མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་སྲེག་མི་གནང་བའི་འབོད་སྐུལ་གསོལ་འདེབས།

བོད་ཀྱི་དུས་བབ།
༢༠༡༨/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟ།

ཆེས་བཀུར་བར་འོས་པའི་གཞིས་བཞུགས་རྒྱ་ཆེ་མི་མང་དང་། བྱེ་བྲག་གུས་པའི་ཕ་ཡུལ་མདོ་སྨད་ཀྱི་སེར་སྐྱ་ཕོ་མོ་རྒན་གཞོན་ཡོངས་ལ་ཞུ་རྒྱུར། མཚུངས་ཟླ་མེད་པའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་རླབས་ཆེན་མཛད་འཕྲིན་དང་། ལམ་སྟོན་དགོངས་གཞི་ཉག་ཅིག་ལ་བརྟེན་ནས། རང་ཅག་བོད་ཅེས་པའི་མི་རིགས་འདི་ཡང་འཛམ་གླིང་ཧྲིལ་བོའི་སྤྱི་ཚོགས་དང་ཤེས་རིག་གི་བང་མཛོད། ཆབ་སྲིད་ཀྱི་སྡིངས་ཆ་བཅས་སུ་མེད་པ་ནས་ཡོད་པ། ཡོད་པ་ནས་ཡོད་ལུགས་གཞན་དང་མི་མཚུངས་པའི་ལམ་ནས་གསལ་བར་མཛད་དེ་བོད་ཀྱི་དངོས་ཡོད་གནས་ཚུལ་ཕྱོགས་ཡོངས་ནས་ཉི་ཤར་སྦར་མོས་མི་ཁེབས་པའི་ཚུལ་དུ་གྱུར་ཡོད། བོད་ཀྱི་རིག་གཞུང་དང་དེ་གང་དུ་བྲིས་པའི་བོད་ཀྱི་སྐད་ཡིག དེས་བསྐྱེད་པའི་བོད་མིའི་འདུ་ཤེས་དང་ཡུལ་གོམས་གཤིས་ལུགས་སྲ་བརྟན་དུ་ཆགས་པའི་བོད་མི་རིགས་འདི་ཉིད་འཛམ་གླིང་སྤྱིའི་བདེ་རྩར་ཞབས་འདེགས་ཐུབ་མཁན་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་ཀྱི་ཐུན་མིན་མི་སྡེ་ཞིག་ཡིན་པ་རིགས་པའི་ལམ་ནས་གསལ་ར་སྤྲད་ཡོད། ལྷག་པར་དུ་བོད་ཀྱི་རིག་གཞུང་དང་དེ་འཛིན་པའི་མི་རིགས་དང་བཅས་པ་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་ཡོད་པའི་ཁེ་ཕན་དང་། མེད་པའི་གྱོང་གུད་གསལ་གསུང་གནང་བར་རྒྱལ་སྤྱིའི་སྟེང་གི་ཆེ་རྒུ་ཕལ་མོ་ཆེས་ཁས་ལེན་གཙང་མ་ཞུ་བཞིན་མཆིས། བོད་ཀྱི་རིག་གཞུང་ལ་ཨ་ཕའི་ཁ་ཕོར་གཙང་ཞེན་ཙམ་མིན་པར་རིག་གཞུང་གཞན་དང་དཔུང་པ་མཉམ་གཤིབ་ཐུབ་ཀྱི་ཡོད་པ་གསར་འགྱུར་བཀག་སྡོམ་ཆེ་བའི་རྒྱ་ནག་ཙམ་མ་གཏོགས། འཛམ་གླིང་ནང་ཡོངས་གྲགས་ཆགས་ཟིན་པས། བོད་མི་ཚོས་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་བདག་གཅེས་ཞུ་ཕྱོགས་ནི་༸གོང་ས་མཆོག་གི་ལམ་སྟོན་དགོངས་གཞི་དང་ངེས་པར་དུ་མཐུན་པ་ཞིག་ཡོང་གལ་ཆེ་ཞིང་། དེ་ལྟར་ཡོང་ཐུབ་ན་བོད་མིའི་མདུན་ལམ་ཡང་རང་རྒྱལ་གཞན་ཕམ་དང་། ཁྱོད་ཤི་ང་གསོན་གྱི་བསམ་ཚུལ་གྱི་འོག་ཏུ་འགྲོ་དགོས་དོན་གང་ཡང་མེད། ༸གོང་ས་མཆོག་གིས་དུས་རབས་ཕྱེད་ལྷག་རིང་གི་ཐུགས་མྱོང་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། གཅིག བོད་མི་རིགས་ལ་འཁྲི་བའི་འཇིག་རྟེན་ཡོངས་ཁྱབ་ཀྱི་འགན་འཁུར་དང་། གཉིས། རྒྱ་བོད་བར་ལྷགས་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས། གསུམ། བོད་མི་ནང་ཁུལ་གྱི་མཐུན་ལམ་དམ་ཚིག་གཅིག་ཏུ་སྒྲིལ་ཕྱོགས་བཅས་ཀྱི་གོ་རིམ་དང་ཐབས་ཚུལ་རྣམས་ཡང་ཡང་གསུང་ཡོད་ཀྱང་། ད་དུང་རང་ཅག་ཚང་མར་གསལ་བོ་མ་ངེས་པ་ལྟ་བུའི་རྣམ་པ་གང་སར་མཐོང་རྒྱུ་འདུག་པ་འདི་དག་ལ་ངེས་པར་དུ་བསམ་ཞིབ་ནན་ཏན་དགོས་པ་ཡིན།

བོད་ཀྱི་མིང་ཙམ་གྱི་གོ་བ་དང་དེའི་རྩ་དོན་ཆོལ་གསུམ་འཛིན་སྐྱོང་གཅིག་གི་རང་སྐྱོང་བསྒྲུབ་རྒྱུ་གང་ཅིར། རྒྱལ་སྤྱིའི་སྟེང་ངེས་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོ་ཁོ་ནའི་མཚན་དང་གཟི་བརྗིད་ལ་བརྟེན་དགོས་པ་ནི་འཛམ་གླིང་ཀུན་གསལ་ཆགས་པའི་དངོས་ཡོད་གནས་ཚུལ་ཞིག་རེད། བོད་ཀྱི་རྩ་དོན་སྒྲུབ་པའི་ལམ་ཁ་ཚད་ལྡན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་སྤྱི་དང་། བྱེ་བྲག་བོད་ཀྱི་མི་ཚང་གཅིག་གི་བདེ་སྡུག་གནས་ཚུལ་ལ་རོགས་རམ་བྱེད་མཁན་ཚུན་གྱི་རྒྱབ་སྐྱོར་བྱེད་དོན་ནི་༸གོང་ས་ཏཱ་ལའི་བླ་མའི་མི་མང་ཡིན་པ་ཁོ་ནས་རེད་འདུག རང་རེའི་གཞུང་སྐྱབས་བཅོལ་དུ་འབྱོར་བ་ནས་རྒྱ་གར་གཞུང་གིས་༸གོང་ས་མཆོག་དམིགས་བསལ་སྐུ་མགྲོན་དུ་ངོས་འཛིན་བྱས་པ་ཕུད། ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་མཚོན་ཤར་ནུབ་འབྲེལ་ཆགས་རྒྱལ་ཁབ་ཚང་མས་བོད་ཀྱི་གནད་དོན་ནི་’’རྒྱ་ནག་གཅིག་གམ་ཀྲུང་གོའི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་’’པའི་ངོས་འཛིན་ལ་འགྱུར་བ་གང་ཡང་བཏང་མེད། རྒྱལ་སྤྱིའི་ངོས་འཛིན་དང་རྒྱ་ནག་གི་དབང་བསྒྱུར་ཟིལ་ཤུགས་ལ་ལྟོས་ཚེ་བོད་ཀྱི་ཚབ་ཏུ་མི་རིགས་གཞན་ཞིག་ཡོད་ཚེ། དེ་ཕལ་ཆེར་མན་ཇུ་མི་རིགས་ལྟར་རྩ་མེད་ཆགས་ཟིན་པ་གསལ་པོ་རེད། འོན་ཀྱང་བོད་མ་ཤི་བ་ཙམ་མིན་པར་རང་གི་ངོས་འཛིན་རིག་གཞུང་དང་སྐད་ཡིག་གཙོས་ཁྱད་ཡོན་རྣམས་འཛམ་གླིང་སྟེང་ནག་བསུབ་གཏོང་མི་ཐུབ་པར་གྱུར་བ་འདི་ནི། ༸བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་༸རྒྱལ་མཆོག་ཐམས་ཅད་མཁྱེན་པ་༸བསྟན་འཛིན་རྒྱ་མཚོའི་རླབས་ཆེན་མཛད་རྗེས་ལ་བརྟེན་ནས་བྱུང་བ་གོར་མ་ཆག་པས། མདོར་ན་བོད་གསོན་པོར་གནས་དགོས་ཚེ། གནས་པ་དོན་དང་ལྡན་པ་ཞིག་འབྱུང་དགོས་ཚེ། ༸གང་ཉིད་ཀྱི་དགོངས་གཞི་ལམ་སྟོན་ལྟར་འགྲོ་དགོས་པ་སྟོང་གསུམ་གྱི་མཁས་པ་ཀུན་ལ་དྲིས་ཀྱང་དེ་དེ་བཞིན་ནོ་ཞེས་བཀའ་ལན་རྩེ་མཐུན་དུ་གནང་ངེས་པས། རང་ཅག་གངས་ཅན་པ་རྣམས་ཀྱིས་ཀྱང་ངེས་པར་༸ཁོང་གི་དགོངས་གཞི་ལྟར་གཙོ་བོ་བོད་ཀྱི་རིག་གཞུང་དང་སྐད་ཡིག ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ངེས་པར་དུ་ངང་རིང་བརྩོན་འགྲུས་ཅན་གྱི་ཕུགས་སྨན་བརྟུལ་ཞུགས་དང་དུ་ལེན་དགོས་པ་སྨོས་མེད་ཡིན་སྟབས། གཞན་གྱི་ཚེ་སྲོག་འཕྲོག་པ་དང་རང་གི་ཚེ་སྲོག་གློ་བུར་དོར་ཏེ་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཞུ་བ་ནི་དེང་གི་སྐབས་སུ་ནུས་པ་ཐོན་ངེས་ཀྱི་ཐབས་ལམ་ཞིག་མིན་པ་གསལ་བོ་རེད།

རང་གི་རིག་གཞུང་དང་སྐད་ཡིག་མི་ཚེར་ཧྲིལ་བོར་རང་གིས་སློབ་ཅིང་། གཞན་ལ་ཁྲིད་པ། དེའི་ཁྱད་ཡོན་རྣམས་རང་དང་རང་གི་བཟའ་མི། སྡེ་མི་ཀུན་ལ་ཤེས་སུ་འཇུག་པའི་ཆེད་སྐུ་ཚེ་ཡུན་རིང་བཞུགས་ཏེ་དུས་ཚོད་གཏོང་བ་ནི་ད་ལྟའི་བོད་ཀྱི་གནས་བབ་ལ་ཧ་ཅང་དགོས་ངེས་ཅན་གྱི་ཞབས་ཞུ་སྒྲུབ་སྟངས་བླ་ན་མེད་པ་ཞིག་རེད་ལ། ཚུལ་དེ་༸གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་དང་མཐུན་པ་ཡང་ཞུ་ག་ལ་དགོས། བཤད་ན་མི་རྫོགས་པའི་རྒྱུ་མཚན་སྣ་མང་ལ་བརྟེན་ནས་རང་ལུས་མེར་སྲེག་གནང་བཞིན་པ་འདི་མཚམས་འཇོག་དགོས་གལ་མ་ཟད། སྐུ་དཀྱིལ་གསལ་ཐང་ངོས་བོད་ལ་ཞབས་ཞུ་གནང་སྐྱོང་ཡོང་བ་ཞེས་རེ་སྐུལ་དང་གསོལ་འདེབས་དྲག་པོ་ཞུ་རྒྱུ་དང་སྦྲགས་གཤམ་འཁོད་དོན་གནད་རྣམས་ཀྱང་དེའི་རྒྱབ་སྣོན་དུ་ཞར་བྱུང་གི་ཚུལ་དུ་གསེར་སྙན་སྒྲོན་འབུལ་ཞུ་རྒྱུ་ཡིན།

གཅིག གུས་པ་དེ་སྔ་མི་མང་དཀྱུས་མའི་གནས་བབ་ཐོག་ཡོད་དུས་ནས་རང་སྲེག་གནད་དོན་ཐད་ཆབ་སྲིད་འགོ་ཁྲིད་ཚོས་རྗེས་དཔོག་ཐུབ་པའི་ལམ་སྟོན་ཚད་ལྡན་གནང་དགོས་པའི་རེ་འདུན་ཐེངས་མང་ཡིག་ངག་གཉིས་ནས་ཞུས་ཟིན་པ་དོན་འབྲས་མ་སོན་ཡང་། ད་ནི་གུས་པ་ཡང་མི་མང་གིས་འོས་འདེམས་ཀྱིས་ཆབ་སྲིད་འགན་ཁུར་བའི་ཁྲོད་བསྐྱལ་ཟིན་པས། སྲེག་བཞིན་པའི་ཚེ་སྲོག་དེ་དག་ལ་དམིགས་བསལ་འགན་ཁུར་ཞུ་དགོས་པ་བརྗོད་མེད་རེད། འགན་ཁུར་བ་ཞིག་ཡིན་པའི་ཆ་ནས་མི་མང་ལ་རྩ་དོན་ཐད་རེ་འདུན་དང་ལམ་སྟོན་སྦ་གསང་མེད་པར་ཞུ་དགོས་པ་མང་གཙོའི་རིང་ལུགས་ཀྱི་ཁྱད་ཆོས་གཙོ་གྲས་ཤིག་ཡིན་པས། དེ་ལྟ་བུའི་འགན་ཁུར་བ་ཡོད་པའི་དགོས་པ་ནི་གནད་འགག་གི་སྐབས་སུ་མི་མང་ལ་ཁ་ཕྱོགས་སྟོན་མཁན་ཞིག་དང་། མི་མང་གི་བསམ་འདུན་ངོ་མ་ཇི་ཡིན་གཞན་ལ་བརྒྱུད་སྤྲོད་ཐུབ་མཁན་ཞིག་ཡིན་དགོས་པས། གོ་གནས་གཅིག་པུ་ཙམ་བཟུང་ནས་བསྡད་པ་མ་ཡིན་པར། བསམ་ཚུལ་གང་ཞུས་ལ་མི་མང་གིས་གསན་འཇོག་གནང་མིན་ལ་མ་ལྟོས་པར། རང་གི་བསམ་ཚུལ་དང་མི་མཐུན་ཕྱོགས་ཀྱི་དགག་བྱ་ལ་འཛེམས་ཟོན་གྱིས་མ་བསྡད་པར། གོ་གནས་ཐོག་ཉིན་གཅིག་ལས་སྡོད་སྐལ་བྲལ་ཡང་། མ་འོངས་ཕུགས་རྒྱང་རིང་པོའི་བོད་ཀྱི་མདུན་ལམ་ཆེད་བསམ་ཚུལ་གསལ་བོ་ཞུ་དགོས་པ་ནི་ཁས་བླངས་པའི་དམ་བཅའ་དང་ལོ་རྒྱུས་གཉིས་ཀར་འགན་འཁུར་བ་ཞིག་ཡིན་པ་ནམ་ཡང་བློ་ཕུག་ཏུ་གདེང་ཚོད་གསལ་བོ་ཡོད།

            གཉིས།༸གོང་ས་མཆོག་གིས་’’རང་ལུས་མེར་སྲེག་ཐད་འགྲིགས་འདུག་ཅེས་ངོས་ནས་རྩ་བ་ནས་ཞུ་མི་ཐུབ། ཅི་ལྟར་ཞུའམ། ཡང་འགྲིགས་ཡོད་པ་མ་རེད་ཅེས་ཞུས་ན། ཁོང་ཚོའི་ཤུལ་ལུས་ནང་མི་རྣམས་སྙིང་རྗེ། དེའི་རྐྱེན་ངོས་རང་ཤི་བ་ནང་བཞིན་འདུག་གི་ཡིན་’’ཞེས་ཕྱག་གཡོན་གྱི་གོང་མཛུབ་ཞལ་ལ་སྦྱར་ཏེ་བཀའ་གནང་ཡོད། ང་ཚོས་གསལ་བོ་ཤེས་དགོས་པ་ཞིག་ནི། བོད་ཀྱི་ཆེད་དུ་རང་གི་སྲོག་གཅོད་པ་དང་གཞན་གྱི་སྲོག་འཕྲོག་པའི་ལམ་ཁ་གང་ལའང་༸གོང་ས་མཆོག་ཐུགས་མོས་མེད་པ་གསལ་བོ་རེད། ཁོང་གིས་རྒྱ་ནག་གི་དཔོན་ངན་སྡུག་རྩུབ་ཅན་ཚོའི་མ་རུང་བའི་བྱ་སྤྱོད་དང་དམིགས་ཡུལ་ངན་པ་ཐེར་འདོན་གནང་བ་ལས། དཔོན་རིགས་གང་ཟག་དེར་ནམ་ཡང་འཁོན་འཛིན་གནང་མྱོང་མེད་ལ་དགྲར་གཟིགས་མྱོང་མེད། རྒྱལ་སྤྱིའི་སྟེང་གི་དཀའ་རྙོག་ཅན་གྱི་གནད་དོན་གང་ཡང་འཚེ་མེད་ཞི་བ་དང་། གཉིས་སྨན་གྲོས་མོལ་གྱི་ལམ་ནས་ཐག་གཅོད་དགོས་ཞེས་ལན་བརྒྱ་ཕྲག་མང་པོ་གསུངས་ཟིན་ལ། བོད་ཀྱི་མ་འོངས་པའི་མདུན་ལམ་ཆེད་དུའང་རྒྱ་བོད་གཉིས་སྨན་གྱི་ཐབས་ཚུལ་ལམ་སྟོན་གནང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞུང་གི་སྲིད་བྱུས་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་གནང་རྒྱུར་ཡང་ཡང་གཏན་འབེབས་གསལ་སྟོན་གནང་ཡོད། སྲིད་བྱུས་འདིའི་སྙིང་དོན་ ༢༠༠༨ ལོར་རྒྱ་ནག་གཞུང་ལ་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།༽ཞེས་པ་ཕུལ་ཟིན། དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་ལྟ་གྲུབ་དང་འབྲུ་དོན་ཁག་ལ་གཞི་བཞག་སྟེ་བཟོས་ཡོད་པས། དེང་སྐབས་བོད་ནང་རང་རང་གི་རང་སྐྱོང་ལྗོངས་དང་། ཁུལ་དང་། རྫོང་དག་གི་ཁྲིམས་སྒྲིག་གཞིར་བཟུང་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག ཁོར་ཡུག་བདག་གཅེས་ཚུལ་བཞིན་བྱ་རྒྱུ་ནི་དུས་ལ་བབས་ཤིང་། ལམ་ཁ་དེ་ཕུ་ཐག་ཆོད་པ་ཞིག་འགྲིམ་རྒྱུར་ད་དུང་ཡང་མ་འདང་ས་ཤིན་ཏུ་མང་བས་ཤུགས་སྣོན་བརྒྱབ་དགོས།

གསུམ། གངས་ཅན་མཁས་པ་ཡོངས་ཀྱི་གཙུག་རྒྱན། བོད་ལ་བཀའ་དྲིན་གཞལ་མེད་མཁས་མཆོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེ་སྔ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་དབུ་ཁྲིད་གནང་སྐབས། བོད་ནང་གི་དཔའ་བོ་དཔའ་མོ་རྣམས་ཀྱིས་ཚེ་སྲོག་བློས་གཏོང་བྱས་པར་གྲུབ་འབྲས་ཐོབ་ཆེད། བོད་མི་ཚོས་བསྒྲུབ་དགོས་པའི་ལམ་སྟོན་དོན་ཚན་བཞི་སྟེ། ༡ བོད་སྤྱི་པའི་བསོད་ནམས་གོང་འཕེལ་གཏོང་རྒྱུ། ༢ བོད་རིགས་ཡོངས་རྫོགས་ཆིག་བསྒྲིལ་བྱས་ནས་སྡོད་དགོས་པ། ༣ འཚེ་མེད་ཞི་བའི་ལམ་ལ་ཡིད་ཆེས་བློ་གཏད་འགྱུར་བ་མེད་པར་གནས་པ། ༤ ༸གོང་ས་མཆོག་གི་ཡང་དག་པའི་ལམ་སྟོན་འོག་ཤར་བསྐྱོད་ཐུབ་དགོས་པ་བཅས་ཡིན་པ་གདམས་ཡོད་ཀྱང་། ཉེ་བའི་ལོ་འདི་འགའི་རིང་བཙན་བྱོལ་བོད་མིའི་ནང་ཁུལ་གནས་སྟངས་ཧ་ཅང་སྡུག་ཏུ་ཕྱིན་ཡོད་པས། བོད་ཀྱི་གཏམ་དཔེར། གསོན་པོར་མྱི་བདག་དང་། ཤི་བོར་རོ་བདག་ཚད་ལྡན་ཞིག་དགོས་ཀྱང་། དེང་གི་གནས་བབ་ནང་བཀྲ་མ་ཤིས་པ་འདི་འདྲའི་སྐབས་རང་སྲེག་གཏོང་བ་ནི་ཧ་ཅང་ཕངས་སེམས་དང་བློ་ཕམ་ཆེ་གཞིར་གྱུར་འདུག

བཞི།༸གོང་ས་༸རྒྱལ་མཆོག་ཐམས་ཅད་མཁྱེན་པར་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ངོས་ནས་གྱ་སྟོན་གཟབ་རྒྱས་ཞུ་འཆར་སྐབས། དེའི་བར་ཆད་ཉེར་འཚེ་ལྡོག་ཕྱིར་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་སྐུའི་རྟེན་གཞིར་སྤྱན་འདྲེན་གྱིས་བཀའ་ལུང་ཞུ་སྐབས། ངེས་པར་རང་ལུས་མེར་སྲེག་མཚམས་འཇོག་དགོས་རྒྱུར་རང་ཁོངས་མདོ་སྨད་མི་མང་ལ་གསལ་བསྒྲགས་སྤེལ་དགོས་སྐོར་ཕེབས་ཡོད། གནས་ཚུལ་དེ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལ་སྙན་གསན་ཞུས་ཏེ། བཀའ་ཤག་ནས་ཀྱང་རང་སྲེག་མ་གནང་རོགས་ཞེས་གསུངས་ཟིན་ཡང་། ད་དུང་གསལ་བོ་ཞིག་གསན་ཐོས་མ་བྱུང་བ་ལྟ་བུ་འདུག་པས། ༸གོང་ས་མཆོག་གི་མཛད་འཕྲིན་དང་བོད་མི་རིགས་ཀྱི་ཆབ་སྲིད་ཐད་ཤིན་ཏུ་བཀའ་དྲིན་ཆེ་བའི་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ལ་བསླུ་བ་མེད་སྟབས་དེ་དོན་གང་མྱུར་ལག་བསྟར་ཡོང་བ་ནན་སྐུལ་ཞུ།

ལྔ། བདེན་མིན་ཅི་ལྟར་ཡང་། མི་གྲངས་ངེས་ཅན་ཞིག་གིས་རང་སྲེག་བྱས་ཚེ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་བོད་ལ་རྒྱབ་སྐྱོར་དམིགས་བསལ་བ་ཞིག་བྱེད་ཀྱི་ཡོད་རབ་ཀྱི་དཀྲོག་གཏམ་ཁྱབ་སོང་ཞེས་བོད་ནས་ཡོང་མཁན་རེ་ཟུང་གིས་སྨྲ། དེ་དག་ནི་ཧ་ཅང་སྐྱག་རྫུན་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་སྟོབས་ཆེན་དུ་བསྙད་པའི་རྒྱལ་ཁབ་ཕལ་མོ་ཆེ་ནི་ཉམ་ཆུང་ནུས་མེད་ཀྱི་བདེ་སྡུག་ལ་གཟིགས་མཁན་ཞིག་མིན་པ་དེང་སང་འཛམ་གླིང་དུ་གསལ་བོ་གྱུར་ཟིན། བོད་མི་རང་གིས་རང་ཉིད་ཀྱི་རིག་གཞུང་དང་སྐད་ཡིག་བདག་གཅེས་ཀྱིས་རང་རྐང་དུ་ལངས་ཐུབ་དགོས་པ་ལས། མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་རེ་བ་འཆང་བ་ནི་དོན་མེད་རེ་སྟོང་ཙམ་རེད་ལ། དེ་ཚོའི་འགུལ་བསྐྱོད་ནི་ཆབ་སྲིད་ཀྱི་ཁེ་ཕན་དང་མ་བྲལ་བ་ཞིག་ཡིན་པས། ནམ་ཡང་རང་གི་ཁེ་ཕན་ཨང་དང་པོ་དང་གཞན་བེད་སྤྱོད་གཏོང་རྐྱང་བྱེད་པ་ནི་འཛམ་གླིང་སྤྱི་སྲོལ་ཞིག་ཆགས་འདུག་ན། ཆེ་ས་རྒྱལ་ཁབ་ཀྱི་དོན་ཆེན་ནས་ཆུང་བ་ཁྱིམ་ཚང་གི་ལས་དོན་བར་གཞན་ལ་རེ་ལྟོས་ཆེ་མེད་པ་དེ་ད་ནི་ང་ཚོར་ར་འཕྲོད་དགོས་པའི་གནད་དོན་གལ་ཆེན་རེད་ཅེས་ཞུ།

དྲུག དེང་སང་སྐད་འཕྲིན་སོགས་དར་ཁྱབ་ཆེ་བས། བོད་ཕྱི་ནང་གི་གནས་ཚུལ་གོ་རྒྱུར་དུས་ཡུན་རིང་པོ་འགོར་མི་དགོས་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཕྱི་རྒྱལ་ཁག་ཏུ་ཕེབས་ཏེ་ཕྱི་རྒྱལ་དཔོན་རིགས་ཁག་དང་མཇལ་འཕྲད་མཉམ་པར་སོགས་མཐོང་འཕྲལ་གང་མིན་ཚད་རེད་སྙམ་ནས་རེ་བ་ཆེན་པོ་རྒྱག་སྲིད་ཀྱང་། དེ་དག་ཕལ་མོ་ཆེ་གྲོས་ཚོགས་འཐུས་མི་ཡིན་པ་ལས་གཞུང་འཛིན་མི་སྣ་ཤིན་ཏུ་ཉུང་། མང་གཙོའི་སྤྱི་ཚོགས་ནང་གྲོས་ཚོགས་འཐུས་མི་གཞུང་འཛིན་མི་སྣར་སྟངས་འཛིན་གནང་མཁན་ཡིན་པ་ལས། གཞུང་འཛིན་མི་སྣ་ལྟར་གྱི་ཆབ་སྲིད་མི་སྣའི་དབང་ཆ་དང་ངོས་འཛིན་མེད། གཞུང་འཛིན་མི་སྣ་རེ་གཉིས་ལ་མཇལ་ཐུབ་ཀྱི་ཡོད་ཀྱང་གནས་རིམ་མཐོ་གྲས་ཉུང་ལ། ཡོད་པ་རེ་ཟུང་ཡང་གསང་རྒྱ་ཤིན་ཏུ་བྱ་དགོས་ཐུག་གི་ཡོད། དངོས་ཡོད་དེའི་ཁྲོད་དོན་དམ་གྱི་རྒྱབ་སྐྱོར་ཅི་ཞིག་ཐོབ་ཀྱི་ཡོད་མེད་ལ་བསམ་གཞིགས་མ་ནོར་བ་ཞིག་བྱ་གལ་ཆེ་བས། རང་གི་རྣམ་རྟོག་དང་ཚོད་དཔག ཡང་ན་ཁུངས་ལྡན་མིན་པའི་གནས་ཚུལ་ལ་འཁོན་ཏེ་ང་རྒྱལ་ལངས་ན་སེམས་ཁམས་མི་བདེ་བའི་རྒྱུ་རུ་འགྱུར་བ་ལས་ཕན་ཐོགས་ཡོང་དཀའ། དེའི་རྐྱེན་གནད་དོན་ཇི་བཞིན་མ་མཁྱེན་བར་རེ་སྟོང་བཅངས་ཏེ་མདུན་ལ་མཆོང་རྒྱུ་མེད། ༸གོང་ས་མཆོག་གིས་ནམ་རྒྱུན་བཙན་བྱོལ་བོད་མི་ཚོར་ཕྱི་རོལ་དུ་སྐད་ལོག་བརྒྱབས་ནས་བོད་ནང་དུ་རེ་སྟོང་སྤྲད་དེ་མི་མང་པོ་འཕྲོ་བརླག་ཏུ་བཏང་ན་རྩ་བ་ནས་མི་རུང་ཞེས་ཞལ་གསལ་བོས་བཀའ་སློབ་ཐེངས་མང་གནང་ཟིན།

བདུན། རང་ཅག་གངས་ཅན་པ་ཚོར་བོད་ཀྱི་མདུན་ལམ་ཐད་སྲི་ཞུ་ཅི་ལྟར་བསྒྲུབ་དགོས་མིན་དང་། ཅི་ཞིག་བྱེད་དགོས་མིན་སོགས་ལ་ལམ་སྟོན་གྱིས་མ་འདང་བའི་དཀའ་ངལ་གང་ཡང་མེད། ང་ཚོའི་རླབས་ཆེན་གྱི་དབུ་ཁྲིད་༸གོང་ས་མཆོག་ནི་རྒྱལ་སྤྱིའི་མི་མང་གི་སེམས་ཀྱི་སློབ་སྟོན་པ་དང་། དེ་བཞིན་ཆབ་སྲིད་པ་དང་། ཚན་རིག་པ། དམག་དོན་པ། མཁས་དབང་སོགས་གྲགས་ཅན་ཆེ་རྒུ་རྣམས་ཀྱི་ཕྱི་ནང་གང་ས་ནས་རྒྱལ་མཚམས་མེད་པའི་ལམ་སྟོན་ཞུ་ཡུལ་དུ་གྱུར་ཟིན་པས་རྒྱ་ནག་གཞུང་གིས་ཀྱང་ཁ་གཏད་ཆོག་གི་མེད། དེས་ན་ང་ཚོས་གང་བྱ་དགོས་མིན་སྐོར་༸ཁོང་གི་ལམ་སྟོན་ལྟར་ཤར་བསྐྱོད་བྱ་དགོས་པ་ལས་གསར་དུ་ལམ་ཁ་དང་རིག་པ་གསར་པ་འཚོལ་དགོས་པའི་ངལ་བ་གང་ཡང་བསྟེན་དགོས་དོན་མེད། དེའི་རྐྱེན། བོད་ནང་གི་བོད་མི་ཚོས་རྒྱ་ནག་གི་༼རྩ་ཁྲིམས་༽དང་༼མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་༽ནང་གྲངས་ཉུང་མི་རིགས་ལ་གནང་བའི་འོས་འགན་དང་ཐོབ་ཐང་ཁག་གཞི་རྩར་བཟུང་སྟེ་གཉིས་ཕན་མཉམ་གནས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་འཚོལ་སྒྲུབ་བྱེད་རྒྱུ་གནད་ཀྱི་དོན་པོར་མཐོང་བས། ཁོ་བོས་ལག་གཉིས་ཐལ་མོ་སྦྱར་ཏེ་ད་ནས་བཟུང་ཕ་ཡུལ་བོད་དུ་སྤུན་ཟླ་གངས་ཅན་པ་སེར་སྐྱ་ཕོ་མོ་སུས་ཀྱང་རང་ལུས་མེར་སྲེག་རྩ་བ་ནས་མི་གནང་བའི་གསོལ་འདེབས་སྙིང་ནས་ཞུ་ཞུ།།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༡༢ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 15

  1. ལྷ་ལས་ཕུལ་བྱུང་། says:
    ལོ་ 7 སྔོན།

    བློ་བཟང་སེང་གེ་ཞུ་བའི་མི་ཞིག་སྲིད་སྐྱོང་འོས་མིར་སླེབས། དེ་ལ་ཐོག་མར། རྨོངས་དད་ཆེན་པོས་མང་མང་གིས་འོས་བླུགས། རེ་བ་ཆེན་པོ་གནང་ཡང་། ལོ་འགའ་ཡང་མ་སོང་བར་རེ་བ་འབྲས་མེད་དུ་བཏང་། དེ་ནས་ལོ་ལྔ་ཚན་དང་པོ་ལབ་རྒྱུ་གླེང་རྒྱུ་དོགས་པ་ཆེན་པོའི་ངང་རྫོགས། ཡང་བསྐྱར་འོས་བསྡུ་སླེབས། བློ་བཟང་སེང་གེ་ལགས་བསྐྱར་དུ་སྲིད་སྐྱོང་དུ་ལངས། དེ་དུས་རྨོངས་དད་པ་རྣམས་ཀྱི་དབང་པོའི་རྣམ་དཔྱོད་ཀྱི་ཁ་ཕྱེས། ཁོ་ནི་བོད་ཀྱི་བསྟན་སྲིད་རྒུད་པའི་ཕྱོགས་སུ་འདྲེན་མཁན་ཞིག་ཏུ་ཐག་བཅད་དེ་འོས་གང་ནས་ལྡུགས། གཞན་ཞིག་ལ་རེ་བ་བརྒྱབས། ཡིན་ནའང་། ངོ་ལོག་ཇག་ཚོག་ཤོག་ཁས་མུ་མཐུད། གང་ན་༸གོང་ས་མཆོག་གི་དགོངས་གཞི་དང་འགལ་ཟླ་ཡོད་རིགས་ལ་རྒྱབ་སྣོན། གསང་འབྲེལ་བྱེད། འགྲོ་སོང་གཏོང་བ་ཆོས་ཉིད་དང་བབས་པའི་ལས་འགན་ལྟར། བཙན་བྱོལ་སྤྱི་ཚོགས་ནང་ནང་འཁྲུག་གི་མགོ་བསླངས། མུ་མཐུད་བློ་བཟང་སེང་གེས་ཤོག་ཁག་གི་ཞེ་འདོད་ཕུགས་བཅང་གིས་སྲིད་གཞུང་གི་ལས་དོན་སྒེར་གཅོད་དང་། མངོན་སུམ་དུ་དྲང་བདེན་ལས་རྒྱབ་ཀྱིས་ཕྱོགས་པའི་ལམ་དུ་དྲངས། བོད་ཀྱི་དམ་གཙང་ལྷ་མི་རྣམས་སྐད་ཤོར། ལྟས་ངན་སྣ་དགུའི་རྟགས་མཚན་ཤར་བ་དངོས་སུ་མཐོང་སྟེ།

    དེང་གི་སྐབས་ནི། བཙན་བྱོལ་སྤྱི་ཚོགས་ནང་འདི་ལྟར་འབོད་པ་སྟེ། བཙན་བྱོལ་གཞུང་གི་ལོ་རྒྱུས་ནང་ནག་ཉེས་ཆེ་ཤོས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ཞེས་མཚན་བཏགས།

    Reply
  2. Hortsang Jigme says:
    ལོ་ 7 སྔོན།

    རྒྱ་གར་ཡུལ་མི་ཚོས་བོད་པ་ཚོར་རུབ་བརྡུང་བྱས། རྒྱ་དམར་གཞིས་སྤོར་པ་ཚོས་བོད་པ་དམར་གསོད་བྱས། ཕྱི་བསྡོད་བོད་པ་ཚོས་༼ ནང་འཁྲུག་ཁྲག་གི་འཁོར་ལོ་བསྐོར། ༽འདི་ཚོ་གནའ་གཏམ་དང་ལྷ་སྒྲུང་མ་རེད། རྒྱུ་མཚན་ཆེན་པོ་འདུག། ལོ་མང་པོ་ལ། ང་ཚོས་ཐལ་མོ་རེ་སྦྱར་ཁུལ་བྱས་ཏེ་ཡོད་ཚད་རྒྱལ་བ་རིན་པོ་ཆེ་བཀལ་ནས་འདྲུད་དུ་འཇུག་པ་ལས། མར་བབས་ནས་རོགས་བྱེད་མ་མྱོང། ད་དུང་ང་ཚོར་ལ་དུས་འཁོར་དབང་ཆེན་ཡང་མང་པོ་དགོས་ཡོད་པའི་སྨྱོན་གཏམ་བཤད་ཀྱི་ཡོད།

    Reply
  3. Gellek Jinpa says:
    ལོ་ 7 སྔོན།

    བདེན་མིན་ཅི་ལྟར་ཡང་། མི་གྲངས་ངེས་ཅན་ཞིག་གིས་རང་སྲེག་བྱས་ཚེ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་བོད་ལ་རྒྱབ་སྐྱོར་དམིགས་བསལ་བ་ཞིག་བྱེད་ཀྱི་ཡོད་རབ་ཀྱི་དཀྲོག་གཏམ་ཁྱབ་སོང་ཞེས་བོད་ནས་ཡོང་མཁན་རེ་ཟུང་གིས་སྨྲ། དེ་དག་ནི་ཧ་ཅང་སྐྱག་རྫུན་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་སྟོབས་ཆེན་དུ་བསྙད་པའི་རྒྱལ་ཁབ་ཕལ་མོ་ཆེ་ནི་ཉམ་ཆུང་ནུས་མེད་ཀྱི་བདེ་སྡུག་ལ་གཟིགས་མཁན་ཞིག་མིན་པ་དེང་སང་འཛམ་གླིང་དུ་གསལ་བོ་གྱུར་ཟིན། བོད་མི་རང་གིས་རང་ཉིད་ཀྱི་རིག་གཞུང་དང་སྐད་ཡིག་བདག་གཅེས་ཀྱིས་རང་རྐང་དུ་ལངས་ཐུབ་དགོས་པ་ལས། མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་རེ་བ་འཆང་བ་ནི་དོན་མེད་རེ་སྟོང་ཙམ་རེད་ལ། དེ་ཚོའི་འགུལ་བསྐྱོད་ནི་ཆབ་སྲིད་ཀྱི་ཁེ་ཕན་དང་མ་བྲལ་བ་ཞིག་ཡིན་པས། ནམ་ཡང་རང་གི་ཁེ་ཕན་ཨང་དང་པོ་དང་གཞན་བེད་སྤྱོད་གཏོང་རྐྱང་བྱེད་པ་ནི་འཛམ་གླིང་སྤྱི་སྲོལ་ཞིག་ཆགས་འདུག་ན། ཆེ་ས་རྒྱལ་ཁབ་ཀྱི་དོན་ཆེན་ནས་ཆུང་བ་ཁྱིམ་ཚང་གི་ལས་དོན་བར་གཞན་ལ་རེ་ལྟོས་ཆེ་མེད་པ་དེ་ད་ནི་ང་ཚོར་ར་འཕྲོད་དགོས་པའི་གནད་དོན་གལ་ཆེན་རེད་ཅེས་ཞུ།

    Reply
  4. ལྷ་ལས་ཕུལ་བྱུང་། says:
    ལོ་ 7 སྔོན།

    དྲང་པོར་བཤད་ན། རྩོམ་འདི་ཧ་ཅང་ཡག་ཅིང་། དེ་ལས་ཀྱང་གླེང་བརྗོད་ནི་གཏིང་ཟབ་ལ་རྒྱ་ཆེ་བ། གནད་འདུས་པ། མཁས་བླུན་བར་མ་གསུམ་ཀས་གོ་ཐུབ་པ་ཞིག་ཡིན་པ་འདིས། སྐུ་ཞབས་ཤར་ཕྱོགས་ཁུག་རྟ་༧གོང་ས་མཆོག་གི་དགོངས་གཞིའི་ཀློང་དུ་ཅི་ཙམ་བསྐྱལ་ཐུབ་ཀྱི་ཡོད་མེད་གསལ་བཤད་བྱས་འདུག འདི་འདྲ་དེང་བཙན་བྱོལ་ནང་སྨྱུག་ཁ་གཡུག་སྡོད་མཁན་དང་། ཁ་བདག་མེད་ཚོའི་ནང་ཤིན་ཏུ་དཀོན་པོ་རེད། འདི་གཅིག་པུས་གནད་དོན་མང་པོ་གསལ་བཤད་བྱས་ཚར་འདུག

    རང་སྲེག་ནི་དེང་གི་སྐབས་འདིར་ནུས་པ་ཐོན་རྒྱུར་དཀའ་བའི་གནས་སྟངས་ཤིག་ཏུ་གྱུར་ཟིན་པའང་བདེན་པ་རེད་སྙམ། ང་ཚོ་ནང་དུ་བཀྲ་ནི་མི་ཤིས། བཙན་བྱོལ་སྤར་མོ་གང་བོའི་ཁྲོད་རྙོག་གླེང་རྒྱུན་མི་ཆད། ཐ་ན་༧གོང་ས་མཆོག་ཡན་ལ་མཚན་སྨོད་ཟུར་ཟ་བྱེད་མཁན་ཡོད་པ་འདི་འདྲའི་བསོད་ནམས་ཟད་པའི་དུས་སྐབས་ཤིག་ལ། ཕར་ཕྱོགས་ནས་རང་སྲེག་གནང་བསྡད་པར་ལྟད་མོ་བལྟས་བསྡད་པ་ཡིན་ན་སེམས་ཀྱིས་བཟོད་ཀི་མ་རེད། དེ་ཀླད་དྭངས་ཤིག་ཡིན་ན་བསམ་བློ་འཁོར་གི་རེད།

    དེ་མ་ཟད། བཙན་བྱོལ་བོད་གཞུང་དོན་གཅོད་དང་ཞིབ་འཇུག་ཁང་དེ་ཚོས་ཀྱང་། རྒྱ་རིགས་ཡ་མ་བརླ། ར་མིན་ལུག་མིན་ད་ེའདྲ་གདན་འདྲེན་ཞུས་ཏེ། གཏམ་བཤད་གནང་བཅུག གཏམ་བཤད་ནང་བོད་ཟེར་ན་རང་སྐྱོང་ལྗོངས་གཅིག་པུ་ཟེར་གི་ཡོད་ཚུལ་སོགས་གདོན་འདྲེ་དང་རྒྱ་འདྲེ་ལས་ཀྱང་བཙོག་པའི་གཏམ་ཉོག་བཤད་ནའང་། ད་དུང་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཟེར་པ་སོགས་ཀྱིས་ཕ་གསོད་ཀྱི་བུ་ལ་རྒྱལ་རྔ་རྡུངས་ཏེ་འདུག་པ་འདི་འདྲའི་སྐབས། ཕར་ཕྱོགས་ནས་རང་སྲེག་བཏང་བས་དགེ་བ་སྨིན་ས་རེད་དམ།

    ཡང་གཅིག་བཤད་ན། སྲིད་སྐྱོང་ཁྲམ་པ་མ་བིན། རྒྱ་ཕྱོགས་ལ་འབྲེལ་བ་ཡོད་མཁན་ཞིག་སླེབས་ནས་ལོ་ ༧ ནང་བོད་མིའི་ཆིག་སྒྲིལ་ཐེལ་ཙེ་སྤེལ་ཙེ་བཟོས། ༧གོང་ས་མཆོག་ལག་པ་འཕྱི་ས་བྱེད་རྐྱང་བྱས། སྲིད་དབང་སྒེར་གཅོད་ཀྱི་དྲི་ངན་གང་སར་འཐུལ་ཏེ་མི་མང་གིས་ངོ་རྒོལ་ལངས་བཞིན་པའི་སྐབས་འདིར། ཕར་ཕྱོགས་ནས་རང་སྲེག་བཏང་ན་ཕན་ཐོགས་ཤིག་འདུག་གམ། ད་དུང་ལྟད་མོ་བལྟས་བསྡད་ན་ལས་རྒྱུ་འབྲས་ལ་འགྲོ་གི་རེདད་དམ།

    ད་འོ་ན། སྲིད་སྐྱོང་གིས་རང་སྲེག་གནོང་དང་། སྤྱི་འཐུས་ཚོས་རང་སྲེག་གནོང་དང་། རང་གི་ཚེ་སྲོག་གཏོང་མི་ཐུབ་པ་ནང་བཞིན། བོད་མི་སྤུན་མཆེད་གཞན་ལའང་ཤ་ཚའི་བློ་བཅོས་མ་མིན་པ་ཞིག་དགོས་པ་མ་རེད་དམ། མི་དེ་རྣམས་་་་་་་

    Reply
    • སྐལ་བཟང says:
      ལོ་ 7 སྔོན།

      ལྷ་ལས་ཕུལ་བྱུང་ལགས་ནས་ཞེ་དྲགས་ཡག་པོ་གསུངས་སོང་།
      དེ་ག་རང་རེད།
      བཙན་བྱོལ་ནང་བོད་ཡིག་གི་ལམ་ནས་སོ་སོས་ཁ་ནས་བཤད་པ་ཇི་བཞིན་ཡིག་ཐོག་ལ་འགོ་ཐུབ་མཁན་སྐུ་ངོ་ཁུག་རྟ་ནང་བཞིན་ཧ་ཅང་དཀོན་པོ་རེད།
      ཁོང་ནི་མི་དྲང་ཚུགས་ལྡན་ལ་གསུང་ཕོད་པ་སྒྲུབ་ཐུབ་མཁན་ཞིག་རེད།

      Reply
  5. ཁ་བུ་རྙིང་ཞེན་པ་ says:
    ལོ་ 7 སྔོན།

    ༄། སེམས་ཅན་ཐམས་ཅད་ཀྱིས་བདེ་རྩ་བོད་བཙན་པོས་རྒྱུད་པ་ཆེན་པོ་འདིའི་སྲོག་རྩ་རྒྱུར་བ་བོད་ཀྱི་སྐད་ཡིག་ནི་ཕྱིའི་བཙན་དབང་དང་ནང་གི་ལྷོད་གཡེང་གཉིས་ལ་རྟེན་ནས་བཟོད་དཀའ་བའི་གནས་སྟངས་གཟིཌ་ནས་དེ་ལ་མ་བཟོད་པ་ཆེན་པོས་སྐྱེས་པའི་ཤིན་ཏུ་ནས་སྐུར་འོས་པའི་རྲབས་ཆེན་གྱི་སེམས་པ་དང་སེམས་མ་ཆེན་པོ་དེ་དག་གིས་རང་གི་ཕུང་པོ་ཞུ་མེ་ཕུལ་བ་ཡིན་། ནང་པ་སངས་རྒྱས་པ་ཞིག་ཡིན་ན་གཏོང་བ་ཆེན་པོ་འདི་ལྷག་གཏོང་རྒྱུ་མེད་དོ་། ཁོང་ཚོ་ལ་རང་འདོད་ཀྱི་མཁྲིས་བ་ནི་སྤུ་ཙམ་མེད་། ཁོང་ཚོ་མང་ཆེ་བས་དགོངས་ཚུལ་གསུམ་གསལ་སྟོན་གནང་ཡོད་། དེ་ནས་གཉིས་ནི་ཕྱིར་དགྲ་པོ་ལ་དགོས་འདུན་གསུང་བ་སྟེ་༧རྒྱལ་བ་དོན་གྱི་འདག་པོ་བོད་ལ་ཕེབས་པ་དང་བོད་མི་རིགས་ལ་རང་དབང་དགོས་པ་། གསུམ་པ་དེ་ནི་རང་རིགས་ལ་དམིག་ནས་བོད་མི་ནང་ཁུལ་རླབས་ཆེན་བོད་ཀྱིས་སྐད་ཡིག་ལ་ལོངས་སྤྱད་དགོས་། ཞུས་ཙང་དེང་སང་གི་རྒྱལ་སྤྱི་བཅོས་མས་ཆབ་སྲིད་སོགས་ལ་བསམ་སྟེ་གོ་བ་དམའ་དོགས་ཀྱི་དཔའ་བོ་དཔའ་མོ་དེ་དག་ལ་དམའ་འབེབས་དང་ཟུར་བཟའ་རིགས་འཁོད་ན་རྗེ་ཞུགས་རྣམས་ཐུགས་བསུན་ཉེན་དང་སེམས་ཤུགས་ལ་གནོད་གཞིར་རྒྱུར་སྙམས་།

    Reply
  6. ལྷག་བསམ། says:
    ལོ་ 7 སྔོན།

    ཤར་ཕྱོགས་ཁྭ་ཏ་ཁྱེད་རང་ཁ་ཙམ་གསོ་མི་ཐུབ་པའི་སྐབས་སུ་དགོན་ནས་སྐྱ་སར་བབས། སྐྱ་ས་ནས་རང་ཁ་ཙམ་གསོ་མི་ཐུབ་པའི་སྐབས་སུ་དགེ་ཆོས་ཀྱི་སྤྲུལ་སྐུ་ཡིན་མདོག་བསྟན། ད་ལྟ་མདོ་སྨད་ཀྱི་སྤྱི་འཐུས་སུ་སླེབས་པ་ན་མཁས་མདོག་བསྟན་ཏེ། ངོ་མ་བཤད་ན་ཁྱེད་ལ་ཡོན་ཚད་དང་ཆབ་སྲིད་ཀྱི་གོ་རྟོགས་ཅི་ཙམ་ཡོད། ཁྱེད་ལ་འབྱོར་བ་མེད། སློབ་ཆེན་ནི་འགྲིམས་མྱོང་མེད། རྒྱབ་རྩ་ནི་དེ་བས་མེད། དྲང་མོ་བཤད་ན། གྲྭ་ལོག་ཁྱེད་ཚོའི་རིགས་འདི་དག་བསམ་རྒྱུ་དྲན་རྒྱུ་མང་བའི་རྐྱེན་གྱིས་སྤྱི་ཚོགས་འདི་གཡས་དཀྲུག་གཡོན་དཀྲུག་བྱས་ཏེ་ཁ་གསོ་ཐབས་ཙམ་རེད་མོད། ༧གོང་ས་ཐམས་ཅད་མཁྱེན་པས་རང་སྲེག་ལ་སྐོར་ལ་གསུངས་ཐུབ་ཀྱི་མེད་པ་དང་། ཁྱེད་ཉིད་མི་བུ་ཆུང་ཆུང་ཞིག་གིས་ཆེ་མདོག་བསྟན་ཏེ་ཅི་བྱ། ག་ལེར་ཁྱིམ་ཚང་གི་འཚོ་བ་ཡར་རྒྱས་བཏང་སྟེ་བུ་ཕྲུག་སློབ་གྲྭར་སྐྱལ་ན་ཅི་མ་རུང་།

    Reply
  7. དམུ་རྒོད། says:
    ལོ་ 7 སྔོན།

    ཤར་ཁུག་གི་སྐད་ཆ་འདི་དག་ལ་བསམ་གཞིག་བྱ་རིན་དང་རིན་ཐང་ཅན་ཞིག་བརྗོད་ཚིག་གང་ཐད་ནས་མ་རྙེད་པ་མ་ཟད་གཤམ་གྱི་དོན་ཚན་འདི་དག་དོགས་གཞི་ཅན་གྱི་དྲི་བ་རྐྱང་རེད།

    ༡༽ ཤར་ཁུག་རང་ཉིད་༧གོང་ས་མཆོག་གི་མགྲིན་ཚབ་པ་ཞིག་ཡིན་པ་ལྟ་བུའི་སྣང་ཚུལ་ཞིག་མངོན་འདུག

    ༢༽ བོད་ཕྱི་ནང་གཉིས་ཀྱི་བར་ལ་འགལ་ཟླ་དང་ཡིད་ཆེས་བརླག་རྒྱུ་དེ་གཙོ་འདོན་བྱས་འདུག

    ༣༽ བོད་ཀྱི་འཐབ་རྩོད་འདི་རྒྱ་ནག་གཞུང་གིས་བསྙད་པ་ལྟར་གང་ཟག་སྒེར་གཅིག་གི་གནད་དོན་ལ་ཐུག་ཡོད་པར་བསྒྲུགས་འདུག

    ༤༽ བོད་མིའི་རང་སྲེག་ཞི་རྒོལ་ནི་གྲུབ་འབྲས་མེད་པ་དང་ཀླུན་རྟགས་ཞིག་ཡིན་པ་ལྟ་བུ་བཤད་འདུག

    ༥༽ བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་དང་སྲིད་ཇུས་ལ་གོང་བཀུར་གྱིས་རང་སར་སྡོད་དགོས་ཚུལ་བཀོད་འདུག

    གོང་གི་དོན་ཚན་འདི་དག་ཤར་ཁུག་གི་ཉོག་གཏམ་འདི་ཡི་བརྗོད་སྙིང་དང་གཙོ་འདོན་བྱ་ཡུལ་དུ་གྱུར་འདུག

    Reply
  8. བློ་བཟང་། says:
    ལོ་ 7 སྔོན།

    ཡིག་མཁན་པ་རྣམ་པ། ཁྱེད་ཚོ་ཤེས་ཡོན་པའི་གྲལ་དུ་ཚུད་ནས་ཡོད་པ་རེད། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཚང་མ་ཐུབ་ནའང། ཟུར་གནས། བློ་ལྡན། དོན་གཉེར་བའི་ཁྱད་ཆོས་ཚང་བ་ཞིག་སྐྱབས་འཇུག་ཞུ། སྤྱི་ཚོགས་བདེ་འཇགས་ཡོང་བའི་སྐྱབས་འཇུག་ཞུ།
    ཁྱེད་རང་གི་ཚིག་རྩུབ་གཅིག་གིས་ཀློག་པ་པོ་བརྒྱར་ཐུགས་འཕོག་ཡོང་སྲིད་ཟབ་རོགས་གནང།

    Reply
  9. རྡོ་རྗེ་། says:
    ལོ་ 7 སྔོན།

    བཙན་བྱོལ་ནང་ཡོད་མཁན་ཚོས་རང་ལུས་མེར་བསྲེགས་གནང་བར་རྩ་བ་ནས་མོས་མཐུན་མེད།
    བོད་ཀྱི་དུས་བབ། ༢༠༡༧/༠༨/༠༢ རིག་པ། (༧)
    བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། དེ་རིང་བཀའ་ཤག་འདིར་བཅར་བའི་དགོས་དོན་དེ་ད་ལྟ་རང་ལུས་མེར་བསྲེགས་གནང་མཁན་ཁོང་ཉིད་ལ་མཚོན་ན་བོད་པ་ཞིག་ཡིན་པ་དང་ནང་པ་ཞིག་ཡིན་པའི་ཆ་ནས་མཆོད་འབུལ་སྨོན་ལམ་དང་གདུང་སེམས་ཉམས་སྐྱེད་ཞུ་ཆེད་དུ་ཡོང་བ་ཡིན། བཀའ་ཤག་གིས་གསལ་བོ་དང་དོ་ནན་པོས་སྔོན་མ་ནས་བཤད་ཡོད་ལ་ད་ལྟའང་ཤོད་ཀྱི་ཡོད། བོད་ནང་ནས་རང་ལུས་མེར་བསྲེགས་གནང་མཁན་ཚོ་ཡིན་ནའང་ད་ནས་བཟུང་རང་ལུས་མེར་བསྲེགས་མ་གནང་རོགས་ཞེས་འབོད་སྐུལ་ཞུ་ཡི་ཡོད། རང་ལུས་མེར་བསྲེགས་གནང་མཁན་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་འདས་གྲོངས་སུ་སོང་བ་ཡིན་ན་མཆོད་འབུལ་སྨོན་ལམ་བྱེད་ཀྱི་ཡོད། དེ་བཞིན། བོད་ནང་གི་བོད་མི་ཚོས་རེ་འདོད་འགྲུབ་ཆེད་ང་ཚོ་ཡིན་ན་ཡང་འབད་བརྩོན་ཞུ་རྒྱུ་ཡིན། བཙན་བྱོལ་ནང་ཡོད་པའི་བོད་པ་ཚོར་རང་དབང་དང་ཐོབ་ཐང་ཆ་ཚང་ཡོད་པ་དང་། ཆབ་སྲིད་ཀྱི་ལས་འགུལ་ག་རེ་སྤེལ་ན་རང་དབང་ཆ་ཚང་ཡོད་སྟབས། སོ་སོའི་ལུས་སྲོག་དེ་རྩ་ཆེན་པོར་ངོས་ཟིན་པའི་ཐོག་ནས་མུ་མཐུད་འཚོ་གནས་བྱས་ཏེ་མི་ཚེ་ཧྲིལ་བོ་རྩ་དོན་ཆེད་དུ་སྐུ་ངལ་བསྐྱོན་ཏེ་ལས་འགུལ་སྤེལ་ཏེ་བཞུགས་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད། དེར་བརྟེན། བཙན་བྱོལ་ནང་ཡོད་པའི་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོར་ང་ཚོས་རྩ་བ་ནས་མོས་མཐུན་མེད་ལ། དེ་ལྟར་མ་གནང་རོགས་ཞེས་དེ་སྔར་ཞུས་ཡོད་ལ་དེ་རིང་བསྐྱར་དུ་ནན་ཏན་གྱིས་ཞུ་བཞིན་ཡོད།

    རང་ལུས་མེར་བསྲེགས་གནང་མཁན་གྱི་ཕ་མ་ཚོ་ཡིན་ན་ཡང་རང་གི་བུ་ཕྲུག་གིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་ཟིན་པར་འགྱོད་པ་མེད་ན་ཡང་གཞོན་སྐྱེས་ཚོས་སོ་སོའི་གནང་ཐུབ་པ་དེ་ཤེས་ཡོན་ཐོག་ལ་དོ་སྣང་དང་། ཤེས་ཡོན་མཐར་ཕྱིན་པ་གནང་སྟེ་སོ་སོར་བོད་དོན་ཆེད་སེམས་ཤུགས་དང་ལྷག་བསམ་ཡོད་པ་དེ་ཤེས་འཇོན་གཉིས་ལྡན་གྱི་ཐོག་ནས་རྩ་དོན་ཆེད་དུ་སྐུ་ལས་སྐྱོན་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་ལྟར། ཕ་མ་ཚོས་གསུངས་བ་དང་དེ་སྔོན་བཀའ་ཤག་གིས་གསུངས་བ་གཅིག་པ་ཆགས་ཡོད་སྟབས། དམིགས་བསལ་གཞོན་སྐྱེས་ཚོས་དོ་སྣང་གནང་རོགས།

    དེ་སྔོན་ནས་བཀའ་ཤག་ནང་བཀའ་བསྡུར་རིམ་པར་བྱུང་སྟེ་བཙན་བྱོལ་ནང་རང་ལུས་མེར་བསྲེགས་གནང་མཁན་ཚོར་ངོས་ལེན་མེད་ཅེས་ཞུས་ཡོད་ཀྱང་། མེར་བསྲེགས་གནང་སྟེ་འདས་གྲོངས་སུ་སོང་བ་ཡིན་ན་ང་ཚོ་བོད་པ་ཞིག་དང་ནང་པ་ཞིག་ཡིན་པའི་ཆ་ནས་གདུང་སེམས་མཉམ་སྐྱེད་དང་མཆོད་འབུལ་སྨོན་ལམ་ཞུ་ཡི་ཡོད། ཡིན་ན་ཡང་བཙན་བྱོལ་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་ཚོར་བཀའ་ཤག་མི་བཅར་བ་དང་། དེ་བཞིན། བོད་མིའི་སྒྲིག་འཛུགས་དྲ་རྒྱའི་ངོས་སོགས་སུ་མ་གཏོང་རོགས་ཞེས་འབོད་སྐུལ་ཡོང་གི་འདུག ང་ཚོའི་ངོས་ནས་དེ་ལྟར་བྱ་རྒྱུ་ཐག་གཅོད་བྱས་མེད་ཀྱང་རིམ་པས་དེ་ལྟར་ཡོང་དགོས་པ་ཞིག་མཐོང་གི་འདུག དེ་མིན་རང་ལུས་མེར་བསྲེགས་གནང་ཡོང་ན། བཀའ་ཤག་བཅར་ཏེ་ང་ཚོའི་ངོས་ནས་མེར་བསྲེགས་མ་གཏོང་རོགས་ཞེས་བཤད་ན་གོ་ནོར་ཐེབས་ཡོང་གི་མེད་འགྲོ་བསམ་གྱི་འདུག ཅེས་སོགས་གསུངས་སོང་།

    གསར་འགོད་པས། ད་ལོའི་ལོ་འདིར་མཚོན་ན་བཀའ་ཤག་ངོས་ནས་ལས་འགུལ་གྱི་ལོ་ཞེས་གཏན་འབེབས་གནང་ཡོད་པ་དང་། བཀའ་ཤག་གི་ངོས་ནས་རང་ལུས་མེར་བསྲེགས་མ་གཏོང་རོགས་ཞེས་འབོད་སྐུལ་ཞུས་པ་ལྟར། བཀའ་ཤག་གི་ངོས་ནས་རང་ལུས་མེར་བསྲེགས་མ་ཡིན་པའི་ལས་འགུལ་གྱི་ཐབས་ལམ་གཞན་དེ་འདྲ་ལམ་སྟོན་ཡོད་མེད་དྲིས་པར། སྲིད་སྐྱོང་མཆོག་གིས། གཙོ་བོ་གཅིག་རང་ལུས་མེར་བསྲེགས་གནང་མཁན་ཚོ་གཞོན་སྐྱེས་ཡིན་སྟབས། ཤེས་ཡོན་ཐོག་ལ་དོ་སྣང་དང་དེ་བཞིན་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་བདག་པོ་རྒྱག་དགོས་པ་གལ་ཆེན་པོ་རེད། དེ་མིན་པའི་ཆབ་སྲིད་ཐད་ནས་ལས་ཀ་གནང་རྒྱུ་མང་པོ་ཡོད་པ་རེད། དཔེར་ན། ཕྱི་རྒྱལ་ཁག་ཏུ་ཡོད་པ་ཚོ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་བཅར་རྒྱུ་དང་། དེ་བཞིན། བོད་པ་ས་ཆ་གང་དུ་ཡོད་ན་ཤེས་ཡོན་སློབ་སྦྱོང་གི་ཐོག་ནས་རྒྱལ་ཁབ་དེའི་གཞུང་གི་ནང་འཛུལ་ཐུབ་པ་དགོས་པ། གཞུང་གང་ཞིག་ཡིན་ན་དེའི་ཕྱི་སྲིད་ལས་ཁུངས་དང་སྲིད་བློན་ལས་ཁུངས་སོགས་སུ་བཅར་ཏེ་གཞུང་དེའི་ནུས་པ་ཚུར་ལེན་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། དེ་བཞིན། སློབ་གྲྭ་ཁག་ནང་ཡོད་པའི་གཞོན་སྐྱེས་ཚོས་ལོ་རེ་དང་ཟླ་རེར་བོད་དོན་སྐོར་ལ་ལས་འགུལ་སྤེལ་བ་དང་། རྒྱ་གར་མཁས་དབང་གདན་འདྲེན་ཞུས་ནས་བོད་དོན་སྐོར་ལ་གཏམ་བཤདང་སྤེལ་རྒྱུ། གལ་སྲིད་རང་ཉིད་རྩོམ་ཡག་པོ་འབྲི་ཤེས་མཁན་ཞིག་ཡིན་ན། སློབ་གྲྭ་ཁག་གི་ཚགས་པར་དང་དུས་དེབ་ངོས་སུ་རྩོམ་ཡིག་བྲིས་ན་ཡག་པོ་ཡོད་པ་རེད། དེ་བཞིན། བཀའ་ཤག་གི་ངོས་ནས་བོད་ཀྱི་དུས་སྟོན་ཞེས་པ་ཞིག་ཡོད་པ་ལྟར། དེ་འདྲའི་ནང་བོད་དོན་ཁྱབ་བསྒྲགས་བྱས་ན་འགྲིག་གི་ཡོད་པ་རེད། ཅེས་གསུངས་སོང་།

    Reply
  10. སྐལ་བཟང says:
    ལོ་ 7 སྔོན།

    ཚོད་ཚོད་ལ་ཡིད་ལ་འཆར་ཡོང་པའི་གང་ཞིག་གི་འགོ་བརྗོད་ཅིག མཁས་དབང་བློ་བཟང་ཆོས་འབྱོར་ལགས་ནས་སྲིད་སྐྱོང་བློ་བཟང་སངས་རྒྱས་ལ་བཀའ་མོལ་གསུང་སྟངས་ལབ་པ།

    Reply
  11. པ་སངས་ལྟར་དཀར། says:
    ལོ་ 7 སྔོན།

    བཙན་བྱོལ་ནང་གི་དཔོན་པོ་ཚོ་རང་དོན་ལ་མཁས་ཤིང་རང་གི་བཟའ་མི་རྣམས་ཡང་ན་ཨ་མེ་རི་ཀར་ཡོད་ལ། ཡང་ན་ཁེ་ན་ཌ་རུ་ཡོད། མགོ་ལ་གནམ་རྡུབ་ཡོང་ནའང་འཛུལ་ས། ཉལ་ས། གཡོལ་ས། འཐམས་ས། རྩེད་ས་བཅས་ཚང་མ་ཡོད་པས། སྤྱི་དོན་ལ་འཇོན་མིན་ཅི་མ་ཤེས་ཀྱང་། རང་དོན་ནི་ཚངས་བ་བརྒྱ་བྱིན་གྱི་ཁྱིམ་གཞི་ལྟར་བཟོས་ཟིན་པས། ང་ཚོར་སེམས་ཁྲལ་ཞིག་ཡོད་ནི། ཤར་ཁུག་འདྲ་བ། གསར་འབྱོར་པའི་ཁྲོད་ནས་སླེབས་པ། བཙན་བྱོལ་ནང་འགན་འཁུར་པ་རེ་ཟུང་ཞིག་ལ། ད་ལྟ་ནི་རང་དོན་ལས་སྤྱི་དོན་ལ་མཁས་མཁས། ཧུར་ཧུར། དུང་དུངས་འདྲ་ཡང། ནམ་ཡང་། བཙན་བྱོལ་ནང་གི་འགོས་ནད། ཚང་མ་༸རྒྱལ་བ་རིན་པོ་ཆེར་ལག་པ་འཕྱི་བའི་ནད་ཡམས་དེ་འགོས་ནས་དཔོན་པོ་རང་འཁྲབ་ནས་བསྡད་མི་ཡོང་ངམ་བསམ་ན་སེམས་མི་བདེ་བ་ཞིག་རེད། རེ་བ་ལ། ཁྱོད་ཅག་གིས་མི་མང་གི་ཆེད་དུ། རང་གི་ལྟོ་གོས་གཏམ་གསུམ་ལ་མ་གཟིགས་པར་ཐུགས་འཁུར་ཆེ་བཞེས་གནང་རོགས་ཞེས་བཤད་ན་འདོད། དེང་སང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  12. ཀརྨ་དབང་རྒྱལ། says:
    ལོ་ 7 སྔོན།

    ཤར་ཕྱོགས་ཁུག་རྟ་མ་རེད། རྒྱ་ནག་རྒྱུག་ཁྱི་རེད། དམར་པོའི་དར་ཆ་ཁྱེར་ནས་ལྐོག་དངུལ་ཟ་མཁན་རེད། གཡོ་སྒྱུའི་ཤི་ཤད་ལ་མོས་མཐུན་མེད།

    Reply
  13. པ་སངས་ལྟར་དཀར། says:
    ལོ་ 7 སྔོན།

    དོན་ལ་གནས་པའི་གཏམ། དབུ་ཁྲིད་ཅིག་གི་སྐད་ཆ་རེད། མི་མང་ལ་ལམ་སྟོན་དང་གྲོས་འདེབས་གནང་ན་འདི་ལྟར་གནང་དགོས་པ་རེད། ལྟད་མོ་བལྟས་བསྡད་ན་ཡག་པོ་མ་རེད།

    Reply
  14. choepheltenzin says:
    ལོ་ 7 སྔོན།

    ད་བར་བོད་མི་རང་ལུས་མེར་སྲེག་ཟིན་པ་རྣམས་རྒྱ་གཞུང་གི་སྲིད་ཇུས་ངན་པའི་དཀལ་ངལ་ལ་མ་བཟོད་འུ་ཐུག་ཐབས་ཟད་ཀྱི་ལམ་ཁ་དེར་ཕྱིན་པ་ལས བཙན་བྱོལ་བས་སྐད་རྒྱབ་ཏེ་རྒྱུད་སྐུལ་ལས་བྱུང་བ་ཞིག་མིན་མོད་དེ་ཡིན་པར་བཤད་པ་དེ་ནི་རྒྱ་གཞུང་གི་རྒྱལ་སྤྱིར་ལོག་བཤད་ཀྱི་སྐད་ཆ་ཞིག་རེད་ མ་འོང་པར་ཡང་རང་ལུས་མེར་སྲེག་གི་རྒྱུ་རྐྱེན་གཅིག་པུ་གཞུང་གི་སྲིད་ཇུས་ངན་པར་འགྱུར་མ་ཕྱིན་པར་དེ་སྲིད་དུ་བཙན་བྱོལ་བས་མེར་སྲེག་མཚམས་འཇོག་དགོས་ཚུལ་བཤད་པས་རྒྱུན་ཆད་ཡ་ཞིག་དང་ རང་སྲེག་རྒྱུན་མཐུད་དགོས་ལབ་པས་གཏན་དུ་གནས་ཡ་ཞིག་མིན་པ་ནི་འབྲས་བུ་རྒྱུ་ལ་རག་ལས་ཀྱི་འབྲེལ་བས་རྟོགས་ཐུབ་པ་ཞིག་ཡིན གོང་འཁོད་རེ་སྐུལ་ཟེར་བའི་ནང་ད་ལྟའི་བཙན་བྱོལ་གཞུང་ལ་རེ་བཅོལ་གི་རྨང་གཞི་མེད་ཚུལ་དང་མེར་སྲེག་ཀྱང་བཙན་བྱོལ་བའི་བྱ་སྤྱོད་དང་འབྲེལ་ཚུལ་སོགས་གནད་དོན་འགས་བདག་ལ་རྣམ་རྟོག་ཞིག་སྐྱེས་པ་ནི་རྩོམ་པ་པོ་གང་ཉིད་ཀྱིས་སུ་ཞིག་གི་མགྲིན་ཚབ་བྱེད་ནས་རྩོམ་ཐུང་འབྲི་གི་ཡོད་མེད་ཀྱི་ཐེ་ཚོམ་དེ་འོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese