མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཞུགས་སྒར་དྷ་རམ་ས་ལའི་སྐྱིད་སྡུག་ཀྱ་མ་ཀྱོག

བོད་ཀྱི་དུས་བབ།
༢༠༡༨/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

དྷ་རམ་ས་ལ་སྟེ་བོད་སྐད་དུ་དོན་སྒྱུར་བྱས་ན་གནས་སྐབས་ཀྱི་སྡོད་གནས་སུ་གྲགས་པའི་རི་གྲོང་འདི། ཕྱི་ལོ་ ༡༩༦༠ ལོ་ནས་བཟུང་བཙན་བྱོལ་བོད་མིའི་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས་སུ་གྱུར་ཞིང་། རྒྱ་གར་བྱང་ཕྱོགས་ཀྱི་མཐའ་འཁོབ་ནགས་ལུང་ཞིག་ན་ཁུ་སིམ་མེར་གནས་པའི་རི་གྲོང་འདི་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཚན་སྙན་དང་མཉམ་དུ་གོ་ལའི་ཕྱོགས་ཡོངས་སུ་ཁྱབ་ཡོད་པ་རེད། ཤིང་ནགས་ཀྱིས་བརྒྱན་པའི་རི་སུལ་འདི་ན་བཙན་བྱོལ་བོད་མི་ཚོས་ལོ་རྒན་ ༦༠ མ་ཟིན་ཙམ་རིང་སྤྱི་དོན་འཁུར་དུ་བླངས་བའི་དཀའ་སྡུག་དང་། ལྷག་བསམ་ཞུམ་པ་མེད་པར་བཙན་བྱོལ་བ་ཞིག་གི་ལོ་རྒྱུས་གསེར་ཡིག་ཏུ་བྲིས་པའི་རྡོ་རིང་བསླངས་ཡོད་ལ། རང་དོན་ཐབས་བརྒྱས་གཉེར་བའི་ལོངས་སྤྱོད་ཀྱི་བཙན་རྫོང་བསྐྲུན་པ་དང་། བཟའ་བཏུང་གནས་མལ་དབེན་པའི་འཁྱམ་པོ་མང་པོས་སྐྱོ་གདུང་ངག་ལ་གྱེར་བའི་གཏམ་རྒྱུད་ཀྱང་རྫོགས་མཐའ་མེད།

དེང་སང་དྷ་རམ་ས་ལའི་འདས་པར་འཚོལ་ཞིབ་བྱེད་མཁན་སྐྲ་ནག་པོ་ཅན་འདུག་ལ། སེར་པོ་ཅན་ཡང་དེ་བས་མང་པོ་འདུག ཚང་མས་སྤྱི་མཚུངས་ཀྱིས་བཤད་པ་ནི་དྷ་རམ་ས་ལ་སྤྱི་དང་ལྷག་པར་དུ་བཞུགས་སྒར་མེག་གྷན་གྱི་རི་རྒྱུད་དུམ་བུ་འདིར་ཨར་ལས་འཛུགས་སྐྲུན་གྱིས་ས་ཟད་རྡོ་ལ་ཐུག་གིན་ཡོད་པ་དང་། རླངས་འཁོར་དང་སྦག་སྦག་སོགས་ཀྱིས་འཚང་ཁ་རྒོད་ཅིང་། དུས་བཞིར་ཡུལ་སྐོར་ལྟད་མོ་བས་ཁེངས་བསྡད་ཡོད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཏུ་གྱུར་འདུག འདི་ལོའི་ཚ་བ་ཆེ་བའི་དབྱར་དུས་ཀྱི་ཉིན་ཞིག ཡུན་རིང་དྷ་སར་བསྡད་ཅིང་གསལ་ལེ་རྒྱལ་གྱི་བཟོ་ལྟ་ཆེར་མངོན་པའི་ངའི་གྲོགས་པོ་ཕོ་གསར་སྐྲ་རིང་ཞིག་གིས། ཁོང་ཨ་མདོ་གྲོང་གསེབ་ནས་འཁྲུག་ཆ་དོད་པའི་མེག་གྷན་ཁྲོམ་གཞུང་གི་ཁང་པ་ཞིག་ཏུ་སྤོར་རྒྱུ་ཡིན་ཟེར་བས་ང་ཁོང་ལ་རོགས་པ་བྱེད་དུ་སོང་བ་ཡིན། ཉིན་དེ་རེས་གཟའ་ཉི་མ་ཞིག་ཏུ་འཁེལ་འདུག་པས་ཁྲོམ་གཞུང་ཡོད་ཚད་ཡུལ་སྐོར་བ་དང་རླངས་འཁོར་གྱིས་ཁེངས་ཏེ། རྐང་ཐང་བ་རྣམས་རླངས་འཁོར་ལས་ལྡབ་གཉིས་གསུམ་གྱིས་མགྱོགས་པ་འདུག དེར་བརྟེན་ང་ཚོས་ཕྱི་དྲོ་བར་དུ་བསྒུགས་ཏེ་རླངས་འཁོར་མང་པོའི་འཚང་ཁ་རིམ་གྱིས་ཉུང་དུ་ཕྱིན་རྗེས། གཞི་ནས་དོ་སྐྱེལ་རླངས་འཁོར་ཞིག་ཏུ་ཅ་དངོས་རྣམས་བླུགས་ཏེ་མེག་གྷན་ཁྲོམ་གཞུང་དུ་འབྱོར་བ་དང་། ཁང་རྩེག་མང་པོའི་འཚང་ཁའི་བར་ཀྱག་ཀྱོག་གི་རྡོག་ལམ་མང་པོ་བརྒྱུད་དེ་ཅ་དངོས་རྣམས་ཁང་གསར་ནང་དབོར་ཐུབ་པ་བྱུང་། ངའི་གྲོགས་པོས་བཤད་ན། ལོ་ལྔའི་གོང་དུ་མེག་གྷན་ཁྲོམ་གཞུང་གི་མི་མང་ཤོས་ནི་བོད་པ་དང་མགོ་སེར་བ་ཡིན་ཡང་ད་ལྟ་རྒྱ་གར་སྤྲོ་འཆམ་པས་ཁེངས་ཡོད་པར་ཕྱིར་འདང་ཞིག་བརྒྱབ་ན་མེག་གྷན་གྱི་འགྱུར་བ་ནི་ཧ་ཅང་མགྱོགས་པོ་རེད་ཟེར། དངོས་གནས་དེ་ལྟར་བསམ་ན་རི་གྲོང་འདི་(Smart City)ཆགས་རྒྱུར་རིང་པོ་འགོར་རྒྱུ་མིན་པ་འདྲ།ངའི་གྲོགས་པོའི་ཁང་པ་དེར་ཐབ་ཚང་དང་འཁྲུས་ཁང་ནང་དུ་ཡོད་པའི་ཁང་མིག་གཅིག་ལས་མི་འདུག ཨ་མདོ་གྲོང་གསེབ་ཀྱི་ཁོའི་སྡོད་ཁང་རྙིང་པ་དང་ཆེ་ཆུང་གཅིག་པ་རེད་འདུག ཟླ་རེའི་ཁང་གླའང་ཧིན་སྒོར་ ༥༠༠༠ དང་། དགུན་ཁ་ཟླ་རེར་གློག་རིན་སྒོར་ ༡༠༠༠ ཡས་མས་དང་། དབྱར་ཀ་སྒོར་ ༤༠༠ ཙམ་ཡིན་པས་ཁོའི་ཁང་པ་གསར་རྙིང་གཉིས་ཀྱི་འགྲོ་གྲོན་ཧ་ལམ་གཅིག་པ་རེད་འདུག ཁང་མིག་གཅིག་དེའི་ནང་ཉལ་ཁྲི་དང་ལྭ་བ་འཇོག་སའི་ལྕགས་སྒམ་འབྲིང་ཙམ་ཞིག ཅོག་ཙེ་བཅས་བཞག་རྗེས་གུ་ཡངས་རྒྱུ་མེད་ལ་དོག་ཆེ་རྒྱུའང་དེ་ཙམ་མེད་པ་ཞིག་རེད་འདུག  གང་ལྟར་མི་རྐྱང་ཞིག་ལ་མཚོན་ནས་བཤད་ན་མི་འགྲིག་པ་མེད་ཀྱང་ཁྱིམ་ཚང་ཅན་ཞིག་ལ་ཧ་ཅང་དོག་དྲགས་འདུག ཡིན་ནའང་། ཨ་མདོ་གྲོང་གསེབ་ན་ཁང་མིག་ཆེ་ཆུང་འདི་འདྲའི་ནང་ཁྱིམ་ཚང་བྱིས་པ་ཅན་འཚང་ཁ་བརྒྱབ་ནས་སྡོད་མཁན་གང་མང་ཞིག་ཡོད་པ་རེད། གང་ཡིན་ཟེར་ན། ཨ་མདོ་གྲོང་གསེབ་ཏུ་ཁང་མིག་གཉིས་ཅན་ཉུང་ཉུང་ཡིན་ལ། ཡོད་པ་རྣམས་མང་ཆེ་བ་ཟླ་རེར་ཁང་གླ་སྒོར་ ༨༠༠༠ ཡས་མས་ཡིན་སྟབས། ཚོང་ལས་གཉེར་མཁན་ཞིག་མིན་ན། ཟ་ཁང་ཚོང་ཁང་ནང་གཡོག་ལས་སུ་རྒྱུག་པ་དང་། ཚོགས་པ་སྐྱིད་སྡུག་ནང་ལས་ཀ་བྱས་ཏེ་ཟླ་རེར་ཧིན་སྒོར་སྟོང་ཕྲག་བཅུ་གྲངས་ལས་མེད་པའི་ལས་ཀ་བ་ཆུང་ཆུང་ཞིག་གིས་ལག་འཁེལ་ཁག་པོ་རེད་འདུག ཁང་གླ་དེ་སྤྲད་རྗེས་ཟླ་རེའི་བཟའ་བཏུང་སོགས་ཀྱི་འགྲོ་གྲོན་ལ་འདང་འཕར་མ་ཞིག་བརྒྱག་དགོས་པ་ནི་གདོན་མི་ཟའོ།།

དྷ་རམ་ས་ལའི་རི་གྲོང་འདི་རུ་བོད་མི་འདུས་སྡོད་ཁུལ་ཆེ་ཁག་ ༧ ཙམ་ཡོད་དེ་མེག་གྷན་ཁྲོམ་གཞུང་གཡས་གཡོན་དང་སྐྱིད་གྲོང་གྲོང་གསེབ། ཨ་མདོ་གྲོང་གསེབ། ཡོངས་གླིང་སློབ་གྲྭའི་ཉེ་འཁོར་དང་གཙུག་ལག་ཁང་གི་གཡས་གཡོན།  གངས་ཅན་སྐྱིད་གཤོངས་ཁུལ། གྷམ་རུ་གྲོང་གསེབ་བཅས་ཡིན་པ་དང་། གསར་འགོད་པས་དེ་ཚང་མར་བསྐོར་བ་ཞིག་བརྒྱབས་ཏེ་རྒྱུས་ལོན་བྱེད་ཡོང་དུས།  ཡོངས་གླིང་སློབ་གྲྭའི་ཉེ་འཁོར་དང་ཨ་མདོ་གྲོང་གསེབ་གྱི་ཁང་རིན་དང་ཁང་པའི་ཆ་རྐྱེན་ཕལ་ཆེར་གཅིག་འདྲ་ཞིག་སྟེ། འཁྲུས་ཚང་ཐབ་ཚང་ལོགས་སུ་ཡོད་པའི་ཁང་མིག་གཅིག་ཅན་ཞིག་ལ་ཟླ་རེར་སྒོར་ ༤༠༠༠ མན་རག་རྒྱུ་ཕལ་ཆེར་མི་སྲིད་པ་ལྟ་བུ་རེད་འདུག འོན་ཀྱང་ཐབ་ཚང་ལོགས་སུ་མེད་པ་དང་། འཁྲུས་ཁང་ཁྱིམ་མཚེས་གཞན་དང་མཉམ་སྤྱོད་དགོས་པའི་ཁང་མིག་གཅིག་ཅན་ཞིག་ལ་ཟླ་རེར་སྒོར་ ༣༠༠༠ ཡས་མས་རེད་འདུག ཡོངས་གླིང་སློབ་གྲྭའི་ཉེ་འཁོར་དང་ཨ་མདོ་གྲོང་གསེབ་གཉིས་ལ་མི་འདྲ་ས་ཞིག་ཡོད་པ་ནི་ཡོངས་གླིང་ཉེ་འཁོར་གྱི་ཁང་པར་ཆུའི་དཀའ་ངལ་ཧ་ཅང་ཆེ་ཞིང་དགུན་ཁ་གྲང་ངར་ཆེན་པོ་འདུག དེ་ཁུལ་ན་ཁང་བདག་བོད་པའང་འགའ་ཤས་ཤིག་འདུག ང་ཚོས་བསམ་བློ་གཏོང་ཕྱོགས་ཤིག་གིས་བོད་པ་ཡིན་ན་ཡག་པོ་ཡོད་པའི་རང་ཕྱོགས་ཀྱི་ངོས་འཛིན་ཞིག་ཡོད་ཀྱང་། དྷ་སའི་བོད་རིགས་ཁང་བདག་འགའ་རེ་ནི་རྒྱ་གར་ཁང་བདག་ལས་ཀྱང་རྙོག་དྲ་ཆེ་བ་ཡོད་པའི་སྐད་ཆ་མང་པོ་ཡོད་པ་རེད།ཉེ་བའི་ལོ་ཤས་ནས་ཨ་མདོ་གྲོང་གསེབ་དང་ཡོངས་གླིང་ཉེ་འཁོར་དུ་ཕྱི་རྒྱལ་བ་ཟླ་ཤས་རིང་ཁང་གླ་བྱས་ནས་འདུག་མཁན་མང་དུ་ཕྱིན་པར་བརྟེན། ཁང་བདག་ཚོས་ཁོང་ཚོར་ཁང་གླ་སྤར་བ་དང་བསྟུན། དེ་རུ་རྒྱུན་སྡོད་བྱས་ཡོད་པའི་བོད་པ་ཚོའི་ཁང་གླ་ཡང་དེ་བཞིན་ཡར་སྤར་གྱི་ཡོད་འདུག ཕྱི་རྒྱལ་བ་རྣམས་ཟླ་ཤས་རིང་བསྡད་དེ་ལོག་འགྲོ་ཡི་ཡོད་ཀྱང་རྒྱུན་སྡོད་བོད་མིའི་ཁང་གླ་ཡར་ནས་ཡར་འཕར་བ་མ་གཏོགས་མར་ཆག་པའི་གོ་སྐབས་གཏན་ནས་མེད་པ་རེད། དཀའ་ངལ་འདི་དྷ་ས་ཁུལ་གྱི་བོད་མི་འདུས་སྡོད་ཁུལ་ཚང་མར་ཡོང་གི་འདུག དཔེར་ན། གངས་ཅན་སྐྱིད་གཤོངས་ཀྱི་འདབས་འབྲེལ་གྷམ་རུ་(Gamru)གྲོང་གསེབ་སྟེང་འོག་གཉིས་ནི་བོད་མི་འདུས་སྡོད་ཁུལ་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། དེའི་ཁང་པ་མང་ཆེ་བ་གསར་པ་ཡིན་པ་མ་ཟད། ཁང་མིག་མང་ཞིང་བཟོ་བཀོད་དང་ཆ་རྐྱེན་ཅུང་ལེགས་པའི་ཐོག་ཁོར་ཡུག་ཡངས་པ་དང་གཙང་མའང་འདུག ལོ་གཉིས་ཙམ་གྱི་སྔོན་དུ་སྒོར་ ༤༠༠༠ གིས་གྷམ་རུ་ཡི་ཁང་པ་འཁྲུས་ཁང་དང་ཐབ་ཚང་ནང་ལ་ཡོད་པའི་ཁང་མིག་གཉིས་ཅན་ཞིག་རག་གི་ཡོད་འདུག ཡིན་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་བོད་ཀྱི་དཔེ་མཛོད་ཁང་། སྨན་རྩིས་ཁང་། དཔེ་སྟོན་སློབ་གྲྭ་ཆུང་བ་གངས་སྐྱིད་དུ་ཡོད་སྟབས། ལས་བྱེད་དང་ལས་མེད་ཕ་མ་མང་པོ་གྷམ་རུ་ལ་སྡོད་ཀྱི་ཡོད་པ་མ་ཟད། བོད་སྐད་ཡིག་སྦྱོང་མཁན་དང་བོད་ལུགས་ཐང་བྲིས་རི་མོ་སྦྱོང་མཁན། ནང་ཆོས་དོན་གཉེར་བ་སོགས་ཕྱི་གླིང་གི་སེར་སྐྱ་ཕོ་མོ་ཟླ་ཤས་དང་ལོ་ཤས་འདུག་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། འདས་པའི་ལོ་གཅིག་ཙམ་ནང་གྷམ་རུ་ཡི་ཁང་གླ་མངོན་གསལ་གྱིས་འཕར་ཚར་འདུག

གྷམ་རུ་ལ་འཁྲུས་ཁང་ཐབ་ཚང་ནང་དུ་ཡོད་པའི་ཁང་མིག་གཅིག་ཅན་ཞིག་གི་ནང་བསྡད་ཡོད་པའི་བོད་པ་ཨ་ཅག་ཅིག་གིས། ང་ཁང་པ་འདིའི་ནང་བསྡད་དེ་ལོ་གསུམ་ལྷག་འགྲོ་ཡི་འདུག དང་ཐོག་ཁང་གླ་ ༣༠༠༠ རེད་དེ་ཉིན་རེ་བཞིན་ཁང་པ་སྟོང་པ་ཡོད་པས་ཟེར་ནས་སྐད་ཆ་འདྲི་མཁན་མཚམས་མ་ཆད་པར་ཡོང་བ་དང་། མེག་གྷན་དང་ནོར་གླིང་སོགས་ནས་ཀྱང་འདིར་སྤོ་མཁན་མང་པོ་ཡོད་སྟབས། ང་ཚོའི་ཁང་བདག་གིས་ལོ་གཉིས་ཀྱི་ནང་ཁང་གླ་ཐེངས་གཉིས་ལ་སྤར་ཏེ། ད་ལྟ་ངས་ཟླ་རེར་ ༥༠༠༠ རེ་སྤྲོད་ཀྱི་ཡོད། དེའི་སྒང་ལ་གློག་རིན་ཡང་སྤྲོད་དགོས་པ་རེད།  ཁང་བདག་གིས་ཁང་གླ་སྤར་གྱི་ཡིན་ལབ་དུས་ང་ཚོས་དཀའ་ངལ་མང་པོ་བཤད་ཀྱི་ཡོད་དེ་ལག་ཁེལ་གྱི་མི་འདུག ཁང་གླ་འདི་འདྲ་ཞིག་སྤྲོད་མི་ཐུབ་ན་དེ་རིང་ནས་ཁང་པ་གོང་ཁེ་བོ་ཞིག་འཚོལ་དུ་རྒྱུག་ཟེར་ནས་ལམ་སང་འཕུད་ཐབས་བྱེད་ཀྱི་འདུག སྤྱིར་བཏང་དེང་སང་གྷམ་རུ་ལ་ཁང་པ་གསར་པ་མང་པོ་རྒྱག་གི་འདུག་པས་ཁང་པ་མ་རག་པའི་དཀའ་ངལ་བྱུང་མི་དགོས་པ་འདྲ་བོ་ཡོད་ཀྱང་། ཁང་པ་མ་རག་པའི་དཀའ་ངལ་ཡོད་པ་མ་ཟད། གསར་དུ་བརྒྱབས་པའི་ཁང་པ་ཚང་མ་ཧ་ཅང་གོང་ཆེན་པོ་རེད་འདུག ཅེས་ཟེར།གསར་འགོད་པས་ཁང་བདག་དང་ཁང་གླ་སྤྲད་ནས་སྡོད་མཁན་ཁྱིམ་ཚང་ཁག་ཅིག་ལ་ཁ་བརྡ་བྱས་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱ་གར་གྲོང་གསེབ་ཀྱི་ཁྱིམ་ཚང་མང་པོས་དངུལ་ཁང་ནས་དངུལ་སྐྱེད་གཡར་ཞུས་ཏེ་ཁང་པ་རྒྱག་གི་ཡོད་པ་དང་།  བུ་ལོན་གང་མགྱོགས་ཀྱིས་སྤྲོད་ཐབས་སུ་ཁང་པ་གླ་མཁན་རེ་རེ་བསླེབས་དུས་ཁང་གླའང་ཐེངས་རེར་སྤར་གྱི་འདུག སྤྱིར་བཏང་བོད་པ་ཚོས་རྒྱ་གར་ཁང་བདག་ལ་ང་ཚོ་བོད་པ་སྐྱབས་བཅོལ་བ་ཡིན། ཟླ་རེའི་གླ་ཕོགས་ཙམ་མ་གཏོགས་ཡོང་སྒོ་གཞན་མེད་པ་དང་། ལོ་ནས་ལོ་མཐུད་དེ་འདུག་རྒྱུ་ཡིན་པ་སོགས་བཤད་ན། རྒྱ་གར་ཁང་བདག་མང་པོ་ཞིག་གིས་བསམ་ཤེས་བྱེད་ཀྱི་འདུག ཡིན་ནའང་། གནས་སྐབས་སྡོད་མཁན་ཕྱི་རྒྱལ་བ་ཚོར་ཁང་གླ་ཆེན་པོ་བླངས་བ་དང་བསྟུན་བོད་པ་ལའང་ཁང་གླ་མགྱོགས་པོར་འཕར་འགྲོ་ཡི་ཡོད་པ་དེ་དཀའ་ངལ་ཆེན་པོ་ཞིག་ཆགས་འདུག

གངས་སྐྱིད་དང་གྷམ་རུ་སྟེང་འོག་གཉིས་སུ་འདུག་མཁན་མང་པོ་ཞིག་བོད་མིའི་སྒྲིག་འཛུགས་དང་སྨན་རྩིས་ཁང་། བོད་ཀྱི་དཔེ་མཛོད་ཁང་བཅས་ཀྱི་ལས་བྱེད་དང་སློབ་ཕྲུག་ཆགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ནང་སྲིད་ས་ཁང་འགན་འཛིན་དངོས་གྲུབ་འོད་ཟེར་ལགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་སྐོར་སྐད་ཆ་དྲིས་པ་ལྟར་ན། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ནང་ལས་ཤག་ཐོབ་འོས་པའི་ལས་བྱེད་ཁྱོན་ ༣༥༧ དང་ལས་ཤག་ཐོབ་ཡོད་པ ༡༩༦། ཁང་དོད་ཐོབ་མཁན་ ༡༥༦ ཡོད་པ་དང་། ཡང་ལས་ཤག་ཐོབ་ཡོད་ཀྱང་འདོད་བློ་མ་ཁེངས་པར་ལོ་གཅིག་ལ་ཁང་དོད་མེད་པར་སྒུག་མཁན་ལས་བྱེད་ ༥ ཙམ་ཡོད། ཁང་དོད་ཞུ་མཁན་ཁྱིམ་ཐབ་ཅན་ལ་ཟླ་རེར་སྒོར་ ༤༠༠༠ དང་མི་རྐྱང་ལ་སྒོར་ ༣༥༠༠། རང་ཁྱིམ་དྷ་སར་ཡོད་མཁན་ལ་ཟླ་རེར་སྒོར་ ༩༠༠ གནང་གི་ཡོད་འདུག

ཡང་དངོས་གྲུབ་འོད་ཟེར་ལགས་ཀྱིས། ད་ལྟའི་ཆར་ལས་ཤག་ ༥༠ གསར་དུ་རྒྱག་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེའི་དགུང་སྐེག་ལ་འཁེལ་ཡོད་པར་བརྟེན། ད་ལོའི་ལོ་མཇུག་བར་ལས་ཤག་རྒྱག་ཚར་བ་གནང་སྟེ་ལོ་གསར་པའི་ནང་ས་བརྐོ་རྡོ་སློག་མི་དགོས་ཐབས་གནང་གི་ཡོད་པ་དང་། དེ་བཞིན་གངས་སྐྱིད་སིལ་སྤོལ་རྩེད་ཐང་གི་ཉེ་འགྲམ་དུ་ལས་ཤག་ ༣༦ གསར་རྒྱག་ལས་གཞི་བཏིང་ཚར་ཡོད་པ་ལྟར། ཕྱི་ལོ་ ༢༠༢༠ ལོར་ལས་མགོ་བཙུགས་ཏེ་ལོ་གཅིག་དང་ཕྱེད་ཀ་ནང་གྲུབ་འཆར་ཡོད་སྟབས། ད་ལྟའི་ལས་འཆར་ལྟར་ན་ལོ་བཞིའི་ནང་ལས་བྱེད་ཀྱི་བརྒྱ་ཆ་ ༧༩ ཙམ་གྱི་ལས་ཤག་དཀལ་ངལ་སེལ་འགྲོ་ཡི་ཡོད་སྐོར་བརྗོད་བྱུང་།བོད་ཀྱི་སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་སུ་སྨན་རྩིས་ཁང་གི་ལས་ཤག་སྐོར་དྲིས་པར་ཁོང་གིས། སྨན་རྩིས་ཁང་ལ་དྷ་སར་ལས་བྱེད་ཁྱོན་ ༢༤༤ ཡོད་པ་དང་དེའི་ཁྲོད་ལས་ཤག་ཐོབ་ཡོད་པ་ ༡༦༡ དང་ཐོབ་མེད་པ་ ༨༣ ཡོད།  ཁང་དོད་ཞུ་མཁན་ཁྱིམ་ཐབ་ཅན་ལ་ཟླ་རེར་སྒོར་ ༢༠༠༠ དང་མི་རྐྱང་ལ་སྒོར་ ༡༨༠༠ སྤྲོད་ཀྱི་ཡོད། ད་ལྟ་བོད་ཀྱི་སྨན་རྩིས་ཁང་ནས་རྒྱ་གར་ལྷོ་ཕྱོགས་སུ་སྨན་རྩིས་མཐོ་སློབ་འཛུགས་བཞིན་ཡོད་པ་དང་། ལས་གཞི་གྲུབ་རྗེས་དགེ་རྒན་དང་སློབ་མ་རྣམས་ཕར་སྤོ་འགྲོ་རྒྱུ་ཡིན་པས། ད་ལྟའི་སློབ་མའི་སྡོད་ཁང་རྣམས་ལས་ཤག་ཏུ་བསྒྱུར་ནས་ལོ་གཅིག་དང་ཕྱེད་ཀ་ནང་ལས་ཤག་གི་དཀའ་ངལ་ཕལ་ཆེར་ཆ་ཚང་སེལ་འགྲོ་རྒྱུ་ཡིན་སྐོར་བརྗོད་བྱུང་།

ཡོང་སྒོ་མེད་སར་འགྲོ་སྒོ་ཟེར་བའི་དཔེ་ལྟར། བོད་མིའི་སྒྲིག་འཛུགས་དང་ཚོགས་སྡེ་ཆེ་ཁག་ནང་མེད་པའི་གསར་འབྱོར་བ་དང་། རྒྱ་གར་ཡུལ་ཕྱོགས་གཞན་ནས་ཡོང་བའི་བོད་པ་རྣམས་ལ་མཚོན་ན། ཟླ་རེའི་ཁང་གླ་ནི་འགྲོ་སོང་ཆེ་ཤོས་ཤིག་ཆགས་བསྡད་ཡོད་པ་ནི་སུས་ཀྱང་གསང་ཐབས་མེད་ལ། མེག་གྷན་གྱི་རི་སྒང་རྡོག་རྡོག་འདི་འཛམ་གླིང་མི་མང་གི་ཁ་ནང་མིག་ནང་དུ་ལྷུང་བ་ནས་བཟུང་འགྲོ་གྲོན་ཡོད་ཚད་ལོ་དང་ཟླ་བ་བྱས་ནས་འཕར་གྱི་ཡོད་པ་ནི་དཔེར་ན། དྷ་ས་མེག་གྷན་གྱི་ཟས་གོང་ནི་ལྡི་ལི་དང་ལྷོ་ཕྱོགས་སོགས་བོད་མི་འདུས་སྡོད་ཁུལ་གཞན་དང་བསྡུར་ཐབས་མེད་པ་མ་ཟད། ཐ་ན་མེག་གྷན་ནས་སྤྱི་ལེ་ ༡༥ ཙམ་གྱི་སར་ཡོད་པའི་ནོར་གླིང་དང་བསྡུར་བ་ཡིན་ནའང་མེག་གྷན་གྱི་ཟས་གོང་ཆེ་བ་ཡོད་པ་རེད། འདས་པའི་ལོ་བཅུ་ཙམ་ནང་བོད་ནས་ཡོང་མཁན་ཧ་ཅང་ཉུང་དུ་ཕྱིན་པ་དང་། རྒྱ་བལ་ནང་ཡོད་པའི་བོད་པ་མང་པོ་བོད་དུ་ལོག་པ་དང་ཡང་ན་ཐབས་བརྒྱ་ཇུས་སྟོང་གིས་ཕྱི་རྒྱལ་ཁབ་ཁག་ཏུ་ཕྱིན་པའི་སྡུག་སྐད་རྒྱུན་མ་ཆད་པར་ཤོར་གྱི་ཡོད་པའི་རྐྱེན་རྩ་ཞིག་ཀྱང་འདི་རེད་འདོད། དེ་སྔོན་གྲོས་ཚོགས་ནང་དད་པ་ཡོད་དུས་བླ་མ་མེད། བླ་མ་ཡོད་དུས་དད་པ་མེད་ཅེས་པའི་དཔེ་ཞིག་བགྲངས་ཡོད་པ་དེ་དོན་དུ་སྣང་།

ལོ་འདི་ཚོར་བཙན་བྱོལ་བོད་མི་འདུས་སྡོད་ཁུལ་ནས་ཁང་པ་དང་ས་ཆ་དགོས་ཟེར་མཁན་སྡེ་དང་སྡེ་བྱས་ནས་ཡོང་གི་ཡོད་མོད། དྷ་སའི་རི་སྒང་རྡོག་རྡོག་འདི་ནས་ས་ཆ་ཉོས་ཏེ་ཁང་པ་གསར་དུ་བརྒྱག་དགོས་ཟེར་བ་ནི་ཁག་པོ་ཡིན་ཡང་། ཁང་པའི་དཀའ་ངལ་སེལ་བར་ངེས་པར་དུ་ས་ཆ་ཉོ་དགོས་པ་དང་འཛུགས་སྐྲུན་དགོས་པས་ཁྱབ་ཀྱི་མེད། དེང་སང་གྷམ་རུ་ཁུལ་ནས་བོད་མི་མང་པོས་རེ་སྒུག་བྱེད་འདུག་སའི་ཁང་པ་གཅིག་ཡོད་པ་ནི་གནས་ཆུང་སྡོད་ཁང་རེད། གནས་ཆུང་སྡོད་ཁང་གི་ཁང་པའི་ཆ་རྐྱེན་གང་འཚམ་ཡག་པོ་ཡོད་པ་མ་ཟད། ཁང་གླའང་ཉེ་འཁོར་གྲོང་གསེབ་དང་བསྡུར་ན་ཁེ་བོ་ཡོད་སྟབས། བོད་མི་མང་པོ་ཞིག་གིས་གནས་ཆུང་སྡོད་ཁང་རག་པར་ཟླ་བ་དང་ལོ་བྱས་ནས་བང་སྒྲིག་འདུག འདི་ལ་བསམ་བློ་ཞིག་བཏང་ན། དྷ་ས་མེག་གྷན་ན་བོད་མི་སྒེར་བ་དང་དགོན་སྡེ་ཚོགས་པ་ཁག་གི་མགྲོན་ཁང་གང་འཚམ་མང་པོ་ཡོད་དུས། དེ་ཚོ་ཚང་མར་མཉམ་འབྲེལ་ཚོགས་པ་ཞིག་བཙུགས་ཏེ་དཔེར་ན། མགྲོན་ཁང་བདག་པོ་ཞིག་ལ་ཁང་པ་ ༡༠ ཡོད་ཚེ། དེ་ལས་ ༣ དཀའ་ངལ་ཅན་གྱི་བོད་མི་ཚོར་ཆག་ཡང་གི་ཐོག་ནས་ཁང་གླ་གཏང་བ་ཡིན་ན། མགྲོན་བདག་ལ་གྱོང་ཆེན་པོ་དེ་ཙམ་མེད་ལ། དོ་བདག་དཀའ་ངལ་ཅན་ལ་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་ས་ཆ་ཉོས་ཏེ་ཁང་པའང་རྒྱག་དགོས་པའི་མི་རྒྱུ་གཉིས་ཀྱི་འཁུར་བོ་གང་འཚམ་སེལ་འགྲོ་བ་རེད་སྙམ།

དེ་བཞིན་བོད་མིའི་སྒྲིག་འཛུགས་དང་ཚོགས་སྐྱིད་ཁག་ནས་ལས་མེད་མང་པོར་རང་ཁ་རང་གསོ་ཡོང་ཐབས་སུ་ལག་ཤེས་སྦྱོང་བརྡར་རིགས་སྤྲོད་བཞིན་ཡོད་པ་ལྟར། སྦྱོར་བརྡར་འདི་དང་འདི་སྤྲད་ཡིན་ཟེར་བའི་གྲངས་ཐོ་ཙམ་མིན་པར་སྦྱོར་བརྡར་ཐོབ་མཁན་རྣམས་ལ་བདག་པོ་བརྒྱབས་ཏེ་གོ་སྐབས་སྤྲོད་དགོས་པ་ནི། སོ་ནམ་པས་དཔྱིད་ཀྱི་དུས་སུ་ངལ་བ་དང་དུ་བླངས་ནས་ལོ་ཏོག་བཏབས་པ་དེ་སྟོན་གྱི་དུས་སུ་འབྲས་བུ་གཡུར་དུ་ཟ་བ་ཐོབ་པ་ལྟར་རེད། དཔེར་ན། བོད་མིའི་སྒྲིག་འཛུགས་ཀྱི་་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ཀྱི་ལས་གཞིའི་འོག་གློག་ལས་སྦྱོང་བརྡར་ཐོབ་པའི་ངག་དབང་ཞེས་པའི་ཕོ་གསར་ཞིག་ཡོད་ན། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་གང་ཞིག་ལ་གཞིས་ཆགས་གསར་རྒྱག་སོགས་དང་འབྲེལ་བའི་གློག་གི་ལས་ཀ་ཆེ་ཆུང་ག་རེ་ཡོད་པ་ཡིན་ནའང་། ཐོག་མར་ལས་ཀ་སྤྲོད་ས་དེ་ངག་དབང་ཆགས་ཡོད་པ་ལས་རྒྱ་གར་བ་མིན་པ་ལྟ་བུ་ནི་ཧ་ཅང་གལ་གནད་དུ་མཐོང་ངོ་།།

ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

སྐར་མ ༡༢ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

ཆུ་ཚོད་ ༢ སྔོན་ལ།
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

ཆུ་ཚོད་ ༢༣ སྔོན་ལ།
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩
Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧

མཆན། 11

  1. ཨ་འབར་འཇིགས་དབང། says:
    ལོ་ 7 སྔོན།

    ༄༅། གནས་ཚུལ་ཡག་པོ་བྲིས་གནང་འདུག་པ་ བཀྲིས་བདེ་ལེག་ཡོད།

    Reply
  2. བོད་པ། says:
    ལོ་ 7 སྔོན།

    གནས་སུ་ཁེལ་པོ་བྲིས་འདུག དེ་དང་ཆབས་ཅིག་རྡ་ས་གསར་འབྱོར་གཞིས་ཆགས་ཤིག་དགོས་པའི་འབོད་སྐུལ་རབ་དང་རིམ་པ་ཞུས་པར། ས་ཆ་མེད་པའི་དཀའ་ངལ་ཞིག་གསུངས་ཡོད་པ་རེད། འོ་ན་རྡ་སའི་གསར་འབྱོར་འདི་དག་གིས་གཞིས་ཆགས་མེག་ལོར་རམ་གངས་སྐྱིད་གཡས་གཡོན་དུ་དགོས་བཤད་ཀྱི་ཡོད་དམ། ངས་འདི་ལྟར་དྲི་དགོས་པ་ནི། དཔེར་ན་གནས་ཆུང་དགོན་པས་ནོར་གླིང་དུ་ས་ཉོས་ཏེ་ཁང་པ་བརྒྱབ་པ་དང་། ལོ་འགའི་གོང་གཏོང་ལེན་ཚོགས་པས་ས་རའི་གོང་ཙམ་དུ་ས་ཉོས་ཏེ་ཁང་པ་བརྒྱབ་པ། བཙུན་མའི་ལས་འཆར་ཚོགས་པས་སྤྱི་སྤྱོད་རླང་འཁོར་བབས་ཚུགས་ཀྱི་གཤམ་འོག་ཏུ་ས་ཉོས་ཏེ་ཁང་པ་བརྒྱབ་སོགས་བསྒྲུབས་ཐུབ་འདུག་ཞུ་རྒྱུ་ཡིན།
    དེར་བརྟེན། རྡ་སའི་གསར་འབྱོར་ཚོས་ཀང་ར་རྫོང་ཡན་བཏབ་དང་། པ་ལམ་པུར་ཚུན་བཏབ་ཀྱི་ས་གནས་གང་དུ་ས་ཆ་ཉོས་ཏེ་རྡ་ས་གསར་འབྱོར་གཞིས་ཁང་བརྒྱབ་ཐུབ་ན་བསམ་པའི་རེ་བ་བྱེད་ཀྱི་ཡོད། དེ་ཚོགས་པ་སྐྱིད་སྡུག་གིས་བསྒྲུབས་ཐུབ་སར་བོད་མིའི་སྒྲིག་འཛུགས་ཆེན་པོ་ཞིག་གིས་ཇི་ལྟར་མ་བསྒྲུབ་ཐུབ་རེད་དམ་ཞེས་ང་ཡ་མཚན་སྐྱེས་བྱུང་།

    Reply
  3. རབ་དགའ། says:
    ལོ་ 7 སྔོན།

    དྷ་རམ་ས་ལའི་གནས་ཚུལ་གནད་གལ་ཆེན་པོ་ཞིག་ཞིབ་འཇུག་རང་བཞིན་བྱས་ཏེ་ཧ་ཅང་ཡག་པོ་ཞིག་བྲིས་འདུག དུས་བབ་སྤྱི་ཁྱབ་རྩོམ་སྒྲིག་པ་པདྨ་མཚོ་མཆོག་དང་གསར་འགོད་པ་ཀླུ་མགོན་ཐར་ལགས་གཉིས་ལ་བཀའ་དྲིན་ཆེ་ཞུ། ཁྱེད་རྣམ་པས་དུས་བབ་ལ་རེ་བ་དང་ཡིད་ཆེས་གསར་པ་ཞིག་བསྐྲུན་ཐུབ་པར་མི་མང་པོས་ཡིད་ཆེས་བྱེད་ཀྱི་ཡོད་པ་བཞིན་དབུ་ལས་ཚང་མས་ཧུར་ཐག་གནང་རོག

    Reply
  4. བསྟན་འཛིན་དགའ་བ། says:
    ལོ་ 7 སྔོན།

    གསར་འགོད་པ་ཀླུ་མགོན་ཐར་ལགས། དངོས་གནས་ཀློག་རིན་ཆེ་ཞིང་གཞུང་མང་གཉིས་ནས་དོ་སྣང་བྱེད་དགོས་པའི་གནས་ཚུལ་ཧ་ཅང་ཡག་པོ་དང་ཚིག་སྙན་པོ་ཞིག་སྤེལ་འདུག བོད་པ་གསར་འགོད་པ་ཚོས་གསར་འགྱུར་འདི་འདྲ་སྤེལ་ཐུབ་ན་སྤྱི་ཚོག་ལ་ཕན་ཐོག་ཡོད་ས་རེད།

    Reply
  5. DTP says:
    ལོ་ 7 སྔོན།

    སྤྱིར་བཏང་བོད་པ་ཚོས་རྒྱ་གར་ཁང་བདག་ལ་ང་ཚོ་བོད་པ་སྐྱབས་བཅོལ་བ་ཡིན། ཟླ་རེའི་གླ་ཕོགས་ཙམ་མ་གཏོགས་ཡོང་སྒོ་གཞན་མེད་པ་དང་། ལོ་ནས་ལོ་མཐུད་དེ་འདུག་རྒྱུ་ཡིན་པ་སོགས་བཤད་ན། རྒྱ་གར་ཁང་བདག་མང་པོ་ཞིག་གིས་བསམ་ཤེས་བྱེད་ཀྱི་འདུག ཡིན་ནའང་། གནས་སྐབས་སྡོད་མཁན་ཕྱི་རྒྱལ་བ་ཚོར་ཁང་གླ་ཆེན་པོ་བླངས་བ་དང་བསྟུན་བོད་པ་ལའང་ཁང་གླ་མགྱོགས་པོར་འཕར་འགྲོ་ཡི་ཡོད་པ་དེ་དཀའ་ངལ་ཆེན་པོ་ཞིག་ཆགས་འདུག

    དེ་རྡ་སའི་ས་ཕྱོགས་གང་སར་དངོས་འབྲེལ་གནས་ཚུལ་གཅིག་ཚུངས་རེད་འདུག ནོར་གླིང་གཡས་གཡོན་ལའང་དེང་སང་དེ་འདྲ་རེད་འདུག

    Reply
  6. དམར་ཁ་ཚ། says:
    ལོ་ 7 སྔོན།

    ཅི་ཡང་སྐྱོན་གྱི་མ་རེད། ང་ཚོར་རང་ཁ་རང་གསོ་བྱེད་པའི་སྲིད་བྱུས་ཤིག་ཡོད་པ་རེད། ད་དུང་ཆེད་ལས་མི་སྣ་མང་པོ་མང་པོ་ཞིག་ལ་ཆེད་ལས་སྤྲོད་བརྩིས་ཡོད་པ་རེད། ད་དུང་ཆིག་སྒྲིལ་སོགས་མང་པོ་མང་པོ་ཡོད་པ་རེད། 

    Reply
  7. ཨ་འབར་འཇིགས་དབང། says:
    ལོ་ 7 སྔོན།

    ༄༅། རྡ་སའི་གཡས་གཡོན་གང་དུའང་སྡོད་ཁང་གི་དཀའ་ངལ་སྐོར་ལ་པར་དང་བཅས་དངོས་
    གནས་སྙན་པོ་ཡག་པོ་བྲིས་འདུག་པ་བཀྲིས་བདེ་ལེགས་ཡོད།
    རྒྱ་བལ་ནང་དུ་བསྡད་ཀྱང་དཀའ་ངལ།
    ཕྱི་རྒྱལ་ཡུལ་ལ་བསླེབས་ཀྱང་དཀའ་ངལ།
    གྲ་བཙུན་བཟོས་ཀྱང་དཀའ་ངལ།
    མི་སྐྱ་རང་བྱས་ཀྱང་དཀའ་ངལ། དཀའ་ངལ་གྱི་དཀའ་ངལ་ཤ་སྟག་རེད།
    འཇིག་རྟེན་འདི་མ་སྟོང་གི་བར་དུ། དཀའ་སྡུག་ལ་ཟད་མཐའ་མི་འདུག།

    Reply
  8. སྲས་སྐུ་ངོ་། says:
    ལོ་ 7 སྔོན།

    པར་སྒང་གི་བོད་ཀྱི་དུས་བབ་ཟེར་བའི་ཡིག་གཟུགས་ཇེ་ཆུང་དུ་གཏོང་མི་ཐུབ་བམ། ཡིག་གཟུགས་ཆེས་ཆེས་ནས་ག་རེ་བྱེད་དགོས་ཀྱི་རེད། པར་སྒང་གི་ཡིག་གཟུགས་ག་ཚོད་འཇོག་གི་ཡོད་མེད་གཞན་ལས་ཤེས་པར་གྱིས།

    Reply
  9. སྲས་སྐུ་ངོ་། says:
    ལོ་ 7 སྔོན།

    ངྷ་ར་ས་ལ་ཟེར་ན་དོན་བསྒྱུར་བྱས་ན་ཆོས་ཀྱི་མགྲོན་ཁང་ཟེར། དེ་ནི་རྒྱ་གར་ཧིན་ངྷི་ཆོས་ལུགས་ཀྱི་ལྷ་ཁང་ཁག་ཏུ་གནས་སྐོར་བ་ཚོ་ལ་རིན་མེད་ཀྱི་སྡོད་གནས་སྤྲོད་ཀྱི་ཡོད་པས་ངྷ་རམ་ས་ལ་ཟེར།

    Reply
  10. གཞུང་པ་ཚེ་དབང་བསོད་ནམས་་ཉེ says:
    ལོ་ 7 སྔོན།

    རྡ་སར་་ཁང་པའི་དཀའ་ངལ་དང་གཞིས་ཆགས་ཁག་ལ་ཆར་ཆུའི་དཀའ་
    ངལ་སློབ་གྲ་ཁག་ལ་སློབ་ཕྲུག་ཉུང་བའི་དཀའ་ངལ་བལ་ཚོང་ལ་གནམ་
    ཤིས་ཁྱག་མ་ཐུབ་པའི་དཀའ་ངལ་སོགས་འདི་དག་ང་ཚོ་བོད་མི་སྐྱབས་བཅོལ་
    ཚོར་འཕྲད་པའི་དཀའ་ངལ་ཆུང་ཙག་ལས་དཀའ་ངལ་ངོ་མ་ང་ཚོ་མི་
    ཡུལ་དུ་མི་ལོ་དྲུག་བཅུ་རྫོགས་ནས་རང་ཡུལ་ལ་ཁ་ཕྱོགས་མ་ཐུབ་པ་
    འདི་ལས་དཀའ་ངལ་ཆེ་བ་ཞིག་ཨ་ཡོད་ན་།

    Reply
  11. Tenzin Nyima says:
    ལོ་ 7 སྔོན།

    thanks for this article….. inspired alot….

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese