༢༠༢༦ ལོའི་ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་དེ་དཔལ་འབྱོར་དར་རྒུད་ཀྱི་འཁོར་རིམ་སྐོར་ལ་ཞིབ་འཇུག་གནང་མཁན་གྱི་ཨ་རིའི་དཔལ་འབྱོར་རིག་པ་བ་རོ་བྷིརཊ་ཨི་ཧོལ་ (Robert E. Hall) ལགས་དང་མའི་ཁལ་ཝུཌ་ཕོརཌ་ (Michael Woodford) ལགས་གཉིས་ལ་ཐོབ་འདུག

ཁ་སང་ཕྱི་ཚེས་ ༡༢ ཉིན། སི་ཝེ་ཌན་གྱི་རྒྱལ་ས་སི་ཊོག་ལམ་ (Stockholm) དུ་སི་ཝེ་ཌན་རྒྱལ་གཞུང་ཞིབ་འཇུག་ཁང་ (Royal Swedish Academy of Sciences) གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། འདི་ལོའི་དཔལ་འབྱོར་རིག་པའི་གཟེངས་རྟགས་དེ་ཨ་རིའི་དཔལ་འབྱོར་རིག་པ་བ་སི་ཊེན་ཕོརཌ་གཙུག་ལག་སློབ་གཉེར་ཁང་ (Stanford University) གི་དགེ་རྒན་ཆེན་མོ་རོ་བྷིརཊ་ཨི་ཧོལ་ (Robert E. Hall) དང་། ཨ་རིའི་ནེའུ་ཡོག་ཁོ་ལོམ་བི་ཡ་གཙུག་ལག་སློབ་གཉེར་ཁང་ (Columbia University) གི་དགེ་རྒན་ཆེན་མོ་མའི་ཁལ་ཝུཌ་ཕོརཌ་ (Michael Woodford) གཉིས་ལ་གནང་གཏན་འཁེལ་ཡོད་པ་དང་། ཁོང་གཉིས་ཀྱིས་དཔལ་འབྱོར་དར་རྒུད་ཀྱི་འཁོར་རིམ་སྐོར་ལ་ཞིབ་འཇུག་གནང་བའི་འབྲས་བུར་ངོས་འཛིན་དང་གདེང་འཇོག་བྱས་པ་ཞིག་རེད་འདུག
ནོ་བྷེལ་ལྷན་ཚོགས་ཀྱིས་སྤེལ་བའི་གནས་ཚུལ་ནང་། ཁོང་གཉིས་ཀྱིས་དཔལ་འབྱོར་གྱི་འཕེལ་རྒྱས་དང་ཉམས་རྒུད་ཀྱི་འགྱུར་ལྡོག་སྙོམས་པའི་ཆེད་དུ། སྐྱེད་ཀའི་ཚད་དང་སྲིད་གཞུང་གི་འཆར་རྩིས་བཀོལ་སྤྱོད་བྱེད་པའི་དཔལ་འབྱོར་བརྟན་འཇགས་སྲིད་ཇུས་ཀྱི་རྨང་གཞིར་གྱུར་བའི་ཆེ་རིམ་དཔལ་འབྱོར་གྱི་དཔེ་གཞི་ (models) བསྐྱར་བཟོ་གནང་ཡོད་པ་དང་། ལོ་ངོ་བཅུ་ཕྲག་མང་པོའི་རིང་ཀེ་ནེ་སི་ཨན་ (Keynesian) ལུགས་ཀྱི་དཔེ་གཞི་དེ་དག་གཞི་རྩར་བཟུང་བའི་ཐོག་ནས་སྲིད་ཇུས་བཏིངས་ཡོད་ཀྱང་། ཕྱི་ལོ་ ༡༩༧༠ དོན་གྲངས་སུ་རྡོ་སྣུམ་གྱི་གོང་ཚད་འཕར་བའི་དཀའ་ངལ་བྱུང་སྐབས། དཀའ་ངལ་དེ་སེལ་བར་ནུས་པ་འདོན་ཐུབ་མེད། ལས་མེད་ཀྱི་ཁ་གྲངས་ཉུང་དུ་གཏོང་རྒྱུའི་ཚབ་ཏུ་རིན་གོང་འཕར་ཤུགས་ (inflation) ཇེ་ཆེར་གྱུར་བ་དང་། མི་མང་པོས་སྲིད་ཇུས་དེ་རིགས་ལ་ཕན་ནུས་ཡོད་མེད་ཐེ་ཚོམ་ཟ་འགོ་ཚུགས་པ་རེད།
ཧོལ་དང་ཝུཌ་ཕོརཌ་གཉིས་ཀྱིས་དཔེ་གཞི་དེ་དག་རིན་གོང་འཕར་ཤུགས་དང་ཐོན་སྐྱེད་ལྟ་བུའི་བརྡ་སྟོན་བྱེད་ཆེན་པོ་དག་གི་བར་གྱི་གྲངས་ཐོའི་འབྲེལ་བ་ཙམ་ལ་མ་བརྟེན་པར། ཁྱིམ་ཚང་དང་ཚོང་ལས་རེ་རེའི་བྱ་སྤྱོད་དངོས་ཀྱི་རྨང་གཞིའི་ཐོག་བཙུགས་ནས་སྲིད་ཇུས་དེ་སླར་གསོ་བྱས་པ་རེད། དེའི་ལྟ་ཚུལ་གཙོ་བོ་ཞིག་ནི། སྤྱིར་མི་དང་བཟོ་ཚོང་ཁང་ཁག་གིས་ཕུགས་རྒྱང་རིང་པོར་ལྟ་ཡི་ཡོད་སྟབས། སྲིད་གཞུང་དང་དབུས་དངུལ་ཁང་གིས་ཁོ་ཚོའི་རེ་བ་དང་མཐུན་པའི་སྲིད་ཇུས་བཏིངས་ན། མི་མང་གི་རེ་སྒུག་ལ་ཤུགས་རྐྱེན་ཐེབས་ཏེ་དཔལ་འབྱོར་ཁ་ཕྱོགས་ཡག་པོ་ཞིག་ཏུ་འཁྲིད་ཐུབ། ད་ལྟ་ཁོང་གཉིས་ཀྱིས་གསར་གཏོད་བྱས་པའི་དཔེ་གཞི་དེ་དག་འཛམ་གླིང་ཡོངས་ཀྱི་དབུས་དངུལ་ཁང་དང་སྲིད་གཞུང་ཁག་གི་སྲིད་ཇུས་ཀྱི་རྨང་གཞིར་གྱུར་ཡོད་ལ། ནུས་ཁུངས་ཀྱི་རིན་གོང་འཕར་ཆག་གི་དཀའ་ངལ་དང་། མི་མང་གིས་འཛད་སྤྱོད་ཐོག་འགྲོ་སོང་གཏོང་ཕྱོགས་ལ་གློ་བུར་དུ་འགྱུར་བ་ཕྱིན་པ་ལྟ་བུའི་དཔལ་འབྱོར་གྱི་གློ་བུར་རྐྱེན་ངན་དག་ལས་བཟློག་པའི་ཐབས་ལམ་འཚོལ་བར་རོགས་རམ་ཆེན་པོ་བྱས་ཡོད། ཅེས་གདེང་འཇོག་གནང་འདུག
གཟེངས་རྟགས་ཐོབ་མཁན་སྐུ་ཞབས་རོ་བྷིརཊ་ཨི་ཧོལ་ནི་ཕྱི་ལོ་ ༡༩༤༣ ཨ་རིའི་ཕ་ལོ་ཨལ་ཊོ་ (Palo Alto) གྲོང་ཁྱེར་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༦༧ ཀེམ་བྷེ་རི་ཇི་ (Cambridge) གྲོང་ཁྱེར་གྱི་མ་ས་ཅུ་སེཊ་འཕྲུལ་རིག་སློབ་གཉེར་ཁང་ (Massachusetts Institute of Technology) དུ་འབུམ་རམས་པའི་བསླབ་གནས་ཐོབ། ད་ལྟ་ཨ་རིའི་སི་ཊེན་ཕོརཌ་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་རེད་འདུག
སྐུ་ཞབས་མའི་ཁལ་ཝུཌ་ཕོརཌ་ནི་ཕྱི་ལོ་ ༡༩༥༥ ཆི་ཁོ་ཕེ་ (Chicopee) གྲོང་ཁྱེར་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༣ ཨ་རིའི་ཀེམ་བྷི་རི་ཇི་གྱི་མ་ས་ཅུ་སེཊ་འཕྲུལ་རིག་སློབ་གཉེར་ཁང་དུ་འབུམ་རམས་པའི་བསླབ་གནས་ཐོབ། ད་ལྟ་ཨ་རིའི་ནེའུ་ཡོག་ཀོ་ལོམ་བི་ཡ་གཙུག་ལག་སློབ་གཉེར་ཁང་ (Columbia University) གི་དགེ་རྒན་ཆེན་མོ་རེད་འདུག
བྱ་དགའི་དངུལ་འབོར་སི་ཝེ་ཌན་གྱི་སྒོར་མོ་ས་ཡ་ ༡༢ ཙམ་ཡོད་པ་དང། དེ་ཁོང་གཉིས་ཀྱི་བར་བགོ་བཤའ་རྒྱག་རྒྱུ་རེད་འདུག་པ་དང་། ནོ་བྷེལ་གཟེངས་རྟགས་དེ་ལོ་ལྟར་ཨལ་ཕེརཌ་ནོ་བྷེལ་ (Alfred Bernhard Nobel) འདས་གྲོངས་སུ་གྱུར་བའི་དུས་དྲན་ཏེ། ལོ་ལྟར་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་སྤྲོད་ཀྱི་ཡོད་པ་དང། ཕྱི་ལོ་ ༢༠༢༦ བར་ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་མི་གྲངས་ ༡༠༡ བྱུང་ཡོད་ཅིང་། དེའི་ཁྲོད་དུ་སྐྱེས་པ་ ༩༨ དང་། སྐྱེས་མ་ ༣ བྱུང་ཡོད་འདུག
གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།





