུངས།

ཐུབ་བསྟན་སྦྱིན་པ་ལགས་དང་སྐུ་ཟླ་སོ་ཧྥི་ལགས། སོ་ཧྥི་ལགས་ཀྱིས་ཁོང་གི་གསུང་སྒྱུར་ལས་གཞིའི་འབྲེལ་མཐུད་དང་འཛིན་སྐྱོང་གནང་གི་ཡོད།

ཐུབ་བསྟན་སྦྱིན་པ་ལགས་དེ་སྔོན་ལྟ་ཚུལ་འདྲ་མིན་ལ་མཉེས་པོ་གནང་མཁན་ཞིག་ཡིན་ཡང་། ཚན་རིག་གི་སྐོར་ལ་མཉེས་པོ་མེད། འོན་ཀྱང་ཕྱི་ལོ་ ༡༩༨༧ ལོར་སེམས་དང་ཚེ་སྲོག་གི་བགྲོ་གླེང་(Mind and Life conference)སྐབས། ༸གོང་ས་མཆོག་གི་གསུང་སྒྱུར་ཞུ་བའི་གོ་སྐབས་ཐོག་མ་དེ་ཐོབ་པ་ནས་བཟུང་ཁོང་གི་གཟིགས་ཚུལ་ལ་འགྱུར་བ་ཕྱིན་པ་རེད། བགྲོ་གླེང་དེ་ནི་སྒོམ་ཉམས་ལེན་པ་དང་གྲགས་ཅན་ཚན་རིག་པའི་དབར། སྒོམ་སྒྲུབ་ཀྱི་ནུས་པ་དང་དེང་རབས་ཚན་རིག་གི་ནུས་པ་ལྷན་དུ་སྤྱོད་ཐབས་ཀྱི་བགྲོ་གླེང་ཐོག་མ་དེ་རེད།

ཁོང་གིས་ “༸གོང་ས་མཆོག་གིས་ཚན་རིག་ནི་ནང་ཆོས་ཀྱི་ལྟ་ཚུལ་མང་པོ་ལག་ལེན་དངོས་ལ་ར་སྤྲོད་བྱེད་པར་ཕན་ཐོགས་ཡོད་པ་ཞིག་ཡིན། ཁྲིམས་རང་འཁུར་གྱི་གལ་ཆེའི་རང་བཞིན། རང་ཉིད་ཀྱི་སེམས་ཚོར་དྲག་པོ་སྟངས་འཛིན། སེམས་ཀྱི་རང་བཞིན་ཤེས་རྟོགས་སོགས་ཚན་རིག་གི་ཐ་སྙད་བཀོལ་སྤྱོད་དང་དཔྱད་ཞིབ་ཀྱིས་འགྲེལ་བརྗོད་བྱེད་ཐུབ་པ་བྱུང་ན། ནུབ་ཕྱོགས་པའི་སེམས་ཁམས་སུ་འཇུག་བདེ་བ་ཡོང་བ་ཡིན་ཞེས་གསུང་གི་ཡོད་” ཅེས་གསུངས།

སེམས་དང་ཚེ་སྲོག་གི་ཐོག་མའི་བགྲོ་གླེང་སྐབས། བྱམས་སྙིང་རྗེ་ཟེར་བ་ཚན་རིག་པས་གླེང་སློང་བྱེད་པའི་གནད་དོན་ཞིག་མ་རེད། འོན་ཀྱང་ཕྱིས་སུ་ཞིབ་འཇུག་མང་པོ་བྱས་མཐར། དུད་འགྲོའི་རྒྱུད་ལ་གཞན་གྱི་ཚོར་བ་ཤེས་པའི་ནུས་པ་ཡོད་པ་རྟོགས་ཡོད། དེས་ན་གཞན་ཕན་གྱི་སེམས་ཟེར་བ་དེ་རིག་གཞུང་གིས་བསྐུལ་འདེད་བྱས་པ་ཞིག་རེད་ཅེས་བརྗོད་མི་ཐུབ། དེ་སྔོན་ཚན་རིག་པ་མང་པོས་བཟང་སྤྱོད་དང་ཆོས་ལུགས་ནི། འགྲོ་བ་མིས་གསར་གཏོད་བྱས་པའི་དུད་འགྲོ་ལྟ་བུའི་སེམས་འགྱུར་བ་གཏོང་བའི་ཐབས་ཤེས་ཤིག་ཡིན་པར་ངོས་འཛིན་བྱས་ཡོད།

ཐུབ་བསྟན་སྦྱིན་པ་ལགས་ཀྱིས་མིང་ཚིག་ཐ་སྙད་གསུང་སྒྱུར་གནང་བ་ལས་ལྷག་པའི་ཕྱག་ལས་གནང་གི་ཡོད། སྐབས་རེ་ཚན་རིག་པར་ནང་པའི་ལྟ་གྲུབ་ཤེས་རྟོགས་བྱེད་པའི་སྒྲོམ་གཞི་མེད་པའམ། ནང་པའི་མཐུན་མོང་མ་ཡིན་པའི་ཐ་སྙད་བཀོལ་སྤྱོད་བྱེད་པའི་སྐབས། ནང་ཆོས་ཀྱི་བསླབ་བྱ་ཟབ་མོར་ཡིད་དབང་འཕྲོག་དཀའ་བས། བགྲོ་གླེང་དོན་སྙིང་ལྡན་པ་ཞིག་ཡོང་ཕྱིར་༸གོང་ས་མཆོག་དང་ཁོང་རྣམ་པ་གཉིས་ཀྱིས་ཕྱོགས་གཉིས་ཀས་གོ་ཤེས་ཐུབ་པའི་ཐ་སྙད་བཀོལ་སྤྱོད་གནང་གི་ཡོད།

༸གོང་ས་མཆོག་གི་བྱམས་བརྩེའི་གལ་ཆེའི་རང་བཞིན་གྱི་བསླབ་བྱས་ཚན་རིག་གི་ཁྱབ་ཁོངས་སུ་ཕན་ཐོགས་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད། ཕྱི་ལོ་ ༢༠༠༣ ལོར་ཨེམ་ཨའེ་ཊི་(MIT)རུ་ཚོགས་པའི་སེམས་དང་ཚེ་སྲོག་གི་བགྲོ་གླེང་ནི་ལོ་རྒྱུས་རང་བཞིན་ཅན་ཞིག་ཆགས་ཡོད། གང་ལགས་ཤེ་ན། ཚན་རིག་གི་སྡེ་ཁག་མཐུན་མོང་གིས་མི་འདོད་བཞིན་དུ་ནང་ཆོས་ནི་ཚན་རྩལ་གོང་འཕེལ་གཏོང་བར་དགོས་མཁོ་ཆེན་པོ་ཡོད་པ་ཁས་ལེན་བྱས་ཡོད།

ད་ཆ་བྱམས་སྙིང་རྗེ་དང་སྒོམ་ཉམས་ལེན་གྱི་ཕན་ཡོན་ནི་ཚན་རྩལ་སློབ་གཉེར་བྱེད་པར་མེད་དུ་མི་རུང་བའི་ཤ་ཆས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ༸གོང་ས་མཆོག་ནི་ཕྱི་ལོ་ ༢༠༠༥ ལོའི་ཀླད་པའི་ཚན་རིག་གི་ལོ་འཁོར་ཚོགས་ཆེན་གྱི་དབུ་འབྱེད་གསུང་བཤད་གནང་མཁན་དེ་ཡིན།

སེམས་དང་ཚེ་སྲོག་གི་བགྲོ་གླེང་ཐོག་མ་ཕྱི་ལོ་ ༡༩༨༧ ལོར་མགོ་འཛུགས་བྱས་པ་ནས་བཟུང་། ད་བར་བཟང་སྦྱོད་དང་། གཞན་ཕན། ཤེས་པ། དཔལ་འབྱོར་སོགས་བརྗོད་གཞི་ཅི་རིགས་ཀྱི་ཐོག་བགྲོ་གླེང་ཐེངས་ ༣༠ ཙམ་གོ་སྒྲིག་བྱས་ཡོད་པ་དང་། ཐུབ་བསྟན་སྦྱིན་པ་ལགས་ནི་བགྲོ་གླེང་གྲོ་སྒྲིག་ཚོགས་པའི་ཚོགས་གཙོ་དེ་ཡིན།

བྱམས་བརྩེའི་སྐོར་སློབ་གཉེར་དང་དར་སྤེལ་གཏོང་བའི་ཚོགས་པ་གཞན་ཞིག་ནི་སི་ཊེན་ཧྥོ་ཊ་གཙུག་ལག་སློབ་གྲྭའི་(Stanford University)བྱམས་བརྩེ་དང་གཞན་ཕན་ཞིབ་འཇུག་དང་སློབ་གཉེར་(CCARE)ལྟེ་གནས་ཁང་ཡིན། ལྟེ་གནས་ཁང་དེ་ནི་ཐུབ་བསྟན་སྦྱིན་པ་ལགས་དང་ཀླད་པའི་གཤག་བཅོས་སྨན་པ་ཇེམ་སི་ཌོ་ཊི་ལགས་ཀྱིས་གསར་འཛུགས་གནང་བ་ཞིག་ཡིན།

དེར་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་བྱམས་བརྩེ་གོང་འཕེལ་གྱི་ཟབ་སྦྱོང་ལས་རིམ་ཞིག་(Compassion Cultivating Training program)གོ་སྒྲིག་གནང་གི་ཡོད་པ་དང་། སྙིང་རྗེ་སྒོམ་ཐབས། དྲན་པ་ཉེར་བཞག ནུབ་ཕྱོགས་པའི་སེམས་ཁམས་རིག་པ་སོགས་ཆོས་ཀྱི་ཐ་སྙད་བཀོལ་སྤྱོད་མ་བྱས་པར་སྦྱོང་བརྡར་གནང་གི་ཡོད། བདུན་ཕྲག་བརྒྱད་རིང་གི་སྦྱོང་བརྡར་དེས། སི་ཊེན་ཧྥོ་ཊ་ཡི་སློབ་ཕྲུག་ནས་གྷུ་གྷལ་(Google engineers)འཕྲུལ་ལས་འཆར་འགོད་པ་སོགས་མི་སྣ་སྟོང་ཕྲག་མང་པོར། བྱམས་སྙིང་རྗེ་དང་གཞན་གྱི་བདེ་སྡུག་ལ་བསམ་ཤེས་ཀྱི་ལམ་སྟོན་བྱས་ཡོད། སྦྱོང་བརྡར་གྱི་རྣམ་གཞག་དང་གནད་དོན་མང་པོ་ཞིག་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་མཛད་པའི་དཔེ་དེབ་འཇིགས་བྲལ་གྱི་སྙིང་སྟོབས་ཤིག་(A Fearless Heart)ཅེས་པའི་ནང་གསལ་ཡོད།

ཐུབ་བསྟན་སྦྱིན་པ་ལགས་ཀྱི་ལས་འཆར་གཞན་ཁག་ཅིག་ནི། བོད་ཀྱི་རྩ་ཆེའི་དཔེ་རྙིང་གཅེས་སྲུང་དང་ཡིག་སྒྱུར། ཕྱིས་འབྱུང་མི་རབས་གསར་པས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཆེད་བརྡ་སྤྲོད་གཞུང་ལུགས་དེང་རབས་ཅན་དུ་བསྒྱུར་རྒྱུ་སོགས་ཡིན།

ཐུབ་བསྟན་སྦྱིན་པ་ལགས་ཀྱིས་མི་ཚེའི་རྒྱུད་རིམ་ཁྲོད། སྐུ་ཉིད་ཀྱི་འོས་འགན་ཆེ་ཤོས་ནི། གནའ་རབས་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་བསླབ་བྱ་ཟབ་མོ་དེང་རབས་འཛམ་གླིང་གི་དགོས་མཁོ་བསྐྲུན་པའི་ཐབས་ལ་འབད་རྒྱུར་ངོས་འཛིན་གནང་གི་ཡོད། དེར་བརྟེན་ཁོང་གིས་བོད་ཀྱི་ནང་བསྟན་ཆོས་ལུགས་སྤྱི་དང་། ལྷག་པར་༸གོང་ས་མཆོག་གིས་དུས་རྟག་ཏུ་གསུང་མུས་ཀྱི་ནཱ་ལན་ཌའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་དར་སྤེལ་གཏོང་བར་འབད་བརྩོན་གནང་གི་ཡོད།

ཁོང་གིས་བོད་ཀྱི་དགོན་སྡེ་ཁག་གི་གནས་སྟངས་ཇེ་ཞན་དུ་འགྲོ་རིམ་བཞིན། རྩ་ཆེའི་རིག་གཞུང་དེ་དག་ཉམས་རྒུད་དུ་འགྲོ་དོགས་ཀྱིས། ཕྱིས་འབྱུང་གཞི་རྒྱ་ཆེན་པོར་ཕན་ཐོགས་དང་། རྒྱལ་སྤྱིའི་རིག་གཞུང་གི་ཆ་ཤས་སུ་འགྱུར་ཕྱིར། གླེགས་བམ་བསྒྱུར་བ་དང་། ལེགས་བཅོས་གནང་བ། པར་སྐྲུན་གནང་བ་སོགས་ལས་འཁུར་བཞེས་བཞིན་ཡོད། ལས་དོན་དེ་དག་གཉེར་ཡུལ་བོད་ཀྱི་གནའ་རབས་རིག་གཞུང་དཔེ་མཛོད་ཁང་(The Library of Tibetan Classics)ནི། གཞི་རྒྱ་ཆེ་བའི་ལས་འཆར་སྒྲུབ་ཡུལ་ཞིག་ཡིན་པ་དང་། ད་བར་རྩ་ཆེའི་གླེགས་བམ་གྲངས་ ༣༢ ཙམ་བསྒྱུར་ཟིན་པ་དང་། དེ་དག་ལས་པོད་ ༩ ཝི་སི་ཌོམ་པར་སྐྲུན་ཁང་(Wisdom Publication)གིས་འགྲེམས་སྤེལ་བྱས་ཟིན་པ་རེད། ལྷག་མ་རྣམས་པར་སྐྲུན་བྱེད་མུས་ཡིན།

ཐུབ་བསྟན་སྦྱིན་པ་ལགས་ཀྱིས་དགའ་ཞེན་གནང་ས་གཞན་ཞིག་ནི། བོད་ཀྱི་བརྡ་སྤྲོད་རིག་གནས་དེང་རབས་ཀྱི་སྒྲོམ་གཞི་དང་མཐུན་པར་བཅོས་སྒྱུར་གྱིས། འབྱུང་འགྱུར་མི་རབས་གསར་པས་བོད་ཀྱི་སྐད་ཡིག་གོ་རྟོགས་སླ་བ་དང་། མི་ཉམས་རྒྱུད་འཛིན་བྱེད་ཐུབ་པ་གནང་རྒྱུ་དེ་ཡིན། ཁོང་གིས་ “བོད་ཀྱི་ཁ་སྐད་དང་ཡིག་སྐད་དབར་སྟོང་ཆ་ཆེན་པོ་ཞིག་ཡོད་དང་། ངས་ཉམས་ཞིབ་མང་པོ་བྱས་པ་ཡིན་ལ། སྟོང་ཆ་དེ་སྐོང་ཐབས་ཀྱི་བརྡ་སྤྲོད་ཀྱི་དཔེ་དེབ་ཅིག་ཀྱང་བརྩམས་པ་ཡིན། ད་ཆ་དགོན་སྡེ་འགའ་ཞིག་ནང་དཔེ་དེབ་དེ་བེད་སྤྱོད་བྱེད་མུས་རེད།” ཅེས་གསུངས།

རིག་རྩལ་བསྐྱར་དར་ལ་ཐུགས་སེམས་འགྱུར་མེད་ཀྱི་མཁས་དབང་ཐུབ་བསྟན་སྦྱིན་པས། སྐུ་ཉིད་ཀྱིས་ལས་དོན་སྣ་མང་ལ་འཇུག་པ་དེར་མཐུན་མོང་གི་ཁ་ཕྱོགས་ཤིག་ཡོད་པ་དང་། གནའ་རབས་བོད་ཀྱི་ནང་ཆོས་ཀྱི་བསླབ་བྱ་ཟབ་མོ་མི་ཉམས་གོང་འཕེལ་གྱིས། བྱམས་སྙིང་རྗེས་གཙོས་བཟང་པོའི་ཡོན་ཏན་ལག་ལེན་དུ་འགེལ་ཐུབ་པ་བྱུང་ན། འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན་ཞེས་གསུངས། ཁོང་གིས་གནད་དོན་དེ་དག་སྐོར་གླེང་ཞོས་དུ། ཁོང་ཉིད་ཀྱི་ཞབས་ཀྱི་འཁྲིས་སུ་ཉལ་བའི་ཁྱི་དེར་བྱིལ་བྱིལ་གནང་། ཁྱི་དེས་དགའ་བའི་རྣམ་འགྱུར་སྟོན་བཞིན་མཇུག་མ་ཡུག་ཡུག་བྱས་པས་ཁོང་གི་ཞལ་རས་ལས་འཛུམ་མདངས་མངོན། ཁོང་གིས་“ངས་རང་ཉིད་ལས་འཕྲོ་ཅན་ཞིག་ཡིན་སྙམ་གྱི་འདུག་” ཅེས་གསུང་བཞིན་བཞད་གད་ཤོར།

མ་རྩོམ་འབྲེལ་ཐག https://www.lionsroar.com/thupten-jinpa-voice-for-compassion/

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 2

  1. ཨོ་རྒྱན་འོད་གསལ། says:
    ལོ་ 7 སྔོན།

    ཁོང་གི་ཐོག་མའི་སྐུལ་སློང་དང་། བར་གྱི་བརྩོན་འགྲུས། མཐའ་མའི་འབྲས་བུར་ཡིད་སྨོན་ཤོར་སོང་། བོད་པ་ཞིག་གི་ནང་ནས། ༧གོང་ས་མཆོག་དང་ཁོང་ལྟ་བུར་རྒྱལ་སྤྱིའི་ནང་ལ་མི་འབོར་དུང་ཕྱུར་མང་པོར་བོད་ཀྱི་ཆོས་དང་རིག་གཞུང་གླེང་མཁན་བྱུང་མེད་པས། དེ་ལས་ལྷག་པའི་སྐུ་ཚེའི་མཛད་པ་མེད་པ་ལྟ་བུ་རེད། གལ་ཏེ་ཁོང་གྲྭ་པ་བྱས་ནས་བཞུགས་ཡོད་ན། སོ་སོའི་གྲྭ་ཚང་དང་ཤག་གི་དགེ་ཕྲུག་འགའ་ཤས་ལས། གཞན་སྤྱི་ཚོགས་ལ་ཕན་པ་དེ་ཙམ་མེད་པ་གསལ་པོ་རེད།

    Reply
  2. ཀརྨ་ says:
    ལོ་ 8 སྔོན།

    ནང་ཆོས་དགེ་བཤེས་མཐོན་པ་ཞིག་གིས་མཐར་ཁྱིམ་ཚང་འཛིན་པ་དེ་ནི་དེ་བས་ལྷག་པའི་བློ་བརྗོད་དང་གྱོང་ཆེ་བ་གང་ཡོད། གཉིས་ནས་ནང་པ་སངས་རྒྱས་ཀྱི་ལམ་སྟོན་བཀའ་ལ་ཡིད་ཆེ་མ་ངེས་པ་ཞིག་་རྟག་གསལ་པོ་རེད་བསམ། གསུམ་ནས་དགེ་བཤེས་་ཚོས་ཀྱང་མཐར་བྱ་སྤྱོད་དེ་ལས་མེད་ན་བློ་དམན་སྐྱ་བོ་རྣམ་ནི་ཁག་གང་ཡོད་བསམ་དྲན། ལོ་བརྒྱ་སྨན་བཟའ་ཤི་ཁ་དུག་ཟ་ཞེས་པ་དེ་འདྲ་ཡིན་པ་ངེས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese