ཁ་སང་ཕྱི་ཚེས་ ༢༨ ནས་བཟུང་འདི་ལོའི་ཕྱི་ཟླ་བདུན་པའི་ཚེས་ ༡༨ བར་དུ་གཞིས་ཀ་རྩེ་པ་སྣམ་རྫོང་ཁོངས་སུ་རོགས་ལས་ཞེས་པའི་དམག་སྦྱོང་ཞིག་བྱེད་བཞིན་འདུག
རྒྱ་ནག་རྒྱལ་སྲུང་དོ་དམ་ཁང་གི་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་འཕྲལ་སྒྲུབ་དམག་དཔུང་ཟེར་བ་ཞིག་གིས། བོད་གཞིས་ཀ་རྩེ་པ་རྣམ་རྫོང་དབང་ལྡན་དང་སྟོང་ཤེ་ཞེས་པའི་ས་གནས་སུ་ཁ་སང་ཕྱི་ཚེས་ ༢༨ ཉིན་ནས་མགོ་བཙུགས་ཏེ། ཕྱི་ཟླ་ ༧ ཚེས་ ༡༨ བར་རོགས་ལས་ཟེར་བའི་མཉམ་འབྲེལ་དམག་སྦྱོང་ཞིག་བྱེད་ཀྱི་ཡོད་པ་དང་། དམག་དོན་སྦྱོང་བརྡར་དེ་ནི་རྒྱལ་སྲུང་དོ་དམ་རུ་ཁག་དང་རང་བཙན་མཉམ་འབྲེལ་ཚོགས་པའི་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ ༢༠༡༨ ལོའི་འཐབ་འཛིང་བྱེད་པའི་སྤུན་ཟླའི་བརྩེ་བ་ཞེས་པའི་གཞི་རྒྱ་ཆེ་བའི་འཐབ་ཇུས་སྦྱོང་བརྡར་གྱི་ཆ་ཤས་ཤིག་ཡིན་འདུག
འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ༢༠༡༨ ལོའི་འཐབ་འཛིང་བྱེད་པའི་སྤུན་ཟླའི་བརྩེ་བ་ཞེས་པའི་འཐབ་ཇུས་དམག་དོན་སྦྱོང་བརྡར་ཟེར་བ་དེར་རྒྱ་ནག་གི་ས་ཁུལ་མང་པོ་ནས་ཁྱོན་དམག་མི་ ༡༢༠༠༠ མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་། དམག་དོན་ལག་རྩལ་སྒྲིག་ཆས་ ༡༥༠༠ དང་གནམ་གྲུ་ ༩༠༠ ལྷག ལྕགས་འཁྲབ་རླངས་འཁོར་སོགས་བཀོལ་སྤྱོད་སྦྱོང་བརྡར་བྱེད་ཀྱི་ཡོད་འདུག་ལ། དམག་དོན་སྦྱོང་བརྡར་སྐབས་མྱུར་སྐྱོབ་དམག་དཔུང་དང་རྒྱལ་ཁབ་ཆེད་ལས་སྨན་པ། ཆེད་མཁས་སྨན་པ་༨༠༠ ལྷག་ཆེད་གཏོང་གིས་སྨན་བཅོས་མཐུན་འགྱུར་སྐྲུན་གྱི་ཡོད་འདུག
དམག་དོན་སྦྱོང་བརྡར་དེའི་དམིགས་ཡུལ་ནི་རྒྱལ་སྲུང་དོ་དམ་དང་མཐའ་མཚམས་བདེ་འཇགས་སྲུང་སྐྱོབ་ཆེད་མཐའ་མཚམས་གངས་རི་དང་སྤང་རི། མྱ་ངམ་ཐང་སོགས་ནས་འཐབ་འཁྲུག་བྱེད་པའི་རྣམ་པ་གསར་བའི་བྱེད་ཐབས་འཚོལ་ཞིབ་དང་། དགྲ་བོའི་དམིགས་འབེན་ལ་བར་སྣང་ནས་མྱུལ་ཞིབ་བྱེད་པ་སོགས་ཀྱི་སྦྱོང་བརྡར་བྱེད་ཀྱི་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་གྲུབ་བཀྲ་ཤིས།