མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་ས་ནས་འབྲུག་གྲགས་ན་རེབ་གོང་ནས་ཆར་བ་གཏོང་།

བོད་ཀྱི་དུས་བབ།
༢༠༡༨/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

ནམ་མཁའ།

གོང་གི་རྩོམ་བྱང་འདི་༡༩༨༧ལོ་མཇུག་ཏུ་རྒྱ་ནག་གི་རྒྱལ་ས་པེ་ཅིན་གཞུང་གི་སྐད་ཆ་ཞིག་རེད།  པེ་ཅིན་གཞུང་གི་སྐད་ཆ་འདི་ཅི་ལྟར་བྱུང་མིན་ནི་ལོ་རྒྱུས་ཅུང་ཟད་རིང་མོ་ཞིག་ཡོད་མོད། འོན་ཀྱང་དེ་རིང་འདིར་སྐབས་དེའི་ངའི་གྲོགས་པོ་དཔའ་ངར་ལྡན་པ་ཞིག་གི་མི་ཚེ་དང་འབྲེལ།  དྲན་ཐོ་ཐུང་ངུ་འདིའི་ནང་དུ་མདོར་བསྡུས་ཞིག་འབྲི་རྒྱུ་ཡིན།  ཉིན་ཤས་སྔོན་བོད་ནང་གི་གྲོགས་པོ་ཞིག་གིས་ཕྲན་དང་མཉམ་དུ་ཡོད་པའི་འདྲ་པར་རྙིང་པ་ཞིག་བསྐུར་སོང་། པར་དེའི་ནང་དུ་ལོ་ཤས་གོང་ནས་དབུགས་བསགས་ཀྱི་ན་ཚ་སྙུང་བཞིན་པའི་གྲོགས་པོ་ཞིག་ཡོད་པ་དེ་འདུག་པས།  ཕྲན་གྱིས་ཁོང་གི་འཕྲོད་བསྟེན་སྐོར་གྱི་གནས་ཚུལ་དྲིས་པ་ཡིན།  བློ་ཡུལ་ལས་འདས་པ་ཞིག་ལ།  དཔའ་ངར་ལྡན་པའི་གྲོགས་པོ་ཁོང་ད་ལོའི་ཧོར་ཟླ་གཉིས་པའི་ནང་ཚེ་ལས་འདས་སོང་ཟེར་པས།  ངའི་མགོ་ནང་དུ་ནག་ཐོམ་མེར་སྐར་ཆ་ཞིག་གི་ནང་དུ་ཅི་ཡང་དྲན་རྒྱུ་མེད་པ་ཞིག་ཏུ་གྱུར་སོང་ལ།  ཕྲན་གྱིས་ཡིད་སྐྱོ་བའི་གནས་ཚུལ་དེ་ཐོས་དུས། གྲོགས་པོ་ཁོང་འདས་ནས་ཟླ་བ་འགའ་ཕྱིན་འདུག་པས།  སྐབས་ཐོག་དེར་ཕྲན་གྱིས་འདས་པོ་ཁོང་གི་ཤུལ་ལུས་དགུང་ལོ་བརྒྱད་བཅུར་སོན་པའི་ཨ་མ་ལགས་དང་།  ཁོང་གི་བཟའ་ཟླ་བུ་ཕྲུག་ནང་མི་སྤུན་མཆེད་ཚོར།  མྱ་ངན་གྱི་འཚམས་འཕྲིན་ཙམ་ཡང་ཞུ་བའི་གོ་སྐབས་ཡང་མ་བྱུང་སྟབས།  སེམས་ཤིན་ཏུ་སྐྱོ་ཡང་བྱ་ཐབས་བྲལ།

འོན་ཀྱང་ངས་དེ་རིང་འདིར་དཔའ་ངར་ལྡན་པའི་གྲོགས་པོ་ཁོང་རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་བ་ཡིན་པའི་སྐབས།  ཁོས་བོད་མི་རིགས་ཀྱི་བདེ་སྡུག་ཆེད་ལས་ཀ་ཅི་ཞིག་བྱས་མིན་དང་།  དེ་དང་འབྲེལ་རྒྱ་ནག་སྲིད་གཞུང་གིས་ཁོང་བཙོན་ཁང་ནང་བཅུགས་པའི་གནས་ཚུལ་སོགས་ཀྱི་ཕྱིར་དྲན་གྱི་འགྲུལ་བཞུད་ཐུང་ངུ་འདི་ནི།  འདས་པོ་ཁོང་གི་ནང་མི་ཤུལ་ལུས་ཨ་མ་ལགས་དང་། ཁོའི་བཟའ་ཟླ་བུ་ཕྲུག་ནང་མི་སྤུན་མཆེད་ཡོངས་ལ་མྱ་ངན་གྱི་འཚམས་འཕྲིན་ཞིག་གི་ཆེད་ཡིན།

དཔའ་ངར་ལྡན་པའི་གྲོགས་པོ་ཁོང་ནི་རེབ་གོང་ལྕང་སྐྱ་ཟེར་བའི་གྲོང་སྡེ་རུ་སྐྱེས་ཤིང་།  རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་བ་བྱས་ཏེ།  ས་དཀྱིལ་ཨ་ཁུ་ཤ་བོ་ཐར་ཟེར་བའི་༥༨ཡར་སྔོན་གྱི་གྲྭ་བ་རྒྱུ་དངོས་ལ་བདག་འཛིན་རྩ་བ་ནས་མེད་པའི་དགེ་སློང་རྣམ་པར་དག་པ་ཞིག་ཡོད་པ་དེའི་དགེ་ཕྲུག་རེད།  ཁོའི་མིང་ལ་ལྕང་སྐྱའི་དགེ་འདུན་རྒྱལ་མཚན་ཟེར།  དེ་རིང་འདིར་ཕོག་ཐུག་འགྲོ་མིན་ལ་མ་ལྟོས་བར་དྲང་མོ་བཤད་ན།  སྐབས་ཐོག་དེར་རྒྱུ་དངོས་ལ་བདག་འཛིན་མེད་པའི་དགེ་སློང་རྣམ་དག་ཞིག་འཇོག་དགོས་ཚེ།  ས་དཀྱིལ་ཨ་ཁུ་ཤ་བོ་ཐར་ལས་གཞན་དགེ་སློང་ཞིག་རྙེད་པར་དཀའ་བ་ནི་དངོས་བོའི་གནས་ཚུལ་ཡིན་རྒྱུ་རེད་སྙམ།  ཕྲན་གྱིས་དང་པོ་ལྕང་སྐྱའི་དགེ་འདུན་རྒྱལ་མཚན་ཁོང་ཅི་ལྟར་ངོ་ཤེས་མིན་དང་གྲོགས་པོ་ཅི་ལྟར་གྱུར་མིན་གསལ་བོར་ཞིག་མི་དྲན་མོད། འོན་ཀྱང་ཕལ་ཆེར་རྒྱལ་བ་སྨིན་དྲུག་པ་ལྟ་བུའི་ཆོས་འདུལ་ཁྲིམས་ཀྱི་ཉེས་པ་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་བའི་དགེ་བའི་བཤེས་གཉེན་ཆེན་མོ།  འཇའ་མོ་ཨ་ཁུ་ཚང་དགེ་འདུན་ཆོས་འཕེལ་ལམ་ཨ་ཁུ་སྙིང་དཀར་ཚང་གི་སྐུ་མདུན་ནས་བསྡུས་གྲྭ་མཉམ་དུ་ཁྲིད་དུས་ང་ཚོ་མཉམ་དུ་ཡིན་སྙམ། དགེ་བའི་བཤེས་གཉེན་དམ་པ་འདི་ཚང་སྐབས་དེའི་རོང་བོ་དགོན་ཆེན་གྱི་གྲྭ་བ་རྒན་གཞོན་ཚང་མས་གཙིགས་སུ་བཀུར་ཡུལ་ཞིག་རེད།

གང་ལྟར་ཡང་དེ་ནས་བཟུང་རིམ་གྱིས་ངོ་ཤེས་ཆོས་གྲོགས་ཞིག་ནས།  ཕན་ཚུན་གྱི་སེམས་རྒྱུད་ཤེས་བའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཏུ་གྱུར་ཏེ་ཁོའི་གྲྭ་ཤག་ཏུ་རྒྱུན་ཏུ་འགྲོ་གི་ཡོད།  ཁོའི་ཤག་གི་དགེ་རྒན་ཨ་ཁུ་ཤ་བོ་ཐར་ནི་གཤིས་རྒྱུད་འཇམ་ཞིང་སེམས་རྒྱུད་བཟང་བོའི་དགེ་སློང་ཞིག་ཡིན་པ་གོང་དུ་ཞུས་པ་ལྟར།  མགྲོན་པོ་སེར་སྐྱ་སུ་ཞིག་ཁོའི་གྲྭ་ཤག་ཏུ་སོང་ཚེ།  གྲྭ་ཤག་དེར་ཟ་མ་གང་ཡོད་པ་རྣམས་མགྲོན་པོའི་མདུན་དུ་བཞག་སྟེ་ཨུ་ཚུགས་ཀྱིས་ཟ་རུ་འཇུག་ལ།  གལ་སྲིད་མགྲོན་པོས་འཚེར་སྣང་གིས་མ་ཟོས་ཚེ།  ཨ་ཁུ་ཤ་བོ་ཐར་ཁོང་གི་སེམས་སྐྱིད་པོ་མི་འདུག་ཅེས་མགྲོན་པོ་ངོ་ཤེས་ཡིན་མིན་ལ་ཁྱད་མེད་པར་དངོས་སུ་གསུངས་ཀྱི་ཡོད་པས།  ང་རང་ལྟ་བུ་གྲྭ་རྐྱང་ཉམས་ཆུང་མང་པོ་ཞིག་གི་འཚོ་བའི་དཀའ་སྡུག་སེལ་ས་ཞིག་ཏུ་གྱུར་ཡོད།   རིམ་གྱིས་འདས་པོ་ལྕང་སྐྱའི་དགེ་འདུན་རྒྱལ་མཚན་ཁོ་རང་ཡང་ཁོའི་ཤག་གི་དགེ་རྒན་ཨ་ཁུ་ཤ་བོ་ཐར་གྱི་གོམས་གཤིས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ། སྐབས་དེའི་རོང་བོ་དགོན་ཆེན་གྱི་གྲྭ་བ་ཚོས་ལྕང་སྐྱའི་དགེ་འདུན་རྒྱལ་མཚན་ཡང་།  རང་གཤིས་བརྟན་ལ་སེམས་རྒྱུད་བཟང་བོའི་གྲྭ་བ་ཡ་རབ་ཞིག་ཏུ་བརྩི་གི་ཡོད།

ད་ནི་གོང་གི་རྩོམ་བྱང་དེ་ཅི་ལྟར་བྱུང་མིན་གྱི་བརྗོད་བྱ་དངོས་སུ་འཇུག་འདོད་པས།  ༡༩༨༧ལོའི་མཇུག་ཙམ་ལ།  རོང་བོ་དགོན་ཆེན་གྱི་གྲྭ་བ་གཞོན་པ་ཚོས་གླེང་གཞི་ནི།  ལྷ་ས་ནས་ཁྲོམ་སྐོར་བྱས་ཏེ་བོད་མི་སེར་སྐྱ་མང་པོ་དམར་གསོད་བཏང་བའི་གནས་ཚུལ་རེད།  དེང་སང་བཞིན་དྲ་རྒྱའི་དུས་རབས་མིན་སྟབས།  གནས་ཚུལ་ཇི་མ་ཅི་བཞིན་ཤེས་ཐུབ་ཀྱི་མེད་ན་ཡང་། ང་ཚོའི་རྣ་ལམ་དུ་དངོས་སུ་ཐོས་ཡོང་པ་ནི། མཚོ་སྔོན་རྒྱང་སྒྲོགས་ལས་ཁུང་དང་རྒྱ་ནག་གི་བརྙན་འཕྲིན་ནང་།  ཏྰ་ལའི་རུ་ཚོགས་ཀྱིས་ངན་སྐུལ་བྱས་ཏེ་ཁ་བྲལ་རིང་ལུགས་པ་སྐོར་ཞིག་གིས་ཁྲོམ་སྐོར་བྱས་ཚུལ་སོགས་ཀྱི་སྐྱོན་བརྗོད་ཀྱི་ཚིག་ཁོ་ན་རེད།

སྐབས་ཐོག་དེར་ང་ཚོ་ལོ་ཉི་ཤུ་ཡས་མས་ཟིན་ཙམ་ཡིན་སྟབས། སློབ་སྦྱོང་དང་ཉམས་མྱོང་སོགས་ཕྱོགས་གང་ཅིའི་ཐད་ནས་ཧ་ཅང་ཤེས་ཚད་སྐྱོ་བོ་རེད།  ང་ཚོས་ཆབ་སྲིད་ཀྱི་ཚིག་ཞིག་ཤེས་པ་ནི་བོད་རང་བཙན་དང་མི་རིགས་ཀྱི་ལ་རྒྱ་ཟེར་བའི་ཚིག་འདི་གཉིས་རེད།  དེ་རིང་ཁ་ཕྱིར་འཁོར་ནས་བསམ་བློ་གཏོང་དུས་དགོད་བྲོ་བ་ཞིག་ལ།  མཚོ་སྔོན་རྒྱང་སྒྲོགས་ལས་ཁུང་ལ་ཉན་དུས་ཏྰ་ལའི་བླ་མ་ཞེས་བའི་ཚིག་འདི་ཐོས་ཚེ་ཡང་།  མཐོང་ཆུང་གི་ཚིག་ཞིག་ཏུ་སྣང་སྟེ་མ་སྐྱིད་པ་བྱུང་མྱོང་ཡོད།

དེ་ལྟ་ན་ཡང་།  དགུན་དུས་ཀྱི་གྲང་ངར་ཆེ་བའི་ཞོགས་པ་ཞིག་ལ།  རོང་བོ་དགོན་ཆེན་གྱི་ཐོས་བསམ་གླིང་གྲྭ་ཚང་གི་ཆོས་གྲྭའི་མདུན་གྱི་ཨར་འདམ་གྱིས་བཟོས་བའི་གློག་སྡོང་ཞིག་ཡོད་པ་དེའི་ངོས་སུ་སྦྱར་ཡིག་ཞིག་སྦྱར་ཡོད་པ་ཐོས།   ཡིན་ན་ཡང་ང་རང་བལྟ་རུ་འགྲོ་དུས་སྦྱར་ཡིག་དེ་སྲིད་གཞུང་གིས་བཀོག་སྟེ།  བཀོག་ཤུལ་དུ་ཤོག་སྣེ་སྲེན་མོ་ལྟ་བུ་ལས་ཅི་ཡང་མཐོང་མ་སོང་ལ།  ཡི་གེ་ནང་ཅི་ཞིག་བྲིས་ཡོད་པ་ཡང་མ་ཤེས།  དེའི་ཉིན་གྱི་ཕྱི་དྲོ་གོ་ཐོས་ཞིག་ལ།  དགོན་པའི་འདབ་འབྲེལ་དུ་ཡོད་པའི་རྨ་ལྷོ་དགེ་ཐོན་སློབ་གྲྭ་དང་།  དགུ་ཆུའི་ཕ་རོལ་གྱི་འཇའ་མོའི་ཀོན་མཐུལ་དུ་ཆགས་པའི་རེབ་གོང་མི་རིགས་སློབ་འབྲིང་གཉིས་ཀྱི་ནང་དུ་ཡང་།  སྦྱར་ཡིག་གཅིག་མཚུངས་ཞིག་སྦྱར་བའི་གནས་ཚུལ་ཐོས།  ཡིན་ན་ཡང་གོང་ལྟར་ཡི་གེའི་ནང་ཅི་ཞིག་བྲིས་ཡོད་པ་དེའི་ཉིན་མོར་མ་ཤེས་ཡང་།  དུས་ཚོད་རིམ་འདས་ཀྱིས་སྦྱར་ཡིག་ནང་བྲིས་བའི་གནས་ཚུལ་རྣམས་རྣ་ལམ་དུ་གྲགས་ཡོང་པ་ནི།  ༡༩༥༨ནས་བཟུང་། རྒྱ་ནག་གུང་ཁྲན་ཏང་གིས་བོད་མི་ཅི་ཙམ་བསད་པའི་གྲངས་ཀ་དང་། དགོན་པ་གཏོར་བཤིགས་བཏང་བའི་གྲངས་ཀ་སོགས་ཀྱི་གནས་ཚུལ་རེག་བསྡུས་ཞིག་བྲིས་ཏེ།  ཡི་གེ་མཇུག་མཐར་རེབ་གོང་བོད་སྐྱོབ་གཞོན་ནུ་ཚོགས་པ་ནས་བྲིས་འདུག་ཟེར་བ་ཐོས་པ་ལས།  ང་རང་ཉིད་ཀྱིས་ཡི་གེ་དེ་དངོས་སུ་མཐོང་མ་མྱོང་པས།  དེ་རིང་ད་རུང་ཡང་ཡི་གེའི་ནང་ཇི་མ་ཅི་བཞིན་ཅི་ཞིག་བྲིས་ཡོད་པ་ངས་གསལ་བོ་མི་ཤེས།

གང་ལྟར་ཡང་།  སྦྱར་ཡིག་དེ་སྦྱར་བའི་གནས་ཚུལ་བྱུང་སྟེ་ཉིན་ཤས་རྗེས།  རེབ་གོང་མི་རིགས་སློབ་འབྲིང་གི་སློབ་མ་ཚོས་ཞོགས་པའི་སློབ་ཁྲིད་ལ་མ་འཚོགས་པར་ཞི་བའི་སྐད་འབོད་བྱས་ཏེ།  རེབ་གོང་ཁུལ་ཐོག་གི་ས་གནས་སྲིད་གཞུང་ལས་ཁུང་ནང་དུ་སོང་བའི་གནས་ཚུལ།  དེའི་ཕྱི་དྲོ་ཕལ་ཆེར་དུས་ཚོད་༢དང་༣ཡས་མས་ཙམ་ལ་ཐོས།  སྐབས་དེར་གྲྭ་བ་འགའ་དང་མཉམ་དུ་ཁུལ་ཐོག་ཏུ་སྔོ་ཚོད་ཉོ་རུ་ཕྱིན་དུས།  གང་སར་མཉམ་འཇོག་ཡག་པོ་བྱས་ཀྱང་ཁུལ་ཐོག་ནི་སྔར་ལྟར་འཇམ་ཐིང་ངེར་འདུག་པས།  དུས་ཐོག་དེར་དགོན་པའི་གྲྭ་བ་ཚོས་ཐོས་བའི་གནས་ཚུལ་དཀྲོགས་གཏམ་ཞིག་རེད་སྙམ་པ་ལས་ཡིད་ཆེས་མ་བྱུང་མོད།  འོན་ཀྱང་དེའི་ཕྱི་ཉིན་རེབ་གོང་སེར་སྐྱ་ཡོངས་ཀྱི་གླེང་གཞི་ནི།  རེབ་གོང་མི་རིགས་སློབ་འབྲིང་གི་སློབ་མ་ཚོས་ཞི་བའི་ཁྲོམ་སྐོར་བྱས་བའི་གནས་ཚུལ་རེད།

ད་དུང་མི་རིགས་འདྲ་མཉམ་མེད་པའི་གནས་ཚུལ་སྟེ།  རེབ་གོང་རྫོང་ཐོག་སྐར་མ་ཐང་དུ་ཆགས་ཡོད་པའི་རྒྱ་རིགས་སློབ་ཆུང་ཞིག་ཡོད་པ་དེའི་སློབ་མའི་མཐུན་རྐྱེན་དང་།  མི་རིགས་སློབ་འབྲིང་གི་སློབ་མ་ཚོའི་མཐུན་རྐྱེན་དང་བསྡུར་ནས་བསམ་འཆར་བཤད་ཚུལ་སོགས་གླེང་གི་འདུག་ཟེར་བ་མ་གཏོགས་གཞན་གང་གི་སྐོར་བསམ་འཆར་བཤད་ཡོད་པ་མ་ཐོས་ལ།  དེ་རིང་ད་དུང་ཡང་ངས་གསལ་བོར་མི་ཤེས།

སྐབས་དེ་འདྲ་ཞིག་ལ་རོང་བོ་དགོན་པའི་གྲྭ་བ་ཚོའི་སེམས་ཤུགས་ཀྱི་མེ་ལྕེ་དགུང་ལ་འཕྱུར་ཞིང་། ཚོགས་དང་ཆོས་གྲྭར་གང་ལ་ཚོགས་ཀྱང་། གྲྭ་བ་ཚོས་གླེང་རྒྱུ་ནི་བོད་དོན་དང་མི་རིགས་སློབ་འབྲིང་གི་སློབ་མ་ཚོའི་སྙིང་སྟོབས་དང་ལ་རྒྱ་རེད།   དགོན་པའི་གྲྭ་གཞོན་ཕལ་ཆེ་བའི་གླེང་བཞིན་པའི་འདོད་ཚུལ་གཅིག་མཚུངས་སྟེ།  དགོན་པའི་གྲྭ་བ་ཚོ་ཡང་འདི་ལྟར་ལྟད་མོ་བལྟས་ནས་མི་སྡོད་པར་ཞི་བའི་སྐད་འབོད་བྱེད་རྒྱུ་དེ་རེད།   ཉིན་ཞིག་ཉིན་གུང་གི་ཚོགས་ལ་འཚོགས་གྲབས་ཡོད་པའི་སྐབས་དེར། སྤྱིར་བཏང་ཚོགས་ལ་ཚོགས་ཆེན་འདུ་ཁང་ཀ་བརྒྱའི་མའི་འཚོགས་དགོས་མོད། འོན་ཀྱང་ མི་སུས་ཀྱང་སྐུལ་བརྡ་མ་རྒྱབ་པར་རང་འགུལ་གྱིས་གྲྭ་གཞོན་ཕལ་ཆེ་བར་དགོན་པའི་མཁར་སྒོའི་འགྲམ་དུ་འཛོམས་འདུག་པ་མ་ཟད།  དེ་གར་གྲྭ་གཞོན་ཚོ་ཟང་ཟིང་ལྟ་བུ་ཞིག་གྱུར་འདུག་ལ།  འདས་བོ་སྤྱང་སྐྱའི་དགེ་འདུན་རྒྱལ་མཚན་དཔའ་ངར་ལྡན་ཞིང་། སྙིང་སྟོབས་ཆེན་པོའི་སྒོ་ནས་སྐད་ཆ་བཤད་ཀྱི་ཡོད་པ་ཐོས་མོད། འོན་ཀྱང་ཚིག་འདི་འདྲ་ཞིག་བཤད་སོང་སྙམ་པ་ཞིག་དེ་རིང་ངའི་དྲན་ངོགས་སུ་མི་འདུག་པས་འདིར་འགོད་ཐུབ་མ་སོང་།

གང་ལྟར་ཡང་།  རོང་བོ་དགོན་པའི་གྲྭ་གཞོན་ཚོ་གཞུང་ལམ་སྟེང་བུད་སྟེ།  གོམས་པ་འགའ་སྤོས་བའི་མཚམས་སུ་ངེད་ཅག་གི་རྩ་བའི་བླ་མ་གསེར་ཁྲི་རྡོ་རྗེ་འཆང་ཚང་གི་གཉེར་བ་ཨ་ཁུ་སྒོ་མེ་ལགས།  གང་ཞིག་ནས་ཕེབས་པ་ཡང་མ་ཤེས་བར་ཁོའི་ལག་ཏུ་ཁ་བཏགས་དཀར་པོ་ཞིག་བཟུང་སྟེ།  ང་ཚོའི་མདུན་དུ་སླེབས་ནས་བཀག་སྟེ།  གསེར་ཁྲི་རྡོ་རྗེ་འཆང་ཚང་དང་རེབ་གོང་མི་དམངས་སྤྱི་ལ་ཐུགས་སེམས་ཞིག་བཞེས་རོགས།  དེ་རིང་འདི་ལྟར་སོང་ན་དོན་རྐྱེན་ཆེན་པོ་འབྱུང་ངེས་ཡིན་པས། རེབ་གོང་མི་དམངས་དང་གསེར་ཁྲི་རྡོ་རྗེ་འཆང་ཚང་ལས་སླ་བོ་འདུག་ཐབས་ཡོད་ནི་མ་རེད་ཞེས་གསུངས་ཞོར་དུ།  ཁོའི་ལག་གི་ཁ་བཏགས་ངའི་ལག་ཏུ་འཇོག་བར་དུ་ང་རང་གྲྭ་མང་གི་མདུན་དུ་ཅི་ལྟར་སླེབས་ཡོད་པ་ཡང་མ་ཤེས་ལ།  དེ་བར་དུ་ངའི་འགྲམ་དུ་ཡོད་པའི་དེང་སང་དགའ་བྱང་ཀླུ་འབུམ་དུ་བཞུགས་པའི་དགེ་བཤེས་ལྷ་རམས་པ་ཆོས་གྲགས་ལགས་ཡོད་པ་ཡང་དོན་སྣང་འབྱུང་མི་འདུག

སྐབས་ཐོག་དེའི་གྲྭ་བ་རྒན་གཞོན་ཡོངས་ཀྱིས་སེམས་ནས་བཅོས་མིན་གྱི་དད་གུས་ཞུ་ཡུལ་ཉག་གཅིག་ཡོད་པ་ནི་གསེར་ཁྲི་རྡོ་རྗེ་ཚང་ཡིན་ལ།  གཉེར་བ་ཨ་ཁུ་སྒོ་མེ་ཡང་བླ་མའི་བླ་བྲང་ལས་རོང་བོ་དགོན་པ་སྤྱི་བསམ་མཁན་ཞིག་ཡིན་སྟབས། རོང་བོ་དགོན་པའི་གྲྭ་བ་རྒན་གཞོན་ཚོས་བརྩི་བཀུར་ཞུ་ཡུལ་ཞིག་ཡིན།  མཚམས་དེ་འདྲ་ཞིག་ལ་གྲྭ་གཞོན་ཡོངས་བྲོས་ནས་དགོན་པའི་རྒྱབ་ཀྱི་གླིང་སྐོར་ལམ་དུ་འགྲོ་གི་འདུག་པས།  ང་རང་ཡང་རི་བོང་ཅལ་འདྲོགས་ལྟར་གྲྭ་བ་ཚོས་རྗེས་དེད་ནས་བྲོས་པ་ཡིན་མོད། འོན་ཀྱང་ལྷ་མོ་ཁང་གི་རྒྱབ་ལོགས་སུ་ཚོགས་ཆེན་དགེ་བསྐོས་དང་གྲྭ་བ་རྒན་པ་འགས་བཀག་འདུག  རྗེས་ནས་ཤེས་གསལ་ལ།  དགོན་པའི་མཁར་སྒོའི་གཞུང་ལམ་སྟེང་གྲྭ་བ་ཚོའི་མདུན་བཀག་པའི་དུས་དེར་ཚོགས་ཆེན་དགེ་བསྐོས་ཡང་སླེབས་པས་།  གྲྭ་བ་ཚོ་བྲོས་ནས་དགོན་པའི་རྒྱབ་ཀྱི་གླིང་སྐོར་བརྒྱུད་ས་དཀྱིལ་སྡེ་འདབ་ནས་མར་ཁུལ་ཐོག་ཏུ་སྐད་འབོད་བྱེད་དུ་འགྲོ་རྩིས་བྱས་པ་རེད་ཟེར་བ་ཤེས།  གང་ལྟར་ཡང་། དེའི་ཉིན་མོ་རོང་བོ་དགོན་པའི་གྲྭ་བ་ཚོ་ས་གནས་སྲིད་གཞུང་གི་ལས་ཁུང་བར་དུ་སྐད་འབོད་དུ་འགྲོ་ཐུབ་མེད།  ཡིན་ན་ཡང་རྗེས་ནས་རེབ་གོང་ཁུལ་དུ་ཁྱབ་བརྡལ་ཕྱིན་པའི་སྐད་ཆ་ཞིག་སྟེ།   དེའི་ཉིན་མོ་རེབ་གོང་ཁུལ་ཐོག་ཏུ་དམག་སྒར་ཆེན་པོ་ཞིག་ཡོད་པའི་དམག་མི་ཚོས། ལག་ཏུ་མཚོན་ཆ་དང་བཀྱིག་བྱེད་ཀྱི་ཐག་པ་སོགས་བཟུང་སྟེ། དགོན་པའི་མདུན་གྱི་གཞུང་ལམ་ཆེན་མོ་དང་ཁུལ་ཐོག་གི་ས་མཚམས་དེར་སྒུགས་ཡོད་པ་མཐོང་འདུག

དགོན་པའི་གནས་ཚུལ་དེ་བྱུང་བའི་ཉིན་ཤས་རྗེས་སུ།  རོང་བོ་དགོན་པ་དང་འདབ་འབྲེལ་དུ་ཡོད་པའི་རྨ་ལྷོ་དགེ་ཐོན་སློབ་གྲྭའི་སློབ་མ་ཚོས་ཞོགས་པ་ཞིག་ལ་སྐད་འབོད་བྱས་ཏེ། རེབ་གོང་ཁུལ་ཐོག་ཏུ་ཕྱིན་པ་རེད་ཟེར་བ་ལས།  དགེ་ཐོན་སློབ་གྲྭའི་སློབ་ཕྲུག་ཚོ་ལས་ཁུང་གང་གི་ནང་དུ་སོང་བ་དང་སྐད་ཆ་ཅི་ཞིག་བཤད་པ་ཡང་མ་ཤེས་ལ།  དེ་རིང་ད་དུང་ཡང་ངས་གསལ་བོ་ཤེས་མེད།  ཡིན་ན་ཡང་།  རོང་བོ་དགོན་པའི་ཆོས་ཕྱོགས་ཀྱི་མཛད་རིམ་རྣམས་སྔོན་ལྟར་འགྲོ་བཞིན་ཡོད།

ངའི་གོམས་གཤིས་ལྟར་མཚན་མོ་དཔེ་ཆ་བལྟ་གི་ཡོད་སྟབས།  ལེགས་བཤད་གསེར་ཕྲེང་གི་སྐབས་དང་པོར་ཀློག་བཞིན་པའི་སྐབས་སུ།    ངའི་གྲྭ་ཤག་གི་རྒྱབ་ལོགས་སུ་སྐད་དམའ་མོའི་སྒོས་ང་རང་འབོད་ཀྱི་ཡོད་པ་ཞིག་ཐོས།  ང་རང་ཕྱི་ལོགས་སུ་ཕྱིན་དུས་བྲག་དཀར་དགེ་འདུན་གྲགས་པ་རེད།  ཁོས་ཕྲན་ལ་སྤྱང་སྐྱའི་དགེ་འདུན་རྒྱལ་མཚན་དང་ཆུ་སྐྱེས་དཔལ་བཟང་གཉིས་འཛིན་བཟུང་བྱས་ཏེ་ཁྲིད་སོང་ཟེར།  དེ་ཡིན་ན་ང་རང་ཁོང་གཉིས་ཀྱི་གྲྭ་ཤག་ལ་བལྟ་རུ་འགྲོ་གི་ཡིན་ལབ་དུས།  ད་ཁྱོད་མ་འགྲོ་ད་རུང་ཉེན་རྟོག་པ་འགའ་ཤས་འདུག་ཁྱེད་རང་ཡང་འཛིན་བཟུང་བྱེད་སྲིད་ཟེར་པས།  དྲང་མོ་བཤད་ན།  ང་རང་ཡང་སེམས་ནས་ཅུང་ཟད་སྐྲག་སྣང་བྱུང་སོང་མོད། འོན་ཀྱང་ང་རང་སྦྱར་ཡིག་དེ་ལ་འབྲེལ་བ་ཅི་ཡང་མེད་ལ།  སྦྱར་ཡིག་དེ་སུས་སྦྱར་བ་དང་ཡི་གེ་འབྲི་མཁན་སུ་ཡིན་ཅི་ཡང་མི་ཤེས་ན་ཡང་། དེའི་མཚན་མོ་དེར་རྔམ་སྐྲག་བྱུང་བའི་ཚོར་སྣང་།  དེ་རིང་ད་རུང་ཡང་ངའི་སེམས་སུ་གསལ་བོར་དྲན་གྱི་འདུག་ལ།  དེ་རིང་ཁ་ཕྱིར་འཁོར་ནས་བསམ་བློ་གཏོང་དུས།  དགོད་བྲོ་ལ་ངུ་ཡང་བྲོ་བའི་བྱིས་པ་བསམ་མེད་ཞིག་གི་སྐད་ཆ་ངས་ཁོ་ལ་འདི་ལྟར་བཤད།    ཁྱོད་འདིར་དགོན་པའི་ནང་ཡིབ་ནས་སྡོད་པ་ལས།  དགོན་པའི་རྒྱབ་རིའི་ཕྱོགས་ཀྱི་གྲོང་སྡེ་དོར་ཉིན་ཕྱོགས་སུ་བྲོས་ཤོག་ལབ་པས།  ཅི་འདྲའི་དགོད་བྲོ་བ་ཞིག་མ་རེད་དམ། དེ་དུས་ངས་ད་རུང་དཔའ་ངར་ལྡན་པའི་འདས་བོ་སྤྱང་སྐྱའི་དགེ་འདུན་རྒྱལ་མཚན་དང་རེབ་གོང་ཡུལ་སྐོར་ཟིན་ཐོ་དང་ཙོང་ཁ་བའི་ཞབས་རྗེ་འཚོལ་བ་ཟེར་བའི་དཔེ་དེབ་གཉིས་རྩོམ་མཁན་ཆུ་སྐྱེས་དཔལ་བཟང་གཉིས་འཛིན་བཟུང་བྱེད་དགོས་བའི་རྒྱུ་མཚན་ཡང་ཤེས་ཀྱི་མེད་ལ།  ཅི་ཞིག་ལ་བྲག་དཀར་དགེ་འདུན་གྲགས་པ་ཁོ་རང་བྲོས་ནས་འགྲོ་ཤོག་ལབ་དགོས་དོན་ཡང་ངས་མི་ཤེས།  ངས་དེ་རིང་ཡང་བསམ་བློ་འཁོར་ཐུབ་ཀྱི་མི་འདུག  དེའི་མཚན་མོ་འཛིན་བཟུང་བྱས་བའི་གྲྭ་་བ་དེ་གཉིས་དང་བྲག་དཀར་དགེ་འདུན་གྲགས་པ་གསུམ་ར་སྐོར་གཅིག་གི་ནང་བསྡད་ཡོད།

སྐབས་ཐོག་དེར།  རོང་བོ་དགོན་པའི་ནང་གྲྭ་ཤག་དེང་སང་བཞིན་མ་ཡིན་པར།  རིག་གནས་གསར་བརྗེ་སྐབས་རོང་བོ་དགོན་པ་ཆ་ཚང་གཏོར་བཤིགས་བཏང་རྗེས་སུ།  རྒྱ་ནག་སྲིད་གཞུང་གིས་ལས་ཁུང་གི་ལས་ཤག་རྒྱ་ཁང་ཁང་ལེབ་མང་པོ་རྒྱབ་ཡོད་པའི་ནང་གྲྭ་བ་ཆ་ཚང་རྒྱ་ཁང་ནང་བསྡད་ཡོད་ལ། ང་རང་ཡང་རོང་བོ་དགོན་པའི་གྲྭ་བ་སུ་ཡང་བསྡད་འདོད་མེད་པའི་རྒྱ་ཁང་ཐེབས་ཆགས་ཞིག་སྟེ། རེབ་གོང་གི་གནམ་གཤིས་ཡག་པོ་མེད་དུས་ནམ་མཁའི་སྤྲིན་ནག་གཏོར་བྱེད་ཀྱི་འགད་རྫས་འཇོག་སའི་ནང་བསྡད་ཡོད།   སྤྱིར་རོང་བོ་དགོན་པར་ཐོས་བསམ་གླིང་གྲྭ་ཚང་དང་རྒྱུད་སྨད་གྲྭ་ཚང་དུས་འཁོར་གྲྭ་ཚང་བཅས་གདན་ས་གསུམ་ཡོད་ལ།  རྒྱ་ནག་གིས་གཏོར་བཤིགས་བཏང་རྗེས་སུ་འདུ་ཁང་སྟོང་པ་ལྷག་ཡོད་པ་ནི།  ཐོས་བསམ་གླིང་གྲྭ་ཚང་གི་འདུ་ཁང་དང་ཚོགས་ཆེན་འདུ་ཁང་ཀ་བརྒྱ་མ་གཉིས་ལུས་པ་རེད།  མཚན་ཉིད་གྲྭ་ཚང་གི་འདུ་ཁང་ནང་རྨ་ལྷོ་ཆུ་གློག་ལས་ཁུང་གི་འཕྲུལ་ཆས་འཇོག་ས་དང་། ཚོགས་ཆེན་འདུ་ཁང་ནང་ཞིང་ཁར་རྒྱག་ཡ་ལུད་རྫས་འཇོག་ས་བཟོས་འདུག་པས།  ཚོགས་ཆེན་འདུ་ཁང་ནང་ད་རུང་ཡང་སྐབས་རེ་ལུད་སྨན་གྱི་དྲི་ངན་ཐུལ་ཡོང་གི་ཡོད།

དགོན་པའི་ནང་རྒྱ་ནག་གི་ལས་ཁུང་ཆེན་པོ་གཉིས་ཡོད་པ་སྟེ།  གཏེར་ཁ་སྔོགས་འདོན་གྱི་ལས་ཁུང་དང་། ལམ་བཟོ་རུ་ཁག་གི་ལས་ཁུང་གཉིས་རེད།  ད་རུང་རྡོ་སོལ་བཙོང་ས་སོགས་བཟོས་ཡོད་ལ།  གྲྭ་ཚང་ཆོས་རའི་ནང་དུད་འགྲོའི་རུས་པ་དང་པགས་པ་ལྕགས་རིགས་སོགས་ཉོ་ཚོང་བྱེད་སའི་ལས་ཁུང་བཟོས་འདུག ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་དགོན་པའི་ནང་གི་སྐུ་གསུང་ཐུགས་རྟེན་རྣམས་ས་གནས་གང་ཞིག་ལ་ཁྱེར་སོང་བ་དང་།  ཉིན་ག་ཚོད་ཞིག་ལ་དབོར་འདྲེན་བྱས་པ་ངས་ད་རུང་ཡང་མི་ཤེས་ལ།  གྲྭ་བ་རྒན་པ་ཚོར་དྲིས་ཀྱང་མ་མྱོང་།   དེང་སང་རོང་བོ་དགོན་པ་ཁྲ་ལམ་ལེར་དད་ལྡན་རྣམས་ཀྱི་དྭངས་པ་འདྲེན་པའི་ཞིང་ས་རུ་གྱུར་བ་འདི་ནི།  རེབ་གོང་མི་དམངས་ཀྱིས་དད་སྟོབས་ཀྱིས་འཛུགས་སྐྲུན་བྱས་པ་ཞིག་ཡིན་པ་ལས།  ང་རང་རོང་བོ་དགོན་པར་ཡོད་དུས། རྒྱ་ནག་སྲིད་གཞུང་གིས་རོགས་སྐྱོར་མ་བྱས་སྟབས་དགོན་པའི་གྲྭ་བ་ཚོས་སྲིད་གཞུང་ལ་ངོ་རྒོལ་བྱས་རྐྱེན་གྱི་རྩ་བ་གཅིག་འདིར་ཐུག་ཡོད།

གང་ལྟར་ཡང་། བྲག་དཀར་དགེ་འདུན་གྲགས་པ་ནི་རྒྱུན་ཏུ་གདོང་ལ་འཛུམ་གྱིས་ཁེངས་ཤིང་། གཤིས་རྒྱུད་འཇམ་པའི་གྲྭ་བ་ཉམ་ཆུང་ཡ་རབ་ཞིག་ཡིན་ལ།  འདས་པོ་སྤྱང་སྐྱ་དགེ་འདུན་རྒྱལ་མཚན་དང་ཆུ་སྐྱེས་དཔལ་བཟང་ཁོང་གསུམ་གྲོགས་པོ་ཡིན་པ་མ་ཟད།  དགེ་སློང་ཆོས་གྲོགས་ཡང་རེད།  ཁོ་རང་འགྲོ་ཁར་ང་ལ་ཁྱེད་རང་དོ་དགུང་ཤག་འདིར་མ་འདུག་གསུངས་ཏེ་ཁོ་རང་ཕྱིར་ཕྱིན་སོང་མོད།  འོན་ཀྱང་ཁོའི་ཤག་ཏུ་སོང་པ་ཡིན་ནམ་གཞན་ཞིག་ཏུ་སོང་བ་ངས་ད་རུང་མི་ཤེས།   དེའི་མཚན་མོར་ང་རང་ཡང་ཁོས་བཤད་པ་ལྟར་རང་གི་ཤག་ཏུ་སྡོད་མ་ནུས་པར་གྲྭ་ཤག་གཞན་ཞིག་ཏུ་སྐྱབས་བཅོལ་དུ་ཕྱིན་པ་ཡིན།  ངའི་ད་རུང་ཡང་ཡིད་ལ་གསལ་བོར་ཞིག་དྲན་པ་ནི།  དེའི་མཚན་གོང་བོར་ཁོང་གཉིས་འཛིན་བཟུང་བྱེད་དགོས་བའི་རྒྱུ་མཚན་ཅི་ཞིག་ཡིན་མིན་སྐོར་ལ་བསམ་གཞིགས་བྱས་ཏེ།  མཚན་གང་བོར་གཉིད་ཐུབ་མ་སོང་ཡང་རྒྱུ་མཚན་འདི་དང་གན་ཟེར་བ་ཞིག་ལ་དོགས་པ་བྱེད་གཞི་ཞིག་མ་རྙེད།  གལ་སྲིད་དགོན་པའི་གཞུང་ལམ་སྟེང་སྐད་འབོད་དུ་སོང་བ་ནི་ཁོ་གཉིས་གཅིག་པོ་མ་ཡིན་པར་རོང་བོ་དགོན་པའི་གྲྭ་བ་༣༠༠ཡས་མས་ཞིག་ཡོད་པ་ཆ་ཚང་སོང་ཡོད་ངེས།

ཞོགས་པ་སྔ་བོ་ཉི་རྩེ་དགོན་པའི་ནང་རྒྱབ་པའི་དུས་རང་ཤག་ཏུ་སོང་སྟེ།  ཉེན་རྟོག་པ་རྣམས་ང་རང་བཙལ་རུ་ཡོང་ཡོད་མེད་ལ་ཞིབ་བལྟ་བྱས་ཀྱང་ཡོང་མེད་པ་གསལ་བོར་ཤེས་ཐུབ།  དེ་ནས་ཅང་མ་འགོར་བར་དེང་སང་དགའ་བྱང་ཀླུ་འབུམ་དུ་བཞུགས་པའི་དགེ་ལྷ་རམས་པ་དགེ་བཤེས་ཆོས་གྲགས་ལགས་ངའི་སར་འོང་སྟེ།  འདས་པོ་སྤྱང་སྐྱའི་དགེ་འདུན་རྒྱལ་མཚན་དང་དཔལ་བཟང་གཉིས་འཛིན་བཟུང་བྱས་བའི་གནས་ཚུལ་ཙམ་གསུངས་ཏེ།  གང་ཞིག་ཏུ་ཁྲིད་ཡོད་མེད་ལ་བལྟ་རུ་འགྲོ་གལ་སྲིད་ཤེས་ཚེ།  ཁོང་གཉིས་ལ་ཟ་མ་དང་དགུན་དུས་ཀྱི་གོན་ཆས་སྣོན་མ་ཞིག་སྤྲོད་དགོས་རྒྱུ་རེད་ཟེར།  དེ་མིན་ལུས་ལ་གང་ཞིག་མནབས་ཡོད་པ་དེ་ལས་ཅི་ཡང་ཁྱེར་ཐུབ་མེད་པས།   ངེད་གཉིས་ཁུལ་ཐོག་གི་ཆོས་ལུགས་ཅུའུ་ལས་ཁུང་ལ་འདྲི་རུ་ཕྱིན་དུས།  ཆོས་ལུགས་ཅུའུ་ཡི་ལས་བྱེད་སངས་རྒྱས་མཛུབ་གདུམ་ཟེར་བའི་བོད་རིགས་རྒད་པོ་གཟུགས་རིང་སྟོབས་ཆེན་ཞིག་ཡོད་པ་དེར་གནས་ཚུལ་རྣམས་བཤད་དུས།  ཁོ་རང་འཚབ་འཚུབ་ཞིག་ཏུ་གྱུར་ཏེ།  ང་ཚོའི་ལས་ཁུང་གིས་མ་ཤེས་བར་འཛིན་བཟུང་བྱེད་ཆོག་གི་མ་རེད་ཟེར།  ཁྱེད་རང་གཉིས་ཕྱིར་དགོན་པའི་ནང་སོང་དང་ངས་བརྩད་གཅོད་གཏོང་གི་ཡིན་ཟེར།  སངས་རྒྱས་མཛུབ་གདུམ་ནི་རེབ་གོང་གི་ཤ་སྦྲང་གི་ཡིན་ལ།  རྒྱ་ནག་གི་ལས་བྱེད་མང་པོ་ཡོད་ས་ནས་དགོན་པའི་གྲྭ་བ་ཚོ་བཀའ་ཀྱོན་གཏོང་མཁན་ཞིག་ཡིན་པས། དགོན་པའི་གྲྭ་བ་ཚོས་ཁོ་རང་ལ་སྡིག་དམོད་བྱེད་ས་ཞིག་ཡིན་མོད། འོན་ཀྱང་ཁོ་རང་གི་སེམས་གཏིང་ནས་གུང་ཁྲན་ཏང་ལ་ཡིད་ཆེས་མེད་པའི་མི་ཞིག་ཡིན་པ་རྗེས་ནས་ངས་གསལ་བོར་ཤེས་སོང་།

རྒྱུ་མཚན་ནི།  རེབ་གོང་ནས་མི་རིགས་ཀྱི་ལ་རྒྱའི་དར་ལྕོག་སྒྲེངས་མཁན་འདས་བོ་སྤྱང་སྐྱའི་དགེ་འདུན་རྒྱལ་མཚན་དང་ཆུ་སྐྱེས་དཔལ་བཟང་གཉིས་འཛིན་བཟུང་བྱས་བའི་རྗེས་སུ།  རེབ་གོང་ཁུལ་ཐོག་གི་བདེ་སྲུང་ལས་ཁུང་དང་ཆོས་ལུགས་ཅུའུ་ཡི་ལས་བྱེད་ཚོས།  དུས་ཚོད་ངེས་མེད་དུ་དགོན་པའི་ཚོགས་ཆེན་འདུ་ཁང་གི་ཆོས་གྲྭའི་ནང་བཙན་དབང་གིས་གྲྭ་མང་ཡོངས་ཚོགས་འདུ་རྒྱུན་ཏུ་་སྐོང་ཡོད་པའི་སྐབས་ཞིག་ལ།  སངས་རྒྱས་མཛུབ་གདུམ་གྱིས་ང་ཚོར་གོ་རྒྱུ་ཡོད་པའི་བརྡ་ལན་ཞིག་སྤྲད་སོང་།  ཁྱེད་ཚོས་དགོན་པའི་ནང་དུག་དྲི་ཞིག་བཏང་ཀྱང་ང་ཚོས་ཚོར་གི་རེད་ཟེར།  དེ་དུས་རྗེས་ནས་ངས་དགོན་པའི་ནང་རྒྱ་ནག་གསང་བའི་ལས་ཁུང་གི་རྣ་བ་ཞིག་བཞག་ཡོད་པ་ཤེས་སོང་།

དེའི་རྗེས་ནས་དགོན་པའི་གྲྭ་བ་མང་པོ་གྲྭ་བ་ཞིག་གི་སྟེང་དོགས་པ་བྱུང་ཡོད་མོད། འོན་ཀྱང་ང་ཚོས་བདེན་དབང་གསལ་བོ་ཞིག་རྙེད་ཐུབ་མེད་པས་འདིར་འབྲི་རྒྱུ་མིན།  རེབ་གོང་ནས་མི་རིགས་ཀྱི་ལ་རྒྱའི་མེ་དཔུང་སྤར་མཁན་འདས་པོ་སྤྱང་སྐྱའི་དགེ་འདུན་རྒྱལ་མཚན་དང་ཆུ་སྐྱེས་དཔལ་བཟང་གཉིས་བཙན་གྲོལ་ཐོབ་རྗེས།  ཁོང་གཉིས་ལ་ཡང་སངས་རྒྱས་མཛུབ་གདུམ་སྟེང་ལྟ་སྟངས་གཅིག་མཚུངས་སླེབས་འདུག་པས།  ཁོང་གཉིས་ཀྱིས་སངས་རྒྱས་མཛུབ་གདུམ་མི་དྲང་མོ་དགོན་པ་ལ་ཤ་ཚ་གཏིང་ནས་ཡོད་མཁན་ཞིག་དང་མི་རིགས་ཀྱི་ཞེན་ཁོག་ཡོད་མཁན་ཞིག་ཏུ་མཐོང་འདུག

དེ་ལྟ་ན་ཡང་།  འདས་བོ་སྤྱང་སྐྱའི་དགེ་འདུན་རྒྱལ་མཚན་དང་ཆུ་སྐྱེས་དཔལ་བཟང་གཉིས་འཛིན་བཟུང་བྱས་ཏེ།  ཉིན་ཤས་རྗེས་སུ་མཚན་མོར་གཞན་གྱི་སྲོག་ལ་རྒོལ་བའི་འུག་བྱ་བཞིན།  བྲག་དཀར་དགེ་འདུན་གྲགས་པ་དང་ཧོར་རྒྱའི་དཔལ་ལྡན་ དུས་འཁོར་གྲྭ་ཚང་གི་ལྕགས་པར་ཁང་གི་འགན་འཛིན་ཚོ་བཞིའི་གྲགས་པ་གསུམ་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་འཛིན་བཟུང་བྱས་པས།  རྗེས་ནས་ད་གཟོད་ང་རང་དགོན་པ་དང་སློབ་གྲྭའི་ནང་སྦྱར་བའི་ཡི་གེ་དེ་འབྲི་མཁན་ཁོང་གཉིས་མིན་ནམ་སྙམ་པའི་དོགས་པ་སྐྱེས་ལ།  སེམས་ཕྲལ་ཡང་ཤིན་ཏུ་ཆེན་པོ་བྱུང་།

སྐབས་ཐོག་དེར།  ཉིན་ཞིག་གྲྭ་ཚང་འདུ་ཁང་ནང་གྲྭ་ཇ་འཚོགས་ཁར།  ཞིང་གཤེགས་དམ་པ་དགེ་བཤེས་ཆེན་མོ་ལྷ་སྡེ་ཚང་གིས་ངའི་རྒྱབ་ལོགས་ནས་གཟན་གྱི་སྣེ་མོ་ནས་མར་འཐེན་ཙམ་བྱས་ཏེ།  ཅུང་ཙམ་སྒུགས་དང་ཟེར་པས་ང་ཡང་རྗེས་ལ་བསྡད་པ་ཡིན།  ཁོང་གི་ཞལ་རས་ལ་ཅུང་སྐྱོ་ཉམས་ཞིག་གི་གྲིབ་མའི་གཡོགས་ཏེ།

གཅིག་བྱས་ན།  ད་རུང་ཡང་གྲྭ་བ་འགའ་རེ་འཛིན་བཟུང་བྱེད་སྲིད་པས་སྐད་ཆ་གཅིག་མཚུངས་བཤད་རྒྱུ་དེ་གལ་ཆེན་རེད།  ནམ་རྒྱུན་ང་ཚོས་བཤད་བཞིན་པའི་སྐད་ཆ་སྟེ།  ས་གནས་གཞན་གྱི་དགོན་པ་ལ་རོགས་སྐྱོར་བྱས་པ་དང་། རོང་བོ་དགོན་པ་རོགས་སྐྱོར་བྱས་པ་ལ་གནམ་སའི་ཁྱད་པར་ཤོར་ཡོད་ཚུལ་དེ་ཡིད་ལ་འཛིན་དགོས་པ་དང་། གལ་སྲིད་ཡིག་ཆ་འདྲ་མིན་ཡོད་ན་བསྡུ་གསོག་རྒྱབ་ན་ལེགས་ཚུལ་གསུངས་ཞོར།  ངའི་མགོ་ལ་བྱིལ་བྱིལ་ཞིག་བྱས་ཏེ་དཔེ་ཆ་བལྟ་ཡ་བློས་གཏོང་མ་བྱེད་གསུངས་དུས།  ང་རང་སེམས་སྐྱོ་ནས་མགྲིན་པ་ཡང་བརྣངས་ཞོར་ལགས་སོ་ཞུས་པ་ཡིན།

དེ་མ་ཐག་ངའི་ཡིད་ལ་རྒྱ་ནག་གི་ཡེང་ཧན་ཊན་གྱིས་བྲིས་བའི་ཏྰ་ལའི་བླ་མའི་རྣམ་ཐར་ཟེར་བ་དེའི་དགག་ལན་དུ།  ཞྭ་སྒབ་པས་བྲིས་པ་ཞིག་ཡོད་པ་དེ་ཡིད་ལ་འཁོར་ཞིང་།  དེ་ནི་ཞོགས་པ་སྔ་བོ་ཞིག་ལ་གྲྭ་ཇ་འགྲོ་སྐབས་ངའི་ཤག་གི་སླེ་རའི་ནང་གཡུག་ཡོད་པ་དེ་རེད།  ལྕགས་པར་ནང་བྲིས་བའི་དེབ་ཆུང་ཤོག་ངོས་འགའ་ལས་མི་འདུག་པ་ཞིག་རེད།  ངས་དེབ་དེ་ང་རང་ཁོ་ནས་ཆ་ཚང་བཀླགས་མོད། འོན་ཀྱང་མི་གཅིག་ལ་བསྟན་མ་མྱོང་ལ།  སུ་ཞིག་གིས་ངའི་ཤག་གི་སླེ་རའི་ནང་གཡུགས་པ་ཡང་།  དེ་རིང་ད་རུང་ཡང་མི་ཤེས་ལ་འདྲི་བརྩད་ཡང་བྱས་མ་མྱོང་།  ལྷ་སྡེ་ཨ་ཁུ་ཚང་ངའི་དཔེ་ཁྲིད་དགེ་རྒན་མིན་ན་ཡང་།  ང་རང་ལ་འདི་འདྲའི་ཐུགས་ཁུར་དང་ལམ་སྟོན་གནང་བ་ནི།  སྐབས་དེར་བཀའ་དྲིན་ཤིན་ཏུ་ཆེན་པོ་ཞིག་གི་མཐོང་ལ།  ཆབ་སྲིད་ཀྱི་བསམ་བློའི་གོ་རྟོགས་ཡང་རྒྱ་ཆེན་པོ་ཞིག་ཡོད་པ་ཤེས་སོང་པས།  དེ་ནས་བཟུང་ངའི་སེམས་དེ་ལྷ་སྡེ་ཨ་ཁུ་ཚང་དང་སེམས་ཐག་ཤིན་ཏུ་ཉེ་བོ་ཞིག་ཏུ་གྱུར།  སྐབས་ཐོག་དེར་ངའི་གྲོགས་པོ་གཉིས་འཛིན་བཟུང་བྱས་ཟིན་པས།  ངའི་གདོང་ན་སེམས་ཁུར་གྱི་གཟུགས་བརྙན་ཞིག་ཡོད་པ་འདྲ། དེ་མ་ཡིན་པའི་གྲྭ་བ་རྒན་པ་ཞིག་གིས་ཀྱང་ང་ལ་སེམས་གསོའི་ཁ་བརྡ་བྱས་མྱོང་ཡོད།

ཉིན་ཞིག་ཁོང་གཉིས་ཀྱི་གྲོགས་པོ་གྲྭ་བ་ཞིག་ངའི་སར་ཡོང་སྟེ།  དེ་རིང་ཡང་ཉེན་རྟོག་པ་འགའ་སླེབས་ནས་དགེ་འདུན་རྒྱལ་མཚན་གྱི་གྲྭ་ཤག་སྔོགས་གཤེར་བྱེད་ཀྱི་འདུག་ཟེར།  ང་རང་ཁོའི་ཤག་ཏུ་སོང་དུས་ཉེན་རྟོག་པ་ཚོ་ཕྱིར་ཕྱིན་ཚར་འདུག ཁོའི་དགེ་རྒན་ཨ་ཁུ་ཤ་བོ་ཐར་གྱིས་ཁོའི་ཉལ་ཁང་གི་གནམ་ནས་ཤོག་བུ་ཞིག་ཁྱེར་ནས་འགྲོ་སོང་ཟེར།  གྲྭ་བ་གཞན་ཞིག་གིས་ལ་ཊི་རེད་ཟེར།  ལ་ཊི་ནི་ཡི་གེ་འབྲི་སའི་སྣུམ་ཤོག་ཞིག་ཡིན།  སྐབས་དེར་དེང་སང་བཞིན་གློག་ཀླད་མེད་པའི་དཔེ་ཆ་སོགས་པར་སྐྲུན་བྱས་ཚེ་སྣུམ་ཤོག་ཐོག་འབྲི་གི་ཡོད།

གང་ལྟར་ཡང་།  སྦྱར་ཡིག་གི་གནས་ཚུལ་མ་བྱུང་གོང་གི་དཔའ་ངར་ལྡན་པའི་སྤྱང་སྐྱའི་དགེ་འདུན་རྒྱལ་མཚན་དང་ཆུ་སྐྱེས་དཔལ་བཟང་གཉིས་དང་ང་ཚོའི་ཁ་བརྡའི་གླེང་མོལ་ལ་བསམ་གཞིགས་བྱས་སྟབས།  སེམས་ཕྲལ་སྔར་ལས་ཆེ་རུ་གྱུར་ཡང་བྱ་ཐབས་ཅི་ཡང་མ་རྙེད།  བྲག་དཀར་དགེ་འདུན་གྲགས་པ་དང་ཧོར་རྒྱའི་དཔལ་ལྡན་དུས་འཁོར་གྲྭ་ཚང་གི་གྲགས་པ་གསུམ་དུས་ཡུན་རིང་པོ་བཙོན་འཇུག་མ་བྱས་པར་ཀློད་གྲོལ་བཏང་སོང་།  ཡིན་ཡང་འདས་པོ་སྤྱང་སྐྱའི་དགེ་འདུན་རྒྱལ་མཚན་དང་ཆུ་སྐྱེས་དཔལ་བཟང་གཉིས་བཙོན་ཁང་ནང་བཅུགས་ཡོད་པ་མ་ཟད། ཁྲིམས་ཐག་གཅོད་ངེས་རེད་ཟེར་བའི་སྐད་ཆ་ཞིག་རེབ་གོང་ཡུལ་དུ་ཁྱབ།   ལོ་དེའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས།  ཁུལ་ཐོག་ཏུ་ཡོད་པའི་དམག་སྒར་ཆེན་མོའི་ནང་གི་དམག་མི་ཚོས་རྐང་གསུམ་སྦག་སྦག་སྟེང་།  མེ་མདའ་འཁོར་ལོ་ཅན་གྱི་མདེའུ་དང་བཅས་བཞག་ནས།  དྲག་མནོན་བྱེད་ཆོག་ཆོག་གིས་འཇིག་སྐུལ་མཚོན་བྱེད་དུ་ཁུལ་ཐོག་ཡོངས་སྐོར་བཞིན་པ་ངས་དངོས་སུ་མཐོང་།

དེ་ལྟ་ན་ཡང་། ངས་དེ་དུས་ད་རུང་ཡང་བློ་ཐག་ཆོད་པོས་ཁོང་གཉིས་ཀྱིས་ཡི་གེ་བྲིས་ཏེ་སྦྱར་བ་ལ་ཐེ་ཚམ་གྱི་ངང་དུ་ལུས་ཡོད་པ་མ་ཟད།  བྲག་དཀར་དགེ་འདུན་གྲགས་པ་དང་ཧོར་རྒྱའི་དཔལ་ལྡན་དུས་འཁོར་གྲྭ་ཚང་གི་མ་ཎིའི་ལྕགས་པར་འགན་འཛིན་ཚོ་བཞིའི་གྲགས་པ་གསུམ།  ཅི་ཞིག་ལ་འཛིན་བཟུང་བྱས་པ་མི་ཤེས་ལ།  ཁོང་ཚོ་ཀློད་གྲོལ་བཏང་རྗེས་དྲིས་ཀྱང་མ་མྱོང་པས།  དེ་རིང་ད་དུང་ཡང་ངས་མི་ཤེས།

སྐབས་ཐོག་དེར་རོང་བོ་དགོན་པའི་གྲྭ་བ་ཚོ་ཆ་རྐྱེན་ཧ་ཅང་ཞན་ན་ཡང་།  དགོན་པའི་གྲྭ་བ་དང་རེབ་གོང་མི་དམངས་ཀྱིས་ཁོང་གཉིས་ལ་སིལ་ཏོག་ཤེལ་དམ་དེ་༼ཀོན་ཐིག༽དང་ཟ་མ་སོགས་གང་འཛོམས་ཀྱིས་བཙོན་ཁང་དུ་བསྐྱལ་གྱི་ཡོད།  དུས་དེར་བཙོན་སྲུང་བ་ཐམས་ཅད་ཡང་རེབ་གོང་མི་དམངས་ཀྱི་སེམས་ཚོར་ལ་ཧ་ལས་ཡོད་པ་རེད།  ཉིན་ཞིག་དེང་སང་དགའ་བྱང་ཀླུ་འབུམ་དུ་བཞུགས་པའི་དགེ་བཤེས་ལྷ་རམས་པ་དགེ་བཤེས་ཆོས་གྲགས་ལགས།  ཁོང་གཉིས་ལ་ཟ་མ་ཞིག་བསྐྱལ་དུ་བཙོན་ཁང་དུ་ཕྱིན་པའི་སྐབས་དེར། བཙོན་སྲུང་ཚོའི་འགོ་ཁྲིད་༼ཁེན་ཧྲི་ཀྲང༽གིས་ཁོ་ལ་སྐད་ཆ་འདི་བཤད་༼ལྷ་ས་ནས་འབྲུག་གྲགས་ན་རེབ་གོང་ནས་ཆར་བ་གཏོང་། ༽སོང་ཅེས་དགེ་བཤེས་མཆོག་གིས་ཕྲན་ལ་དངོས་སུ་གསུངས་མྱོང་ལ།

སྐབས་དེར་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་སྐུ་འཚོ་བཞུགས་ཡིན་སྟབས། པཎ་ཆེན་རིན་པོ་ཆེ་ཡི་སྐུ་ཚ་རེབ་གོང་རོང་བོ་དགོན་པའི་ཨ་ལགས་གཡེར་གཤོངས་ཆོས་པ་རིན་པོ་ཆེ་སོགས་ཀྱིས་པཎ་ཆེན་རིན་པོ་ཆེ་ལ་ཡར་ཞུ་བྱས་སྐབས་ཀྱང་།  པཎ་ཆེན་རིན་པོ་ཡིས་ཀྱང་དེང་སང་ཀྲུང་དབྱངས་ཀྱི་མིག་ནང་དུ་རེབ་གོང་ཚེར་མ་རྩུབ་པོ་བཞིན་མཐོང་གི་འདུག་ལ།  ཀྲུང་དབྱངས་ཀྱིས་ད་རུང་༼ལྷ་ས་ནས་འབྲུག་གྲགས་ན་རེབ་གོང་ནས་ཆར་བ་གཏོང་གི་འདུག་༽ཟེར་ནས་ལྟ་སྟངས་ཁྱོན་ནས་ཡག་པོ་མི་འདུག་གསུངས་སོང་ཅེས་རེབ་གོང་ཡུལ་དུ་ཁྱབ་བརྡལ་དུ་ཕྱིན་ཡོད།  དེ་ལྟ་ན་ཡང་།  ཁོང་གཉིས་ལ་ཁྲིམས་ཐག་མ་བཅད་པའི་སྔོན་ལ།  པཎ་ཆེན་རིན་པོ་ཆེ་ཡིས་མཚོ་སྔོན་སྤྱི་བདེ་ལས་ཁུང་གི་མགོ་ཁྲིད་གཙོ་བོ་བློ་བཟང་སྙན་གྲགས་ལགས་ལ་བཀའ་གནང་སྟེ།  དཔའ་ངར་ལྡན་པའི་འདས་པོ་སྤྱང་སྐྱའི་དགེ་འདུན་རྒྱལ་མཚན་དང་ཆུ་སྐྱེས་དཔལ་བཟང་གཉིས་བཙོན་གྲོལ་བཏང་།  ཁོ་རང་གཉིས་རེབ་གོང་ཁུལ་ཐོག་གི་བཙོན་ཁང་ནང་ཡོད་དུས།  རེབ་གོང་ཁུལ་ཐོག་གི་ཉེན་རྟོག་ལས་ཁུང་གི་མགོ་ཁྲིད་ནོར་བུ་ཟེར་བ་དེ་རེད་ཟེར། འདས་པོ་ནོར་བུའི་སེམས་ནས་ཁོང་གཉིས་ལ་ང་ཚོའི་འདོད་ཚུལ་གཅིག་རེད་ཅེས་གསུངས་སོང་་ཟེར།  རྗེས་ནས་སྐད་ཆ་གསལ་བོར་གོ་ཐོས་ཞིག་ལ། ༼ལྷ་ས་ནས་འབྲུག་གྲགས་ན་རེབ་གོང་ནས་ཆར་བ་གཏོང་། ༽ཟེར་བའི་སྐད་ཆ་འདི་བཤད་མཁན་ནི།  ༡༩༨༧ལོར་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོ་དང་དེང་སང་རྒྱ་ནག་གི་སྲིད་འཛིན་ཟུར་བ་༼ཧོའུ་ཆིན་ཐོའོ༽ཡིས་བཤད་པ་རེད་ཟེར།

གང་ལྟར་དེ་ནས་བཟུང་རེབ་གོང་ནས་མི་རིགས་ཀྱི་ལ་རྒྱའི་མེ་དཔུང་ཆད་མ་མྱོང་།    ༡༩༨༩ལོར་པེ་ཅིན་ནས་སློབ་ཕྲུག་ཚོས་ཞི་རྒོལ་བྱེད་བཞིན་པའི་སྐབས།  རེབ་གོང་རོང་བོ་དགོན་ཆེན་ནས་ཀྱང་ཧོར་ཟླ་༤ཚེས༡༥ཉིན་ཡང་བསྐྱར་ཞི་བའི་ངོ་རྒོལ་ཆེན་པོ་ཞིག་བྱས་ཏེ།  ཁུལ་ཐོག་གི་ལས་ཁུང་ནང་བར་དུ་སོང་པས།  སྐབས་དེར་འཛིན་བཟུང་བྱས་བའི་མི་དེང་སང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆུ་སྐྱེས་བསམ་གཏན་དང་། དེང་སང་ཨོ་སི་ཊི་ལེ་ཡར་བཞུགས་པའི་ཆབ་སྲིད་བཙོན་ཟུར་བསྟན་འཛིན་ཆོས་རྒྱལ་ལམ་རིན་ཆེན་གྲགས་པ་མདོ་བའི་བསྟན་འཛིན་གསུམ་རེད།  སྐབས་ཐོག་དེར་ང་རང་ཕ་ཡུལ་དང་ཁ་དགྱེས་ཏེ་རྒྱ་གར་དུ་སླེབས་ཟིན་པས།  སྐབས་དེའི་གནས་ཚུལ་ཅི་བཞིན་མི་ཤེས་པའི་བྲིས་མེད་མོད། འོན་ཀྱང་སྐབས་ཐོག་དེར་པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་མིན་ན་ཡང་།  མཚོ་སྔོན་གྱི་བདེ་སྲུང་ལས་ཁུང་གི་མགོ་གཙོ་བློ་བཟང་སྙན་གྲགས་ལགས་རང་འཇགས་རེད།

བློ་བཟང་སྙན་གྲགས་ལགས་ལྡི་ཚ་དགོན་ཆེན་གྱི་དགེ་བཤེས་ཞོ་ཕོང་ཨ་ཁུ་ཚང་གི་སློབ་མ་ཡིན་སྟབས།  རོང་བོ་དགོན་པའི་དགེ་བཤེས་ཞིག་ཆེད་མངགས་ཞོ་ཕོང་ཨ་ཁུ་ཚང་གི་མདུན་དུ་སོང་སྟེ།  རྒྱ་གཞུང་གིས་འཛིན་བཟུང་བྱས་བའི་རོང་བོ་དགོན་པའི་གྲྭ་བ་གསུམ་གྱི་གནས་ཚུལ་རྣམས་ཞུས་ཏེ།  ཞོ་ཕོང་ཨ་ཁུ་ཚང་གིས་སྙན་གྲགས་ཐེའུ་ཀྲང་ལ་གསུངས་རོགས་ཅེས་ཞུས་པས།  ཞོ་ཕོང་ཨ་ཁུ་ཚང་གིས་མཚོ་སྔོན་སྔོན་ཉེན་རྟོག་ལས་ཁུང་གི་མགོ་གཙོ་སྙན་གྲགས་ལགས་ལ་ཕྱག་བྲིས་ཞིག་བྲིས་ཏེ།   ཁོང་ཚོ་གསུམ་ཡང་ཁྲིམས་ཐག་མ་བཅད་པའི་སྔོན་བཙོན་གྲོལ་ཐོབ།   སྐབས་དེར་ཁོང་ཚོ་གསུམ་འཛིན་བཟུང་བྱས་བའི་བརྒྱུད་རིམ་རྣམས་མཚོ་སྔོན་བརྙན་འཕྲིན་ཁང་ནས་མི་དམངས་ལ་བསྟན་ཡོད།

ད་འདིར་རེབ་གོང་ནས་མི་རིགས་ཀྱི་ལ་རྒྱའི་མེ་དཔུང་སྤར་མཁན་གྱི་དཔའ་རྒོད་སྤྱང་སྐྱའི་དགེ་འདུན་རྒྱལ་མཚན་དང་རྩོམ་པ་པོ་ཆུ་སྐྱེས་དཔལ་བཟང་གཉིས།  བཙོན་གྲོལ་ཐོབ་རྗེས་སུ་རེབ་གོང་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བརྒྱད་པའི་ཡང་སྤྲུལ་ངོས་འཛིན་ཆེད།  འོས་བསྡུའི་མཚན་ཐོ་རྣམས་ཁྱེར་ཏེ་གསང་སྟབས་ཀྱིས་ཧི་མ་ལ་ཡའི་རི་བོ་བརྒལ་ནས་རྒྱ་གར་དུ་ཡོང་བའི་གནས་ཚུལ་ཞིག་བྲིས་ཏེ།  དྲན་ཐོ་ཐུང་ངུ་འདིའི་མཇུག་བསྡུ་རྒྱུ་ཡིན། ཕལ་ཆེར ༡༩༩༡ལོའི་དབྱར་དུས་ཞིག་ལ།  ཁོང་གཉིས་ཀྱི་གྲོགས་པོ་དགེ་བཤེས་ལྷ་རམས་པ་ཆོས་གྲགས་ལགས་དང་ངེད་གཉིས་ཀྱིས་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དུ་སློབ་གཉེར་བྱེད་བཞིན་པའི་སྐབས།  དེང་སང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་གཞོན་པ་དཔལ་ལྡན་རྒྱལ་གྱིས་ཁྲིད་ནས་སེ་འབྲས་དགེ་གསུམ་ལ་མཇལ་བར་སླེབས།

ཆབ་སྲིད་བཙོན་ཟུར་ཁོང་གཉིས་བཙོན་ཁང་དུ་བཞུགས་བཞིན་པའི་སྐབས།  དགེ་བཤེས་ཆོས་གྲགས་ལགས་དང་ངེད་གཉིས་ཕ་ཡུལ་དང་ཁ་དགྱེས་ཟིན་པས། རྒྱ་གར་ལྷོ་ཕྱོགས་ནས་མཇལ་དུས་འདས་གསོན་མཇལ་བ་ལྟ་བུའི་དགའ་སྐྱོ་འདྲེས་མ་ཞིག་ང་ཚོ་ཆ་ཚང་ལ་སྐྱེས།  ཉིན་ཤས་འགོར་བར་དུ་ང་ཚོའི་ཁ་བརྡ་ནི་རྫོགས་རྒྱུ་མེད་པའི་གླེང་མོལ་གྱི་འགྲུད་བཞུད་རིང་མོ་ཞིག་རེད། ཁོང་གཉིས་ལ་དགེ་བཤེས་ཆོས་གྲགས་ལགས་དང་ངེད་གཉིས་ཀྱིས་གདན་ས་དགའ་ལྡན་ནས་སློབ་གཉེར་བྱས་ཏེ་བཞུགས་རོགས་ཅེས་རེ་སྐུལ་ཞུས་ཀྱང་།  ཁོང་གཉིས་ཀྱིས་དཀའ་སྡུག་གང་ལ་འཕྲད་ཀྱང་ད་ཐེངས་ངེས་བར་དུ་ཕྱིར་འགྲོ་དགོས།  རེབ་གོང་མི་དམངས་དང་ཁོང་གཉིས་ཀྱི་དགེ་རྒན་ཨ་ཁུ་བློ་བཟང་ལ་ཡེ་སོགས་ཀྱིས་རེ་སྒུགས་བྱས་ནས་ཡོད་ཟེར།  ངེད་གཉིས་ཀྱི་བསམ་ཚུལ་ནི།  ཁོང་གཉིས་ཕྱིར་སོང་ན་ཡང་བསྐྱར་་བཙོན་ཁང་དུ་འགྲོ་བར་དོགས་ནས་རེ་སྐུལ་ཞུས་པ་དེ་རེད།

ཡིན་ན་ཡང་ཁོང་གཉིས་ཀྱི་དཔའ་ངར་གྱི་སྙིང་སྟོབས་ལ་ཞུམ་པ་མེད་པར་སྐྱེ་ཐེངས་གཅིག་ལ་འཆི་ཐེངས་གཅིག་རེད་ཟེར་བས།  རེབ་གོང་མི་དམངས་ཀྱི་རེ་སྒུགས་ཉིན་མོ་ལ་འོད་སྣང་འཕྲོ་བར་བཅུགས་ཏེ།  ཤར་སྤྲུལ་སྐུ་ཕྲེང་བརྒྱད་པ་གདན་ས་བཀོད་ཐུབ་ཡོད་པས།  དཔའ་ངར་ལྡན་པའི་འདས་བོ་སྤྱང་སྐྱའི་དགེ་འདུན་རྒྱལ་མཚན་དང་སྐུ་འཚོ་བཞུགས་ཡིན་པའི་རྩོམ་པ་པོ་ཆུ་སྐྱེས་དཔལ་བཟང་གཉིས་ཀྱི་བཀའ་དྲིན་ནམ་ཡང་རེབ་གོང་མི་དམངས་ཀྱི་སེམས་ནས་བརྗེད་མི་སྲིད།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༡༤ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 1

  1. ཤར་མདའ། says:
    ལོ་ 7 སྔོན།

    དམ་པ་ཁོང་གི་ལོ་རྒྱུས་ཟེར་ན་འདྲ་འདི་ཆ་ཚང་ཀློག་པ་ཡིན། སེམས་ལ་བརྗོད་མི་ཤེས་པའི་ཚོར་བ་ཞིག་སྤྲད་སོང་། ཡུལ་ཕྱོགས་རེ་ལ་སྐྱེ་བུ་འདི་འདྲ་རེད་བྱོན་པ་ནི་དགའ་འོས་པ་ཞིག་རེད། དགེ་ཁོང་གི་མཚན་གོ་བ་ཙམ་གྱི་ཁོང་སྔོན་མ་ཞིག་ནས་ངོ་ཤེས་པ་ཞིག་ཡིན་པས་ཚོར་བ་སྐྱེ། ཡིན་ཡང་ཁོང་ངོ་ཤེས་པ་ཞིག་མ་རེད། འོན་ཀྱང་ཁོང་གི་གྲགས་སྙན་དེ་གོ་བ་འདྲ་གང་ལྟར་དམ་པ་ཁོང་གུས་འདུག་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese