མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་གཉེར་བྱེད་སྟངས་དེ་ཚིག་འགྲེལ་ཐེབས་པ་ཙམ་མིན་པར་དགག་བཞག་སྤོང་གསུམ་གྱི་ཐོག་ནས་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༨/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ང་ཚོས་མཐོང་བ་མངོན་འགྱུར་དང་། ཅུང་ཟད་ལྐོག་འགྱུར། ཤིན་ཏུ་ལྐོག་འགྱུར་ཞེས་བཤད་པའི་ནང་གི་མཐོང་བ་མངོན་འགྱུར་ལ་ཚན་རིག་པས་དཔྱད་པ་ཧ་ཅང་བྱས་ནས་ང་ཚོས་མ་ཤེས་པ་དེ་འདྲ་མང་པོ་བཤད་དེ་ཕན་གྱི་ཡོད་པ་དང་། མཐོང་བ་མངོན་འགྱུར་ལ་དཔྱད་པ་བྱས་ཏེ་གཞི་ནས་ཅུང་ཟད་ལྐོག་འགྱུར་ལ་དོ་སྣང་གསར་པ་བསླེབ་རྒྱུ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་འདུགཟླ་འདིའི་ཕྱི་ཚེས་ ༡༥ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལ་དྭགས་ལྡུམ་རྭ་བསམ་གཏན་གླིང་དགོན་པའི་གསུང་ཆོས་ར་བའི་ནང་དུ། ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་༦ དབུ་འབྱེད་བཀའ་དྲིན་བསྐྱངས་ཡོད་པ་དང་། དབྱར་ཆོས་དབུ་འཛུགས་ཀྱི་བཀའ་སློབ་གནང་སྐབས་༧གོང་ས་མཆོག་གིས། ང་རང་ཚོའི་བོད་ལ་དེ་སྔ་ཕལ་ཆེར་ནཱ་ལེནྜའི་བཞེད་སྲོལ་རེད། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་བཤད་སྲོལ་ཡོད། རིག་གནས་ཆེ་བ་ལྔའི་ནང་དུ་ཚད་མ་དང་སྒྲ། གསོ་བ་རིག་པ། བཟོ་རིག་པ་དེ་དག་དམིགས་བསལ་ཆོས་དང་མ་འབྲེལ་བ་རེད། ནང་དོན་རིག་པ་འདི་ནང་ཆོས་སྐོར་ཆགས་ཡོད། འདིར་དབྱར་ཆོས་སྐབས་མི་མང་པོ་འདུས་པའི་ཁོངས་ཆོས་དད་ཡོད་པ་དང་མེད་པ། ཆོས་དད་ཡོད་མཁན་ཁུངས་སུའང་ཆོས་ལུགས་འདྲ་མིན་ཡོད། ང་ཚོའི་གཞི་རྩའི་དམིགས་ཡུལ་གང་ཡིན་བརྗོད་ན། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་འདི་ཤོད་བཞིན་ཡོད། ཚད་མ་རིག་པ་དང་སེམས་ཁམས་རིག་པ་དེ་ཚོའི་གྲས་འགྲོ་བ་མི་ཡོངས་རྫོགས་ལ་འབྲེལ་བ་དང་ཕན་ཐོགས་ཡོད་པ་ཆགས་ཡོད། འདི་ཆོས་ཀྱི་སྐད་ཆ་མ་རེད། ད་ལྟ་གནའ་རབས་རྒྱ་གར་འཕགས་པའི་ཡུལ་གྱི་ཚད་མ་རིག་པ་དང་སེམས་ཁམས་རིག་པ་དེ་ཚོའི་གྲས་དེང་སྐབས་དངོས་ཡོད་གནས་ཚུལ་ལ་ནང་པའི་གཞུང་ནང་ཡོད་པ་དེ་དག་མུ་མཐུད་ནས་སློབ་སྦྱོང་བྱེད་མཁན་ཡོད་པ་རེད། སྤྱིར་རྩ་བའི་འབྱུང་ཁུངས་རྒྱ་གར་ཡིན་ཡང་སྔར་ནཱ་ལེནྜའི་གཙུག་ལག་སློབ་གྲྭའི་ནང་མཁས་དབང་དེ་འདྲ་ཡོད་སྐབས་མཁས་དབང་ཚོའི་གསུང་གི་ནང་ལ་ཕྱོགས་སྔ་མུ་སྟེགས་པའི་མཁས་དབང་མང་པོའི་བཞེད་པ་བཀོད་ནས་ཡོད། དེར་བརྟེན་དེའི་ཚེ་དེའི་དུས་རྒྱ་གར་གྱི་ཕྱི་ནང་དབྱེ་བ་མེད་པར་སེམས་ཁམས་རིག་པ་དང་། ཚད་མ་རིག་པ་དེ་དག་ཧ་ཅང་ཁྱབ་བརྡལ་ཆེན་པོ་ཡོད་པ་རེད།  བར་སྐབས་ནས་དེ་དག་གི་ཐད་དོ་སྣང་བྱ་རྒྱུ་ཉུང་དྲགས་པ་དང་།  དེ་འདྲའི་མཁས་དབང་མང་པོ་ཞིག་དེང་སྐབས་མཐོང་རྒྱུ་མེད། བོད་གངས་ཅན་གྱི་ལྗོངས་ལ་རྒྱ་གར་མཁས་པའི་གཞུང་ནང་ནས་ཚད་མ་རིག་པ་དང་སེམས་ཁམས་རིག་པ་དེ་ཚོའི་གྲས་ད་ལྟ་ཡིན་ནའང་སློབ་གཉེར་བྱས་ནས་འགྲོ་བཞིན་ཡོད། སློབ་གཉེར་བྱེད་སྟངས་དེའང་ཚིག་འགྲེལ་ཐེབས་པ་ཙམ་མིན་པར་དགག་བཞག་སྤོང་གསུམ་གྱི་ཐོག་ནས་འགྲོ་སྟངས་དེ་འདྲ་ཞིག་ཡོད། གཞན་ལུགས་དགག་པ། རང་ལུགས་བཞག་པ། དེར་རྩོད་པ་སྤོང་བ་དེ་ལྟར་རེད། དེ་དག་ཡོངས་རྫོགས་རིགས་ལམ་ཐོག་ནས་འགྲོ་དགོས་པ་ཞིག་རེད། ལུང་ཙམ་ལ་བརྟེན་ནས་ཡོང་རྒྱུ་མེད། གང་ལྟར་བོད་གངས་ཅན་གྱི་ལྗོངས་ལ་མཁན་ཆེན་ཞི་བ་འཚོ། སློབ་དཔོན་ཀ་མ་ལ་ཤཱི་ལ་དངོས་སུ་ཕེབས་ཡོད། དེ་དག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་བོད་གངས་ཅན་ལ་རིག་གནས་དེ་དག་གྲས་ཤུགས་ཆེན་པོ་བྱས་ནས་འཛིན་བཞིན་ཡོད། ང་ཚོ་བོད་རིགས་ངོས་ནས་སེམས་ཁམས་རིག་པ་དང་ཚད་མ་རིག་པ་ལོ་སྟོང་གི་རིང་བདག་པོ་བརྒྱབ་ནས་གཅེས་སྤྲས་བྱས་ནས་ཉར་བ་དེ་དག་སྤྱིར་འཛམ་གླིང་འདིའི་སྒང་ལ་ལེགས་སྐྱེས་ཕུལ་ཐུབ་ཀྱི་རེད་བསམ་པའི་ཚོད་དཔག་བྱེད་ཐུབ་བཞིན་ཡོད། བྱེ་བྲག་ཏུ་ང་ཚོའི་ཧི་མ་ལ་ཡི་ས་ཁུལ་དེ་དག་ལོ་རྒྱུས་ཐོག་ནས་བོད་པའི་རིག་གཞུང་ལ་འབྲེལ་བ་ཡོད་པ་རེད། ཁྱེད་ཚོས་དེར་དོ་སྣང་བྱས་ནས་ཡོད། དེང་སྐབས་ངོས་ཀྱིས་རྒྱ་གར་གྱི་གནའ་རབས་ཀྱི་ཤེས་ཡོན་སེམས་ཁམས་རིག་པ་རེད། སེམས་ཁམས་རིག་པ་ཤེས་པའི་ཐོག་ནས་སེམས་ལ་སྒྱུར་བཅོས་གཏོང་རྒྱུ་དང་།  གང་ལྟར་རང་གཞན་ལ་གནོད་པ་འདྲེན་མཁན་གྱི་ (Emotion) དེ་ཚོའི་གྲས་སྨོན་ལམ་བརྒྱབ་ནས་མེད་པ་ཆགས་མི་ཐུབ། འདོད་པ་ཙམ་གྱིས་མེད་པ་ཆགས་མི་ཐུབ། རྒྱུ་མཚན་ལ་བསམ་བློ་བཏང་ནས་རྣམ་རྟོག་འདྲ་མིན་ཡོད་པ་དེ་དག་ལས་རྣམ་རྟོག་གང་དང་གང་གིས་ང་ཚོར་ཕན་གྱི་འདུག རྣམ་རྟོག་གང་དང་གང་གིས་ང་ཚོར་གནོད་ཀྱི་འདུག་དེ་དག་དབྱེ་འབྱེད་བཏང་ནས་བློའི་འགྲོ་སྟངས་དཔེར་ན་བྱམས་པ་དང་བརྩེ་བ། བཟོད་པ་ལ་སོགས་པ་དེ་ཚོའི་གྲས་སྐྱེ་བ་ཕྱི་མའི་སྐད་ཆ་མ་རེད། ཐར་པ་དང་ཐམས་ཅད་མཁྱེན་པའི་སྐད་ཆ་མིན། མི་ཚེ་འདིའི་རིང་དུ་སེམས་ནང་ཞི་བདེ་ཡོང་རྒྱུ་དང་ཕན་ཐོགས་ཡོང་བ་ཞིག་རེད། ཞེ་སྡང་དང་ཕྲག་དོག ང་རྒྱལ། ང་རྒྱལ་དང་སྤོབས་པ་དབྱེ་བ་འབྱེད་དགོས། སོ་སོས་གང་འཚམ་སྦྱངས་ནས་ཐོས་བསམ་སྒོམ་གསུམ་དང་འབྲེལ་བའི་ཐོག་ནས་གང་འཚམ་ཚོད་ཐིག་པོ་ཞིག་དང་རྒྱུས་ཡོད་པའི་ཐོག་ནས་སྤོབས་པ་བྱེད་དགོས་པ་ཆགས་ཀྱི་ཡོད། རྒྱུ་མཚན་ལྡན་པའི་ཐོག་ནས་ངས་དེ་བྱེད་ཐུབ་རྒྱུ་རེད་བསམ་པའི་བསམ་བློ་དེ་སྤོབས་པ་རེད། རྒྱུ་མཚན་དེ་ཙམ་མེད་པར་སོ་སོར་སྣང་བ་དག་ནས་ང་ཧ་ཅང་ཡིན་བསམས་ནས་གཞན་ལ་མཐོང་ཆུང་བྱས། དམའ་འབེབས་བྱས། སོ་སོ་གཅིག་པུར་བསམ་བློ་གཏོང་རྒྱུ་དེ་ང་རྒྱལ་རེད། ང་རྒྱལ་ལའང་ང་རྒྱལ་རྣམ་པ་བདུན་ཙམ་ཡོད། གང་ལྟར་ང་ཚོས་བསམ་བློའི་ནང་ནས་བློ་གང་འདྲ་ཞིག་གིས་ང་ཚོར་གནོད་ཀྱི་འདུག དེའང་སོ་སོ་གཅིག་པུའི་སྐད་ཆ་མིན། སྤྱི་ཚོགས་རང་གི་ནང་བློ་གང་དང་གང་གིས་འཕུང་དཀྲུག་བྱེད་ཡག་དང་།  མ་འཆམ་པ་དང་མ་སྐྱིད་པ་བྱས་པ། ཆེ་ས་ནས་འཛམ་གླིང་ནང་མི་དུང་ཕྱུར་བདུན་བཅུ་ཙམ་ཡོད་པ་དེ་དག་བློ་གང་འདྲ་ཞིག་གིས་འཛམ་གླིང་ཕུང་ལ་སྦྱོར་བཞིན་འདུག དཔེར་ན་དམག་འཁྲུག་གིས་མཚོན་པའི་གོད་ཆག་ཧ་ཅང་ཡོང་བཞིན་ཡོད། དེ་དག་ཕྱིའི་རྐྱེན་ཙམ་གྱིས་བྱས་པ་མིན། གཙོ་བོ་བསམ་བློའི་འགྲོ་སྟངས་ཀྱི་ཐོག་ནས་ཡོང་བཞིན་ཡོད། དེ་དག་ལ་སེམས་ཁམས་རིག་པའི་རྣམ་གཞག་སྐོར་གང་འཚམ་ཤེས་པའི་ཐོག་ནས་དེར་གཉེན་པོ་བསྟེན་པའམ་བཟོ་བཅོས་བྱ་རྒྱུ་དེ་རྒྱུ་མཚན་ཐོག་ནས་བཟོ་བཅོས་བྱ་རྒྱུ་རེད་མ་གཏོགས་འདོད་པ་ཙམ་དང་། དཔེར་ན་ཆོས་དང་འབྲེལ་ནས་སྨོན་ལམ་བརྒྱབ་པ་ཙམ་གྱིས་ཡོང་ཐུབ་རྒྱུ་མེད། དེར་བརྟེན་གཏན་ཚིགས་རིག་པའམ་ཚད་མ་རིག་པ་དགོས། རྒྱུ་མཚན་ལ་བརྟེན་ནས་བློར་འགྱུར་བ་གཏོང་རྒྱུ་ཞིག་སེམས་ཅན་གཞན་ལ་བྱེད་ཐུབ་རྒྱུ་མེད། མི་གཅིག་པུ་རེད། རྣམ་རྟོག་འདྲ་མིན་ཐོག་ནས་རང་གཞན་འཕུང་ལ་སྦྱོར་རྒྱུ་དེའང་མི་གཙོ་བོ་རེད། མིའི་ཀླད་པ་མི་འདྲ་བ་ཞིག་ཡོད། མིར་ཀླད་པ་དེ་འདྲ་ཡོད་པ་དེ་ལེགས་པའི་ཕྱོགས་སུ་འགྱུར་བར་ཚད་མ་རིག་པ་དང་། ཚད་མ་རིག་པའི་ཐོག་ནས་དཔྱད་པ་བྱེད་སའི་བློའི་འགྲོ་སྟངས་དེ་དག་ཡག་པོ་ཤེས་པ་བྱ་རྒྱུ་དེར་སེམས་ཁམས་རིག་པ་བརྗོད་བཞིན་ཡོད། ཕལ་ཆེར་སེམས་ཁམས་རིག་པ་འདི་གསོ་བ་རིག་པའི་ནང་སྦྱར་ཐུབ་རྒྱུ་ལྟ་བུ་འདུག ལུས་པོའི་འཕྲོད་བསྟེན་ཡག་པོ་ཡོང་བར་སེམས་ཞི་བདེ་དགོས། སེམས་འཁྲུག་བསྡད་ན་རིམ་བཞིན་ལུས་པོའི་གནས་སྟངས་དེའང་སྐྱོ་རུ་འགྲོ་རྒྱུ་རེད། སེམས་སྐྱིད་པོ་ཡོད་ན་ལུས་པོའི་གནས་སྟངས་དེའང་ཡག་པོ་ཡོང་བཞིན་འདུག དེར་བརྟེན་གསོ་བ་རིག་པའི་ཁུངས་ལ་སྦྱར་ཆོག་པ་ལྟ་བུ་འདུག་པས། སེམས་ཁམས་རིག་པ་དང་ཚད་མ་རིག་པ་དེ་དག་ཡོངས་ས་ནང་པའི་གཞུང་ནས་ཡིན་ཡང་ཆོས་དད་ཡོད་མིན། ཆོས་ལུགས་གང་ཡིན་དབྱེ་བ་མེད་པར་ཉམས་ལེན་བྱེད་ཐུབ་རྒྱུ་ཞིག་རེད། པཎ་གྲུབ་བཅུ་བདུན་གྱི་གཞུང་དེ་དག་ཧ་ཅང་ཡག་པོ་འདུག འོན་ཀྱང་བརྗོད་བྱ་དེ་ང་ཚོས་ཐུན་མོང་ཤེས་བྱའི་རྣམ་གྲངས་ལ་བརྩི་རྒྱུ་དང་། ལྷག་པར་འཕྲོད་བསྟེན་ངོ་བོ་ལ་བལྟས་ནས་ཚད་མ་རིག་པ་དེས་ཀླད་པ་གྲུང་དུ་འགྲོ་ཡི་ཡོད། ཚད་མ་རིག་པ་འདི་མིའི་རྣམ་དཔྱོད་གོང་མཐོར་གཏོང་རྒྱུ་ལས་མཐའ་གཅིག་ཏུ་ཆོས་དང་འབྲེལ་བའི་སྐད་ཆ་མིན།   དེ་རིང་ང་ཚོ་འདིར་ཚོགས་རྒྱུ་འདིའང་གཙོ་བོ་རིག་གནས་ཆེ་བ་ལྔའི་ནང་ནས་ཚད་མ་རིག་པ་དང་། སེམས་ཁམས་རིག་པ་དེ་དག་ཕལ་ཆེར་འཕྲོད་བསྟེན་ནང་སྦྱར་ཆོག་པ་ལྟ་བུ་འདུག་བསམ་པ་དྲན་བྱུང་། ཅེས་གསུངས་ཡོད་པ་རེད།

ཡང་དབྱར་ཆོས་དེ་རྟགས་གསལ་བཏང་བ་ཙམ་མིན་པར་མི་མང་ལ་ཕན་ཐོགས་པ་ཞིག་དང་མི་མང་ཚང་མའི་ཆོས་ཞེས་དད་པ་ཙམ་མ་ཡིན་པར་ཚད་མ་རིག་པའི་གཞུང་སོགས་ལ་སློབ་གཉེར་དང་རྒྱུ་མཚན་ཤེས་པའི་ཆོས་པ་ཞིག་བྱེད་དགོས་པའི་སྐོར་ལ་ཁོང་གིས། ང་ཚོས་དབྱར་ཆོས་ཚོགས་པ་རེད་ཟེར་ནས་རྟགས་གསལ་ཏོག་ཙམ་ཞིག་བཏང་། བགྲོ་གླེང་ཏོག་ཙམ་བྱས་པ་དེ་ཙམ་མིན་པར་གང་ལྟར་མང་ཚོགས་ལ་ཕན་ཐོགས་བྱེད་ཐུབ་པ་དང་། ལྷག་པར་ཤེས་ཡོན་ཐོག་ལ་ཡར་རྒྱས་གཏོང་ཆེད་ཐབས་ལམ་གང་འདྲ་འདུག་དེ་དག་ཐོག་བསམ་བློ་གཏོང་དགོས། དེ་རིང་འདིར་ཁྱིམ་པ་ཚོས་རྟགས་གསལ་བཏང་བ་དེ་ཧ་ཅང་ཡག་པོ་རེད། རྟགས་གསལ་གཏོང་སྐབས་སྐྱབས་འགྲོའི་སྐོར་བཏང་སོང་། འབྲེལ་ཡོད་རེད། ཡག་པོའང་རེད། ངོས་རང་ལ་མཚོན་ན། དབྱར་ཆོས་འཚོགས་སྐབས་བློ་རིག་དང་རྟགས་རིག་སྒང་ལ་རྟགས་གསལ་གཏང་ཐུབ་ན་ཡག་པོ་ཡོད། གོང་དུ་བརྗོད་པ་ལྟར་སེམས་ཁམས་རིག་པ་དང་ཚད་མ་རིག་པ་བཤད་ཀྱི་ཡོད། རྒྱུད་བླ་མ་ནས་གསུང་པའི་སངས་རྒྱས་དང་ཆོས་དགེ་འདུན་དཀོན་མཆོག་དེ་དག་ནང་པ་རང་གི་ཐོག་ནས་འགྲོ་བཞིན་ཡོད། ངོས་ཀྱིས་ནང་ཆོས་ཡག་ཤོས་རེད་རྩ་བ་ནས་ཟེར་གྱི་མེད། ཆོས་ཟེར་བ་དེ་སྒེར་སོ་སོའི་ཁམས་དང་མོས་པར་བསྟུན་ནས་འགྲོ་རྒྱུ་མ་གཏོགས་མི་གཅིག་གིས་ཆོས་འདི་ཡག་ཤོས་རེད་ཅེས་བརྗོད་ཐུབ་རྒྱུ་མེད། བཅོམ་ལྡན་འདས་ལ་མཚོན་ནའང་ཉན་ཐོས་དང་རང་རྒྱལ། བྱང་སེམས་ཐེགས་པ་བཅས་ཐེགས་པ་རིམ་པ་གསུམ་གསུང་པ་དེ་དག་འདུལ་བྱའི་སྙིང་སྟོབས་ཆེ་ཆུང་དང་ཁམས་དང་མོས་པའི་ཁྱད་པར་ལ་བརྟེན་ནས་གསུང་ཡོད། ལྷག་པར་ལྟ་གྲུབ་སྐོར་བསླེབས་སྐབས་ཆོས་ཀྱི་བདག་མེད་འདོད་མཁན་དང་མི་འདོད་མཁན། ཆོས་ཀྱི་བདག་མེད་འདོད་མཁན་ནང་དུ་ཡིན་ནའང་རྣམ་རིག་པ་དང་དབུ་མ་པ་དེ་ཚོ་འདུལ་བྱའི་ཁམས་དང་མོས་པ་མི་འདྲ་བ་ཡོད་པར་བརྟེན་གསུང་ཡོད། དེར་བརྟེན་འཛམ་གླིང་ནང་གི་མི་དུང་ཕྱུར་བདུན་བཅུ་ཙམ་ཡོད་པ་དེ་དག་ནང་པ་བྱེད་དགོས། ཞེས་བརྗོད་ཐུབ་ཐབས་རྩ་བ་ནས་མེད། ངོས་ཀྱིས་ནང་ཆོས་སྤེལ་རྒྱུའི་བསམ་བློ་རྩ་བ་ནས་གཏོང་གི་མེད། ནང་པ་ཡག་ཤོས་རེད་ཟེར་གྱི་མེད། ཆོས་འདི་སྨན་ལྟ་བུ་རེད། སྨན་གཅིག་ཡར་བསྒྲུགས་ནས་སྨན་འདི་ཡག་ཤོས་རེད། ཅེས་བརྗོད་ཐུབ་ཐབས་མེད། ནད་པའི་གཟུགས་པོའི་གནས་སྟངས། ལོ་སོགས་གནས་སྟངས་མང་པོ་ཞིག་ལ་བསྟུན་ནས་ནད་པ་དེ་ལ་སྨན་འདི་ཡག་ཤོས་ཡིན་པ་རེད་ཅེས་བརྗོད་ཐུབ་རྒྱུ་མ་གཏོགས། སྤྱི་ཡོངས་ནས་སྨན་འདི་ཡག་ཤོས་རེད་ཅེས་བརྗོད་ཐུབ་ཐབས་བྲལ། འདི་དང་ཕྱོགས་མཚུངས་ཆོས་ལུགས་ཚང་མའི་ནང་ནས་ནང་པ་ཡག་ཤོས་རེད་རྩ་བ་ནས་བརྗོད་མི་ཐུབ། འདུལ་བྱ་སོ་སོའི་ཁམས་དང་མོས་པར་བསྟུན་ནས་རིགས་འགའ་ཤས་ལ་འཇིག་རྟེན་བཀོད་པ་པོ་འདོད་པ་ཡིན་ན་ཧ་ཅང་ཤུགས་ཆེ་བ་འདུག རིགས་འགའ་ཤས་ལ་སྐྱེ་བ་སྔ་ཕྱི་དང་ལས་འབྲས་སྐད་ཆ་ཤོད་སྐབས་ནུས་པ་ཧ་ཅང་ཆེ་བ་འདུག དེང་སྐབས་ངོས་ཀྱིས་སྐྱེ་བ་སྔ་ཕྱི་སྐད་ཆ་ཤོད་སྐབས་ཕུང་པོ་ལས་དོན་གཞན་པའི་བདག་འདི་བཤད་ན་ཡག་པ་ལྟ་བུ་མཐོང་གི་འདུག ཅེས་ཞལ་ཤོབ་མཛད་རྗེས་མུ་མཐུད་བཀའ་སློབ་སྩལ་དོན།  ནང་པ་སངས་རྒྱས་པའི་གཞུང་ནང་བདག་མེད་པ་གསུང་བཞིན་ཡོད། ཕུང་པོ་ལྔ་ལ་བརྟེན་ནས་བཏགས་ཙམ་གྱི་བདག་འཇོག་བཞིན་ཡོད། ཚེ་འདིའི་ཕུང་པོ་ལྔ་པོ་དེ་འཆི་ཚར་རྗེས་མེད་པ་ཆགས་རྒྱུ་རེད། གཞི་ནས། རྣམ་ཤེས་མིན་པར་རྣམ་ཤེས་ཀྱིས་ཉེར་ལེན་མིན་པའི་ཕྱིར་ཡང་བསྒྲུབ། ཟེར་བ་དེས་རྣམ་ཤེས་དེ་རྣམ་ཤེས་རགས་པ་ཀླད་པ་ལ་བརྟེན་པ་དེའི་ཐོག་ནས་བཤད་ཐུབ་རྒྱུ་ཁག་པོ་འདུག  རྣམ་ཤེས་ཕྲ་རགས་ཕྱེ་ནས་ཤེས་པ་གང་ཡིན་ཡང་ཉེར་ལེན་གྱི་རྒྱུ་ལས་ཡོང་དགོས། ཤེས་པ་ཕྲ་མོའི་ཐོག་གཏུག་ནས་ཉེར་ལེན་རྒྱུ་བཤད་ཡོང་སྐབས་སྐྱེ་བ་སྔོན་མའི་ཤེས་པའི་སྒང་གཏུག་བཞིན་ཡོད། དེར་བརྟེན་ནང་པའི་གཞུང་གི་ཐོག་ནས་སྐྱེ་བ་སྔ་ཕྱི་བསྒྲུབ་རྒྱུ་དེ་ཏོག་ཙམ་རྙོག་གྲ་ཚ་པོ་འདུག དེ་ལས་ཕུང་པོ་ལས་དོན་གཞན་པའི་བདག་ཡོད། ཅེས་ལབ་པ་ཡིན་ན་དེ་འདྲའི་ཕུང་པོ་ལས་དོན་གཞན་པའི་རྟག་གཅིག་རང་དབང་བའི་བདག་དེ་སྐྱེ་བ་སྔོན་མ་ནས་འདིར་འོང་། འདི་ནས་ཕྱི་མར་འགྲོ་ཟེར་བ་ཡིན་ན་ལས་སླ་བ་ལྟ་བུ་འདུག འགྲེལ་བཤད་མང་པོ་དགོས་རྒྱུ་མེད། ཅེས་ཞལ་ཤོབ་མཛད། སྐྱེ་བ་སྔ་ཕྱི་སྒྲུབ་སྐབས་ཕུང་པོ་ལས་དོན་གཞན་པའི་བདག་ཡོད།ཅེས་ལབ་ན་སྟབས་བདེ་པོ་ཆགས་ཀྱི་འདུག  གང་ལྟར་སེམས་ཅན་གྱི་ཁམས་དང་མོས་པ་སོ་སོར་བསྟུན་ནས་འགྲོ་དགོས་པ་ཡིན་སྟབས། ནང་པའི་ཆོས་འདི་ཡག་ཤོས་རེད་ཅེས་ངོས་ཀྱིས་ནམ་ཡང་ཟེར་གྱི་མེད། ནཱ་ལེནྜའི་ཆོས་རྒྱུད་འདི་རིག་པས་བསྒྲུབ་རྒྱུ་ཡིན་སྟབས་རིག་ལམ་ཧ་ཅང་གལ་ཆེན་པོ་རེད། ནཱ་ལེནྜའི་ཆོས་རྒྱུད་དེ་རིང་ཁ་སང་ཚན་རིག་དང་མཉམ་དུ་འགྲོ་ཐུབ་མཁན་གྱི་ཆོས་རེད། འདས་པའི་ལོ་སུམ་ཅུ་ལྷག་ཙམ་རིང་ཚན་རིག་པ་དང་ལྷན་གོ་བསྡུར་དང་བགྲོ་གླེང་བྱ་རྒྱུ་མང་པོ་ཞིག་བྱས་པ་རེད། དེ་འདྲ་བྱས་པའི་འབྲས་བུར་ཚན་རིག་པ་ལའང་བློ་སྐྱེད་དང་ཕན་ཐོགས་ཡོང་ཐུབ་རྒྱུ་དང་།  ང་ཚོ་ལའང་དངོས་ཁམས་རིག་པ་དེ་ཚོའི་ཐོག་ལ་ཚན་རིག་པའི་ཐོག་ནས་ང་ཚོས་སློབ་སྦྱོང་ལེན་ཐུབ་པ། ཕན་ཚུན་གཉིས་ཀར་ཕན་ཐོགས་ཡོང་ཐུབ་རྒྱུ་འདུག རིག་པས་དཔྱད་པ་བྱས་ནས་འགྲོ་རྒྱུ་མེད་ན་དད་པ་ཙམ་གྱིས་ཐོག་ནས་ཕྱིན་པ་ཡིན་ན་ཚན་རིག་པ་དང་ལྷན་དེ་ཙམ་གཉིས་སྨན་གྱི་ཕན་ཐོགས་ཡོང་ཐུབ་རྒྱུ་ཕལ་ཆེར་ཁག་པོ་རེད། ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་བྱེད་དགོས། དེ་འདྲ་ཡོང་བར་རྒྱུ་མཚན་ཤེས་པའི་ཐོག་ནས་ནང་ཆོས་འགྲེལ་བཤད་རྒྱག་དགོས་ཀྱང་རིགས་པའི་ལམ་ནས་འགྲེལ་བཤད་རྒྱག་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས།

ཁ་སང་ཕྱི་ཚེས་ ༡༦ ཉིན།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལ་དྭགས་ལྡུམ་རྭ་བསམ་གཏན་གླིང་དགོན་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་། སེམས་སྐྱེས་བཀའ་བརྒྱ་མ། དེ་བཞིན་འཇམ་དཔལ་མཚན་བརྗོད་ཀྱི་ལྗགས་ལུང་བཀའ་དྲིན་བསྩལ་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་ཆོས་འདི་ལམ་དང་ལུགས་སྲོལ་ལྟ་བུ་བྱས་ནས་ཕྱིན་པ་ཡིན་ན་དེར་དེ་ཙམ་གྱིས་དོན་གཉེར་དང་དོ་སྣང་བསླེབ་ཐུབ་རྒྱུ་མེད། ཆོས་དེ་དེ་རིང་ཁ་སང་དུས་རབས་ ༢༡ ནང་འབྲེལ་བ་ཡོད་པ་གཅིག་ཡིན་ན། དེར་དོ་སྣང་བྱེད་དགོས་པ་ཞིག་ཆགས་ཡོད། སྤྱིར་ཆོས་ལུགས་ཚང་མའི་ནང་བྱམས་བརྩེའི་བསླབ་བྱ་ཡོད་པ་ལྟར་ངོས་ཀྱི་ངོ་ཤེས་ཡེ་ཤུའི་ཆོས་པ་ཁག་ཅིག་ལ་བྱམས་བརྩེའི་ཉམས་ལེན་ཧ་ལས་པ་འདུག ཕྱོགས་མཚུངས་དཔེར་ན་ཨ་མ་ཊེ་རེ་སཱ་ (Mother Teresa) ལ་མཚོན་ན། ཡེ་ཤུའི་ཆོས་པ་རེད། གཞན་ཕན་ཧ་ལས་པ་རེད། བྱང་ཆུབ་ཀྱི་སེམས་ཞེས་བརྗོད་ཐུབ་རྒྱུ་མ་རེད། ཤེས་རབ་ཀྱི་ཆ་ནས་བྱང་ཆུབ་ལ་དམིགས་པ་དེ་མེད་སྟབས་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་མ་ཐུབ་ཀྱང་གཞན་དོན་དོན་གཉེར་གྱི་སེམས་ཤུགས་ཧ་ལས་པ་རེད། མི་མང་པོར་ཕན་ཐོགས་བྱེད་ཀྱི་ཡོད། ངོས་རང་ཁོང་ལ་མོས་པ་ཆེན་པོ་ཡོད། ཁོང་མོ་གཤེགས་རྗེས་མོའི་བཞུགས་གནས་ཀལ་ཀ་ཊ་ལ་ཕྱིན་པ་ཡིན། ཨ་མ་ལགས་ཁོང་གཤེགས་ཟིན་ཡང་རྗེས་འཇུག་ཚོས་ཧུར་ཐག་གནང་བཞིན་འདུག ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བའི་བསླབ་བྱ་ཧ་ཅང་སྐྱོན་བཞིན་ཡོད་སྟབས་ཆོས་ལུགས་ཚང་མ་ད་ལྟའི་དུས་རབས་འདིར་དགོས་མཁོ་ཡོད་པ་ཞིག་རེད།  ང་ཚོས་མཐོང་བ་མངོན་འགྱུར་དང་། ཅུང་ཟད་ལྐོག་འགྱུར། ཤིན་ཏུ་ལྐོག་འགྱུར་ཞེས་བཤད་པའི་ནང་གི་མཐོང་བ་མངོན་འགྱུར་ལ་ཚན་རིག་པས་དཔྱད་པ་ཧ་ཅང་བྱས་ནས་ང་ཚོས་མ་ཤེས་པ་དེ་འདྲ་མང་པོ་ཤོད་བཞིན་འདུག ཕན་རྒྱུ་འདུག ཏག་ཏག་ར་འཕྲོད་རྒྱུ་ཡོང་བཞིན་འདུག མཐོང་བ་མངོན་འགྱུར་ལ་དཔྱད་པ་བྱས་ནས་གཞི་ནས་ཅུང་ཟད་ལྐོག་འགྱུར་ལ་དོ་སྣང་གསར་པ་བསླེབ་རྒྱུ་ཞིག་ཆགས་ཀྱི་འདུག ཅེས་དང་། དུས་རབས་ ༢༡ ནང་དཔལ་ནཱ་ལེནྜའི་ཆོས་རྒྱུད་འདི་དགོས་མཁོ་ཡོད་པ་ཞིག་དང་ཕན་ཐོགས་ཡོད་པ་ཞིག་ཏན་ཏན་ཡིན་སྟབས། ཧི་མ་ལ་ཡི་རི་རྒྱུད་ཀྱི་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་གཞུང་ཆེན་ལ་དོ་སྣང་བྱས་ནས་སློབ་སྦྱོང་བྱེད་བཞིན་ཡོད་པ་དེ་ཧ་ཅང་ཡག་པོ་ཡིན་སྐོར་གསུངས་འདུག

སྐུ་སྒེར་དྲ་བའི་མཛད་འཆར་ལྟར་ན། ཕྱི་ཚེས་ ༡༨ ནས་ ༢༠ བར་དབྱར་ཆོས་ཆེན་པོར་༸ཞབས་སོར་བཀའ་དྲིན་ཆེ་གནང་མཛད་རྒྱུ་དང་། ཕྱི་ཚེས་ ༢༠ ཉིན་བསམ་གཏན་གླིང་དགོན་པར་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་བསྟུན། བདེ་སྐྱིད་དགོན་པའི་གཟིམ་ཆུང་ཕོ་བྲང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་པ་མ་ཟད། ཐེངས་འདིར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཀར་གྷིལ་(Kargil) དང་ཟངས་དཀར་ཁུལ་དུའང་འཁྱུག་ཙམ་རིང་ཆིབས་སྒྱུར་བསྐྱང་འཆར་ཡོད་འདུག

 སངས་རྒྱས་དཀོན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༦ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese