མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོལ་པོའི་ཁ་བརྡ། (ཚན་པ་དང་པོ།)

བོད་ཀྱི་དུས་བབ།
༢༠༡༨/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp

                                                                                                                                 མང་རའི་ཁེར་བུད།༄༅། །བྱུང་ནས་ཡལ་བའི་སྔོན་གྱི་གཟུགས་བརྙན་རྣམས།།

སྟོང་བའི་མཁའ་ལ་སེམས་ཀྱིས་བྲིས་པ་འདི།།

ཤིན་ཏུ་ངོ་མཚར་སྒྱུ་མའི་རྒྱལ་རབས་ཞེས།།

མཁས་རྣམས་འཁང་རའི་སྐད་ཡན་ཤོར་ལ་ལྟོས།།

དེས་ན་དེང་འདིའི་མཐོང་ཐོས་མངོན་སུམ་དག།།

ཡུན་དུ་འགྱངས་ན་ཡིད་ཆེས་རྗེས་དཔག་གི།།

གཞལ་བྱ་ཤིན་ལྐོག་ཉིད་དུ་འགྱུར་སྲིད་པས།།

གཏན་ཆགས་ནག་པོའི་འགྲོས་སུ་དགོད་པར་བྱ།།

དེ་ཡང་གུས་པ་ནི་དོལ་པོར་དངོས་སུ་འགྲུལ་བཞུད་དང་འཚོ་སྡོད་ཡུན་དུ་བྱས་མྱོང་མཁན་ཞིག་ཡིན་པའི་ཆ་ནས། དོན་གཉེར་ཅན་ཚོར་དམིགས་ཏེ་དོལ་ཡུལ་གྱི་མཐོང་ཐོས་དག་ཁ་ཟིན་སྣ་ཟིན་ཞིག་གཏམ་དུ་བྱ་བ་ལ་འདི་ལྟ་སྟེ། དེང་གི་དུས་སུ། བོད་ཅེ་ན། ཡན་ལག་ལྔ་པོ་གཏུབ་རྗེས་ཀྱི་ཁོག་གཞུང་ཙམ་ལའང་ལུས་པོའི་མིང་གིས་མི་འདོར་བ་ལྟར། ཀྲུང་གོའི་མངའ་ཁོངས་སུ་ཚུད་པའི་མདོ་དབུས་ཁམས་གསུམ་ཙམ་ལ་གོའོ། ། འོན་ཀྱང་། སྔ་མོའི་དུས་སུ་དེ་ཙམ་རེད་དམ་ཞེ་ན། མ་ཡིན་ཏེ། དེང་གི་པཱ་ཀི་སི་ཐཱན་གྱི་སྦལ་ཏི་དང་། རྒྱ་གར་གྱི་ལ་དྭགས།  སྤི་ཏི། ཁུ་ནུ། འབྲས་ལྗོངས། འབུམ་སྡེ་ལ་སོགས་དང་། བལ་ཡུལ་གྱི་བྱང་པ། གླེ་མི།  མུ་ཁུམ།(ལྷོ་མ་ཡང་ཟེར) དོལ་པོ། གློ་བོ། ཀརྨ་རོང་(ཡུལ་ཚོ་བཅུ་གསུམ)། གླིང་པ། འུམ་ལ།  གཉེ་ཤངས། ནུབ་རི། ཙུམ། གླང་ཐང་།  ཤར་པ་ (འདི་མི་རིགས་ཚུར་མཆེད་པ་ལས་ས་ཁོངས་བོད་དུ་གཏོགས་མིན་མ་ངེས) སོགས་ཀྱང་བོད་རེད་ལ། དེའི་ཡུལ་མི་རྣམས་ནི་བོད་རིགས་གཤའ་མ་རེད། དེར་མ་ཟད་ཆོས་ལྡན་གྱི་རྒྱལ་ཁམས་འབྲུག་རྒྱལ་ཁབ་ཧྲིལ་པོ་ཡང་བོད་ཁོངས་སོ། །མདོར་ན། མཁས་དབང་དགེ་ཆོས་ཀྱིས། སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས། །སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས། །ཞེས་གསུངས་པ་ལྟར། སྔ་སོར་ཡིན་ན། བོད་སྐད་ཀྱིས་ཁྱབ་ཚད་དམ་འཛམ་གླིང་ཡང་ཐོག་གི་སྒྲས་འབོད་རུང་ཚད་བོད་སས་ཁྱབ་པའི་དུས་ཤིག་བྱུང་ཡོད་པ་ངེས་གཏན་རེད། དེ་ལྟར་ཡང་། ཆགས་འཇིག་གི་ཆོས་ཉིད་ལས། ད་ལྟའི་དུས་ན། གོང་སྨྲས་ཡུལ་ལུང་རྣམས་བདག་དབང་ངམ་རྒྱལ་མཚམས་ཀྱིས་ཕྱེས་ཏེ་ང་ཚོ་དང་ཁ་ཁར་གྱེས་ཟིན། དེ་ལྟ་མོད་ཀྱི། དེ་དག་གི་ཡུལ་མི་རྣམས་ནི། རིགས་རྒྱུད་ཀྱི་ཆ་ནས་དང་། ཡུལ་སྲོལ་གྱི། ཆས་གོས་ཀྱི། སྐད་རིགས་ཀྱི།  ཁོར་ཡུག་གི བསམ་བློའི་འདུ་ཤེས་སོགས་གང་གི་ཐད་ནས་ཀྱང་བོད་པ་དང་ཁྱད་པར་འཇོག་ཆོས་ཅུང་ཟད་ཙམ་ཡང་མི་རྙེད། ལྷག་པར་དུ། ཡུལ་གྲུ་ལ་ལ་ནི་སྔ་མོའི་བོད་རང་གི་དྲན་རྟེན་ལྟ་བུ་རེད།

འདི་ལྟར་གླེང་ན་ཁྱེད་རང་ཡིད་མི་ཆེས་ནའང་ཐང་། ཡིད་མི་ཆེས་ན། གུས་པས་ཁྱེད་ཅག་དོལ་ཡུལ་དུ་བལྟ་བསྐོར་ལ་ཐེངས་གཅིག་འཁྲིད་པར་བྱ།  གང་དེར་འཁོར་ལོའི་ལམ་མེད་བརྟེན། གནམ་གྲུ་འམ་ཡང་ན་རྐང་འགྲུལ་བྱ། གནམ་གྲུར་ཞོན་ཏེ་བལ་ཡུལ་རྒྱ་ཐང་ནས་(ཁད་ཆེས་ཉེ་བའི་གནམ་ཐང་ནས་)སྐར་མ་༤༥ཙམ་འཕུར་ན་དོལ་པོར་སྟོད་སྨད་གཉིས་ཕྱེས་པའི་སྨད་དུ་འབྱོར། སྟོད་དུ་གནམ་ཐང་ཡང་མེད་པས། དེ་ནས་རྐང་འགྲུལ་ལས་གདམ་ག་མེད། དེ་ལྟར་ཡང་། སྐབས་འགར་རྒྱུ་འབྱོར་ཅན་རེ་ཤས་ཐད་འཕུར་གནམ་གྲུ་གླས་ཏེ་མཁའ་འགྲུལ་བྱེད། རྐང་འགྲོས་ཀྱིས་གྱེན་ནས་གྱེན་དུ་ཉིན་གྲངས་གསུམ་མམ་བཞིའམ། གངས་འཐུག་གིས་མྱུར་ལམ་ཁེགས་ཚེ་རིང་ལམ་བསྐོར་དགོས་པས་ཡུལ་ཁད་རིང་པ་རྣམས་སུ་སླེབས་པར་བདུན་གཅིག་ལྷག་འགོར། ཁ་རྒྱུན་དུ། བོད་ཡུལ་ལ་གངས་རི་ར་བས་བསྐོར་པའི་ཞིང་ཞེས་འབོད་སྲོལ་ཡོད་པ་ལྟར། དོལ་པོ་སྟོད་ལ་འབྱོར་ན། ཕྱིར་མིག་ཅི་ཙམ་འཕངས་པ་དེ་ཙམ་གྱིས་རང་ཉིད་བོད་སའམ་གངས་རིའི་ནང་རོལ་ཏུ་བསླེབས་ཟིན་པའི་དྲན་གསོ་ཡང་ཡང་གཏོང་། རྒྱུ་མཚན་ནི། རྒྱབ་མཐའ་ཀུན་ན་ཁ་བ་གངས་དཀར་གྱི་པྲོག་ཞུ་བཞེས་པའི་རི་བོ་རྣམས་རྩེ་མོ་དགོང་དུ་བསྙེགས་ཤིང་དཔུང་པ་ཁྱུད་མོར་སྦྲེལ་པས་སོ། །

ཡུལ་འདིར་འཚོ་བའི་མི་རྣམས་ནི་བོད་པ་ལས་ཀྱང་གནའ་བོའི་ཐུ་བྷོད་པ་རེད། གོས་སུ་ཕྱུ་པ་དང་པགས་ཚག་གྱོན་ཞིང་ཟས་སུ་རྩམ་པ་དང་མར་ཕྱུར་ཟ། ངག་ན་བོད་སྐད་གཤའ་མ་རྗོད་ཐོག་ཉིན་རེའི་རྒྱུན་སྤྱོད་ཀྱི་སྐད་ན། བརྡ་རྙིང་ཡང་མ་ཉམས་པར་ཡོད། དཔེར་ན། ཟ་མ་ལ་ཉོད་པ་དང་།  རྔན་པའམ་སྐྱེས་ལ་འཕྱོས་མ། ཅི་ཤེས་ལ་ཅི་ཆ། རྒྱུས་མེད་ལ་ཆ་མེད། རྟ་ཕོ་ལ་ཕོ་ཆེན། ཐུགས་རྗེ་ཆེ་ལ་འོར་ཆེ་ (བློ་སྦྱོང་དོན་བདུན་མར་   “འོར་ཆེ་མ་འདོད་” ཅེས་དོན་མི་གོ་བ་གཅིག་འདུག་པ་དེ་འདིར་བྱིས་པ་ཚོས་ཀྱང་བསླབ་འོང་སྟེ། ཉིན་རེའི་རྒྱུན་སྤྱོད་ཀྱི་སྐད་དོ།) ཟེར། སྐད་ཀྱི་གདངས་དང་ང་རོ་འབྱིན་སྟངས་དབུས་ཁུལ་དང་མཚུངས་མོད།  རྗོད་པ་ལ་ལ་ཞིག་ཨ་མདོའི་སྐད་དང་ཡང་མཐུན་ཏེ། དཔེར་ན། མཆོད་རྟེན་ལ་ “མཆོར་རྟེན”དང་། དགེ་རྒན་ལ་ “དགེར་རྒན”། གསར་པ་ལ་ “སོ་མ”།  མགར་བ་ལ་ “མགའ་ར”། བུ་ལ་ “བུ་ཚ”། ལྕི་བ་ལ་ “ལྕི་ཡ”། ཁྱོད་ཀྱི་ལ་ “ཁྱོའི”། ཆར་བབས་ལ་ “གནམ་བབས”།  སྲིད་ལ་ “ཧྲིད་” སོགས་ཟེར།   དེར་འབྱོར་ན། དོལ་པོ་བ་ལ་ལས་ཇ་འདྲེན་ཆང་འདྲེན་གྱི་སྐབས་སུ་ང་ཚོ་བོད་རིགས་གཅིག་པ་ལ་ཁྱད་ཅི་ཡོད་ཟེར་བ་སོགས། སེམས་དྲོ་ཞིང་ལྗགས་འཇམ་པའི་སྣེ་ལེན་བྱས་ན། ང་ཚོ་བོད་པ་སྡོམ་པོ་ཚོར་ཡང་། རང་ས་རང་ཡུལ་དུ་སླེབས་པ་ལྟ་བུའི་དགའ་སྣང་དང་ཞེན་ཁོག་ངང་གིས་འཕེལ་ལོ། །

ཡུལ་འདིར་སྔ་དུས་སུ་ཆོས་བརྒྱུད་ས་སྐྱའང་དར་སྣང་མོད། དེང་སང་ཕལ་མོ་ཆེས་རྙིང་མ་བྱེད། རྙིང་མའི་བྱིན་རླབས་ཀྱི་ཚན་ཁས། མི་སྐྱའི་ཁྲོད་ནའང་སྒྲུབ་པ་ཉམས་ལེན་པ་མང་ཞིང་ལོ་གསུམ་ཕྱོགས་གསུམ་བཏང་དང་གཏོང་བཞིན་པ་རྒྱུན་མི་ཆད། བཟའ་ཉོག་གི་ཕ་རྒན་ལ་ལ་འཆི་ཁར་ཐུགས་དམ་ངང་གྲོལ་འགྲོ་བའང་ཁ་ཡར་འབྱུང་། ཆོས་ཟབ་ས་ན་བདུད་ཟབ་ཟེར་བ་ལྟར། མི་སྐྱ་ལ་ལ་གྲོང་ནག་ཡིན་བཞིན་དུ་རབ་བྱུང་གི་ཆ་ལུགས་གཟུང་རྒྱུར་ཅི་མི་སྙམ། ཡོན་ཁོ་ནའི་ཆེད་དུ་ག་ལ་ཡིན་མོད། ལ་ལ་ཞིག་དགེ་སློང་གི་ཆས་སུ་རྒྱ་བལ་གྱི་ཆོས་ཚོགས་སྨོན་ལམ་སོགས་སུ་ཉ་མོ་ཆུར་ཞུགས་ལྟར་འཇུག་དུས། བདག་དང་བདག་ལྟ་བུའི་སྐྱོན་རྟོག་ཅན་ཚོ་ལོག་ལྟའི་རླུང་གིས་འཁུར་ཉེན་ཅི་བས་ཆེ། འོན་ཀྱང་ཡུལ་མི་བྱིངས་ལ་མཚོན་ན། དག་སྣང་འོད་དཀར་གྱིས་ཁྱབ་པའམ་ཆོལ་ཉོག་འདམ་བག་ལ་གོམས་པ་གང་ཡིན་བཤད་ཚོད་མི་ཐིག་སྟེ། དེ་ལ་དེ་ཙམ་གྱིས་ངན་པར་མི་རྩི། ཆོས་པ་ལ་ལ་ནི་ས་མཚམས་བརྒལ་ཏེ་བོད་སར་ཡང་འགྲོ། བོད་ས་བྱང་འབྲོག་ཏུ་དགུན་ཟླ་གསུམ་མམ་བཞིའམ། ལོ་འཁོར་མོ་ཡུག་ཏུ་གྲོང་ཆོག་བྱེད་ལ། ལ་ལས་རྡོ་ལ་སྐུ་གསུང་ཐུགས་རྟེན་བརྐོས་ཏེ་གྲོང་ཆོག་བྱེད། ཕྱིར་བསླེབས་པའི་གཏམ་ལ། དེར་སྐུ་འགྱེད་ལ་ཡོན་སྨར་རབ་དང་ཁ་ཟས་ལ་ཤ་སྣུམ་རབ་གླེང་།   འོན་ཀྱང་ད་དུས་ས་མཚམས་ཀྱི་དམ་དྲག་ཚ་རུ་ཕྱིན་པས་ཐར་གྱི་མེད་ཚོད། ལོ་ཤས་གོང་ཀྲུང་གོའི་ཉེན་རྟོག་པས་དོལ་པོའི་གྲོང་ཆོག་པ་དྲུག་བདུན་ཙམ་བོད་ཀྱི་མཐའ་མཚམས་ཡུལ་གྲུ་ཁག་ནས་འཛིན་བཟུང་གིས། ཉིན་ཤས་རིང་བཀག་ཉར་དང་འདྲི་བརྩད་བྱས་རྗེས། བལ་སྒོར་ ༢༠༠༠ རེའི་ལམ་གྲོན་སྤྲད་དེ་འགྲམ་གྱི་འགག་སྒོ་ནས་ཕྱིར་ཕུད་བཏང་འདུགདེ་གའི་སྐྱེས་ཕོ་མོ་སུ་ཡིན་ཡང་། ཆོས་དད་ནི་དེང་གི་བོད་པ་དང་བསྡུར་ན་ལྷག་ཙམ་འདུག་སྟེ། ཁ་ཏོན་དགེ་སྦྱོར་ནི་ཞལ་ཐོག་ཚད་ཀྱི་ཞལ་ན་ཡོད། བྱིས་པ་སྣབས་ལུག་ཚོའི་ཁྲོད་ནའང་། ཚིག་བདུན་གསོལ་འདེབས་དང་། སྒྲོལ་མ་ཉེར་གཅིག ཤེར་སྙིང་སོགས་ཤ་ར་ར་འགྲོ་མཁན་མང་ལ། གེ་སེར་གྱི་སྒྲུང་ཧ་ཅང་སྙན་པོར་མགུར་མཁས་པའི་བྱིས་པའང་འདུག   རྒན་རབས་ཚོའི་རིང་སློབ་གྲྭ་མེད་ཀྱང་།   དགུན་དུས་བྱིས་པ་ཚོ་ཁད་ཉེའི་དགོན་པ་ཁག་ཏུ་བོད་ཡིག་དང་འདོན་ཆོས་སྦྱང་དུ་རྫོང་སྲོལ་ཡོད་པས་བོད་ཡིག་ཀློག་འཁྱོལ་ཙམ་སྐྱེས་པ་ཕལ་མོ་ཆེས་འཁྱོངས།   རྡོ་འམ་བྲག་ལ་གཟུངས་སྔགས་རྐོ་བའི་དགེ་སྦྱོར་ལ་ཤིན་ཏུ་བརྩོན་པས། འདས་གསོན་གཉིས་ཀྱི་དགེ་རྩ་ལ། སྦྱིན་བདག་གི་འཁོས་ཀ་དང་བསྟུན་ནས། སྐྱེས་པ་གཅིག་རྐྱང་ངམ་དུ་མ་བྱས་ཏེ། རི་སྟོང་ལུང་སྟོང་དུ་སྒར་བརྒྱབས་ཏེ་ཉིན་ནས་ཉིན་དང་། བདུན་ནས་བདུན། ཟླ་ནས་ཟླའི་རིང་བྲག་རི་དང་རྡོ་ངོས་སུ་སྐུ་དང་གཟུངས་སྣ་ཚོགས་རྐོ་ནས་སྡོད་སྲོལ་ཡོད། གཟུངས་བརྐོས་རྡོ་འབུམ་དང་མཆོད་རྟེན་ཆེ་ཆུང་སྣ་ཚོགས་ནི་འགྲུལ་ལམ་གྱི་མགོ་རྔ་བར་གསུམ་དང་གྲོང་ཚོའི་མཐའ་དབུས་ཀུན་ན་ཡང་ཡང་མཇལ་རྒྱུ་ཡོད། ཡུལ་གྲོང་ལ་ལར་བོན་པོའི་རྡོ་འབུམ་དང་མཆོད་རྟེན་ཡང་མཇལ་རྒྱུ་ཡོད་པས་ཐེངས་དང་པོར་སླེབས་པ་ཞིག་ཡིན་ན། འདྲ་མི་འདྲ་ཉིས་ཚོགས་ཡིན་པས་གཡས་བསྐོར་བརྒྱག་རྒྱུ་གང་དང་གཡོན་བསྐོར་བརྒྱག་རྒྱུ་གང་ཡིན་ལ་འཐོམ་པར་འགྱུར། བོན་པོའི་སྔགས་རྣམས་མཐོང་ལམ་དུ་ཡང་ཡང་མངོན་དུས། ཨ་ཙི། བན་བོན་གཉིས་ཀྱི་ཆོས་འདི་བརྗོད་བྱ་རྗོད་བྱེད་གཉི་གའི་ཐད་ནས་འདི་ལྟའི་འདྲ་ས་མང་བའི་རྒྱུ་མཚན་ཅི་ཡིན་ནམ། ནང་པས་ནི། ཆོས་ཁུངས་རྒྱ་གར་དུ་གཏུག་ཕྱིར་དང་། སྐད་ལ་བག་ཆགས་འཇོག་པ་དང་། ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་དྲན་པ་བཅས་རྒྱུ་མཚན་དུ་མའི་ཕྱིར།  རྒྱ་གར་སྐད་དུ། ཞེས་བསྟན་བཅོས་ཀྱི་མགོར་ལེགས་སྦྱར་སྨྲས་ཤིང་། གཟུངས་སྔགས་རྣམས་ཀྱང་ལེགས་སྦྱར་གྱི་སྒྲ་སོར་བཞག་གིས་བྲིས་པ་ལས་བོད་ཡིག་གཟུགས་ཅན་གྱི་སྔགས་ཡིག་རྣམས་བྱུང་བར་འདོད། འོན་ཀྱང་། བོན་པོ་རྣམས་ལ་དེ་གང་ནས་བྱུང་དང་། ཅིའི་ཕྱིར་བྱུང་གི་རྒྱུ་མཚན་ཅི་འདྲ་ཞིག་ཡོད་དམ། ཞེས་ཀྱང་དོགས་པ་ལ་འཆར་རོ།།

བཀྲིས་སྣ་ནག་མ་དང་ལྷན་ཅིག་ཏུ། །ཞེས་པ་ལྟར། དད་པ་དང་རྨོངས་དད་གཉིས་དཔུང་པ་མཉམ་གཤིབས་རེད། མོ་རྩིས་ལ་མིག་འབྲས་ལྟར་བརྩི་བར་སྣང་། སྐབས་འདིར་དཔེ་མཚོན་སྐྱི་གཡའ་བ་ཞིག་དྲན་འོངས་པ་ནི། ཐེངས་ཤིག ཨ་ཕ་ཞིག་གིས། རང་བུ་སློབ་ཆུང་བ་གཅིག་དགུན་ཁའི་གུང་གསེང་དང་བསྟུན་ཏེ་དགོན་པར་ཆོས་སྐྱོར་སྦྱང་དུ་བསྐྱལ། དེའི་རྗེས་རང་ཉིད་ཡུམ་བུར་ (དོལ་པོ་བས་རྒྱལ་ས་ཀཱ་ཐ་མན་ཌཱུར་འབོད་མིང་) ཐེགས། ཉིན་གཅིག་སྟབས་མ་ལེགས་པར་བུ་ཆུང་གད་གཡང་ལ་འགྲིལ་ཏེ་ལག་པ་ཆག  ཨ་མས་ཛ་དྲག་གིས་ཁ་པར་བཏང་བ་ལྟར། ཡུམ་བུ་ན་ཡོད་པའི་ཨ་ཕ་ལགས་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་མོ་ལ་སྐད་གྲགས་ཆོད་པའི་བོད་བླ་ཆེ་གེ་མོའི་སྐུ་མདུན་དུ་བཅར་ནས་ཛ་དྲག་མི་དྲག་དང་སྨན་ཁང་དུ་བླང་འགབ་མི་འགབ་བརྟགས། བླ་མས་མོ་བསྐོར་རྗེས་ཅང་མི་སྐྱོན་པར་གསུངས། དེར་བརྟེན་ཉིན་ཤས་ཨུ་ཚུགས་ངང་བསྡད་པའི་རིང་ཕྲུ་གུའི་ན་ཟུག་མཐུ་རུ་ཕྱིན། མཐའ་མར་བལ་སྒོར་འབུམ་བཅུ་ཕྲག་ལྷག་གིས་ཐད་འཕུར་གནམ་གྲུ་གླས་ཏེ་རྒྱལ་སའི་སྨན་ཁང་དུ་མྱུར་སྐྱོབ་བྱས། འོན་ཀྱང་དེ་དུས་སུ་སྨན་པ་ན་རེ། དུས་ཡུན་ཧ་ཅང་འགྱངས་དྲགས་པས། ལག་ངར་གྱི་རྒྱུས་ཤ་རྣམས་རུལ་བར་གྱུར་ཟིན། ད་ནི་གཅད་རྒྱུ་ལས་བཅོས་ཐབས་མེད་དོ་ཟེར། སློབ་དགེ་ཚོའི་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཡུལ་བློ་རིག་པ་འགྲན་ཟླ་བྲལ་བའི་བུ་ཆུང་ལྷ་རིགས་འདྲ་བ་དེ་ད་ལྟ་ལག་ལྡུམ་དུ་ཡོད། གེ་སར་གྱི་སྒྲུང་ན། ལྷ་བ་མོ་བ་རྩིས་པ་གསུམ། །འཇིག་རྟེན་ཁམས་ཀྱི་རྫུན་རྐྱལ་ཡིན། ཟེར་པ་ལྟར། རྫུན་རྐྱལ་དང་གཅིག དད་པའི་རྗེས་འབྲང་དང་གཉིས། ལས་ངན་དང་གསུམ་ཚོགས་ན།  མཇུག་འབྲས་ནི་འདི་འདྲ་རེ་ལས་ཅི་འོང་། དེ་གར་ལྷ་རྗེ་དག་གིས་སྲོལ་རྒྱུན་གྱི་ལམ་ནས་བཤའ་བཅོས་བྱས་པའི་ལག་ལྡུམ་དང་རྐང་ལྡུམ་ཡང་མཐོང་ཐོས་སུ་ཡོད།  དེང་རབས་ཀྱི་སྨན་ཁང་ནི། བི་ཇེ་ཟེར་བའི་ལུང་མཐིལ་གྱི་གྲོང་ཚོ་ཞིག་ཏུ་ནུབ་གླིང་པས་སྦྱིན་བདག་བགྱིས་ཏེ་བརྒྱབས་པ་གཅིག་རང་ཙམ་ཞིག་ཡོད་མོད། དེ་ཡང་ཆ་མི་ཚང་ལ། འགྲིམ་འགྲུལ་ཡང་ལ་མཐོན་པོ་དང་རི་ངོགས་གཟར་མོ་དག་བརྒྱུད་དགོས་པས་ནད་པ་ལྗིད་མོ་རྣམས་སླེབས་ཐབས་བྲལ། རྒན་གཞོན་ཅི་རིགས་པའི་ནད་པ་མང་པོ་ལུས་པོ་སྟན་ལ་འབྱར་ཞིང་། ཤ་སྐམ་ཁྲག་བྲི་ངང་དུ་ག་ལེར་ལྔ་ལམ་སྙེག་པ་མཐོང་དུས། དེང་རབས་ཚན་རྩལ་གྱི་བཀའ་དྲིན་ཡང་ཡིད་ལ་མི་འཁོར་བའི་རང་དབང་མེད།

ལུང་གཤོང་རྣམས་ཁོད་དོག་པའི་དབང་གིས་ཐོན་སྐྱེད་ཀྱི་བསྐྱེད་ཤིན་ཏུ་ཆུང་། དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་གཅིག་ནི་དབྱར་རྩྭ་དགུན་འབུ་རེད། སྤྱི་ཟླ་ལྔ་བའམ་དྲུག་པའི་བར་ཙམ་ལ། ཆུ་ཐང་དང་མེ་ཏོག་ཐང་སོགས་སུ་འབོད་པའི་ས་མཐོ་རི་ལུང་རྣམས་སུ་འབུ་འཐུ་རུ་འགྲོ། རང་རེའི་སྔ་མོའི་འཁྲུངས་རབས་རྟོགས་བརྗོད་རྣམས་སུ། དོན་མཐུན་རྣམས་ཡིད་བཞིན་གྱི་ནོར་བུ་ལེན་དུ་ཆུ་སྲིན་གྱི་མཚོ་དང་སྲིན་མོའི་གླིང་བརྒྱུད་པར་གསུངས་པ་ལྟར། འབུ་འཐུ་རྣམས་ཀྱང་ད་དུས་ན་ཉེན་ཁའི་འཕྲང་བརྒྱུད་དགོས། གང་ལ་ཟེར་ན། མེ་མདའ་ཐོགས་པའི་ཇག་རྐུན་མང་པོ་ཧམ་སྤྱོད་ཀྱི་མཚོ་བརྡོལ་བའི་མོན་ཐང་གི་གྲོང་ཁྱེར་དག་ནས་འབྱོར་ཏེ། བརྡུངས་ཏེ་འཕྲོགས་པ་དང་། བསད་དེ་འཕྲོག་པ། འཇིགས་སྣང་བསྐུལ་ཏེ་འཕྲོག་པ་སོགས། བོད་རིགས་ཉམ་ཆུང་ཚོ་ཨ་ཆད་ཨུ་ཐུག་ལ་གཏོད་གི་ཡོད། དོན་རྐྱེན་ཅི་འདྲ་ཞིག་བྱུང་ཡང་། ཉེན་རྟོག་པ་ནི་གླིང་གཞན་ཞིག་ནས་འོང་གི་ཡོད་པ་བཞིན་དུས་ལྟར་འབྱོར་དཀའ་བས། བྱ་རོག་ཁ་ཤ་ཁྱེར་ནས་འཕུར་ཤུལ་དུ་ཁྱིས་རྒྱུགས་ནས་དྲི་མ་སྣོམ་ཙམ་བྱེད་པ་དང་མཚུངས་ཏེ། ཉེས་ཅན་རྣམས་གར་སོང་ཆ་མེད་དུ་གྱུར་ནས་ཡུན་རིང་འགོར་རྗེས། ཁོང་ཚོ་སླེབས་ཏེ་སྐད་ཆ་ཙག་ཙིག་རེ་ཉན་རྗེས་ཕྱིར་ལོག་འགྲོ།  དེར་བརྟེན་རོང་པའི་ (མོན་པ་ཡང་ཟེར་ཏེ། དོལ་པོ་བས་བལ་པོ་ལ་འབོད་མིང་)། རྐུན་ཇག་ཚོས་བྷོཊ་ (རོང་པས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་ལ་འབོད་མིང་) གཅིག་དང་ཁྱི་གཅིག་བསད་པ་འདྲ་འདྲ་ཞེས་སྨྲས་པའི་གཏམ་ཡང་གོ་རྒྱུ་འདུག ལྷག་པར་འབུ་ཡི་རིན་གོང་ཇི་ལྟར་འཕེར་བ་དེ་ལྟར་རོང་ཐང་ནས་མོན་པ་འབུ་འཐུ་བའི་གྲོག་ཚང་བརྡོལ་ཏེ།  ཡུལ་ས་ཡུལ་མིའི་སྐལ་བ་དེ་ཆ་བགོས་ཡང་བགོས་སུ་འཁྱེར་གི་ཡོད།

སྤྱི་ཟླ་དྲུག་པའི་ནང་བལ་བོད་ཚོང་སྒོ་འབྱེད། དེ་དུས་ས་མཚམས་ཕྱོགས་གཉིས་ཀྱི་ཡུལ་ཚོ་ཁག་གི་དབར་བརྡ་ཡིག་སྐྱེལ་རེས་ཀྱིས་ཚོང་དུས་འདེབས། བོད་ཀྱི་འབྲོང་པ་རྫོང་དང་དོལ་པོའི་བར་ན་ལ་སྟོད་ཚོང་ར་དང་ལ་སྨད་ཚོང་ར་ཞེས་ཚོང་འདུས་ས་ཚིགས་གཉིས་ཡོད། ལོ་ལྟར་དེ་གཉིས་སུ་ཉིན་བཅོ་ལྔའམ་ཉི་ཤུ་ཙམ་གྱི་རིང་ས་མཚམས་ཀྱི་རྒྱལ་སྒོ་འབྱེད། རྒྱ་བོད་ཚོང་པ་ཚོས་ཐང་སྟོང་དུ་སྒར་བཏབ་སྟེ་ཚོང་ཟོག་སྣ་ཚོགས་བཤམས་ནས་སྒུག  དོལ་བོ་བ་རྣམས་རྟ་དྲེལ་དང་མཛོ་གཡག་ཁྱུ་འདེད་བྱས་ཏེ་ཚོང་ལ་འགྲོ། ལ་ཤས་ཀྱིས་ར་ལུག་ཀྱང་ཁེལ་མར་འདེད། ཉིན་གྲངས་གཉིས་སམ་གསུམ་མམ། ཡུལ་གྲོང་ལ་ལ་ནས་ཉིན་གྲངས་བདུན་ཡན་འགྲུལ་བཞུད་བྱེད་དགོས། ཚུར་ལོག་དུས་ཀྱང་དེ་ཙམ་མོ། །འདི་ནི་ ལོ་གཅིག་གི་མཁོ་དངོས་ཡོངས་རྫོགས་བསྒྲུབ་པའི་གོ་སྐབས་ཡག་ཤོས་ཡིན་ཏེ། དུས་ཚོད་འདི་ཡོལ་ན། བོད་ལ་ས་མཚམས་ཀྱིས་མི་ཐར། མོན་ཐང་ལ་ལམ་ཐག་གིས་སྙོབས་དཀའ། དེ་བས་ཚོང་ཟོག་རྙེད་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མིན། རྙེད་ཀྱང་རིན་གོང་ལྡེབ་ལྔའམ་དྲུག་ཙམ་འཕེར་འགྲོ།

ཡུལ་མི་རྣམས་ལ་དེང་དུས་ཀྱི་སློབ་སྦྱོང་མེད་པས་ཚོང་པ་ཁྲམ་པ་ཚོས་གོ་སྐབས་ལེན། དཔེར་ན། དུས་གེགས་ལོ་གསུམ་ཡན་ཡོལ་བའི་བཟའ་བཏུང་ཡང་ཉོ་ཞིང་སྤྱོད། ཚོང་འདུས་དེར་སྔར་ཡིན་ན་ཟ་ཁང་དང་ཚོང་ཁང་ལས་མེད་ཀྱང་། དེང་དུས་སུ། བོད་ས་ནས་ལོ་ཆུང་གཞོན་ནུ་མའི་ཚོགས་སླེབས་ཏེ། ཆང་ཁང་དང་ཞབས་བྲོ་ཁང་ཡང་ཕྱེས་ཏེ་མདོ་མེད་ལ་ལ་སྒྱུ་མའི་གྲོང་དུ་འཁྲིད་རྗེས་མྱ་ངམ་ཐང་དུ་འདོར་གྱི་ཡོད་ཚོད།

འགྲོས་འཕེར་བ་རྣམས་ཚོང་ལ་ཐེགས་ཤུལ་དུ་རྒན་བྱིས་འབའ་ཞིག་ལྷག་སྟེ། མཚན་གཉིད་མི་ཁུགས་ཙམ་དུ་རེ་སྒུག་བྱེད་མཁན་ནི་བྱིས་པ་ཚོ་རེད། གང་ལ་ཟེར་ན། འཕྱོས་མ་ལ་རོ་བཅུད་སྣ་ཚོགས་པའི་ཟས་རིགས་དང་། རྣམ་པ་སྣ་ཚོགས་པའི་ཆས་གོས་འབྱོར་སྟེ། ལྷམ་པ་དང་ཨི་ཁུང་སུ་རྒྱལ་འགྲན་པའི་ཞྭ་གོས་ལྷམ་རྙིང་རྣམས་ཐེངས་གཅིག་བརྗེ་བའི་དགའ་སྟོན་ཤར་རྒྱུ་ཡིན་པས་སོ།།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་གཙི་ཞུས།

སྐར་མ ༣ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦
གངས་་སྐྱིད་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༨ པ་སྲུང་གཙི་གནང་།  ༢༠༢༥།༠༥།༡༦ དུས་བབ་ཀྱི་པར།
Mobile App

བོད་ཀྱི་སྒྱུ་རྩལ་པས་སྒྱུ་རྩལ་བརྩམས་ཆོས་ཀྱི་ཐོག་ནས་བོད་དོན་འགྲེམས་སྟོན་བྱས།

༢༠༢༥/༠༥/༡༦
Advertisement for App

འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༥/༠༥/༡༦
The people involved in the brawl received administrative penalties on Friday. Photo: Handout (SCMP)
Mobile App

རང་བཙན་ནམ་འཇིགས་སྐུལ་བའི་དོགས་ཟོན་འོག་མི་ ༣༡ འཛིན་བཟུང་བྱས།

༢༠༢༥/༠༥/༡༥

མཆན། 8

  1. ཚེ་སྒྲུབ་བསྟན་འཕེལ། says:
    ལོ་ 7 སྔོན།

    དོལ་པོའི་སྐོར་རང་མྱོང་རྩོམ་ཡིག་སྤེལ་བར་སྙན་ཐལ་ལོ་ཞུ་རྒྱུ་དང་། མུ་མཐུད་རྩོམ་ཡིག་སྤེལ་འཆར་ཡོད་བཟོ་འདུག་པས་དགའ་བསུ་ཞུ།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    དོལ་པོའི་སྐད་ཡིག་བོད་ཡིག་རེད་།
    དོལ་པོའི་རིག་གཞུང་བོད་ལུགས་རེད་།
    དོལ་པོའི་མི་ཁུང་བོད་རིགས་རེད་།
    དོལ་པོའི་ཁ་ཟས་བོད་ཟས་རེད་།
    དོལ་བོད་བསམ་བློ་གཅིག་པ་རེད་།
    དོལ་བོད་བསྟན་པ་དར་པ་ཤོག་།

    Reply
  3. རང་ཤར་རིག་གྲོལ་རྩལ says:
    ལོ་ 7 སྔོན།

    ཡག་པོ་བྲིས་འདུག འོན་ཀྱང་བོན་པོར་རྒྱུས་ཡོད་ས་་མ་རེད་སྙམ། བོན་པོའི་སྔགས་ཡིག་རྣམས་ཞང་ཞུང་གི་སྐད་རེད། དེའི་ཕྱིར་བོན་ཆོས་ཕལ་མོ་ཆེའི་འགོ་བརྗོད་དུ་ཞང་ཞུང་སྐད་དུ་ཟེར་གྱི་ཡོད་པ་རེད། གཡུང་དྲུང་ལྷའི་སྐད་ཟེར་བའང་འདུག ཞང་སྐད་དང་རྒྱ་གར་སྐད་ནང་ན་འདྲ་ས་ཡང་འདུག །།

    Reply
  4. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    བོད་ས་ཤོར་ནས་བཙན་བྱོལ་དུ་ཡོང་སྐབས་གློ་དང་དོལ་པོ་རོང་རྒྱུད་ནས་ཡོང་མཁན་ཞིག་ཡིན་པས་
    ཁྱེད་ཀྱི་དོལ་པོ་རོང་གི་འཚོ་བའི་སྐོར་གསལ་སྟོན་གནང་བ་དགའ་པོ་བྱུང་གློ་སྨན་ཐང་དང་ཕྲིན་དཀར་ཆུ་མིག་
    བརྒྱ་རྩ་དཱངས་དཀར་དང་ཕ་ལག་སང་ཐག་བ་རོང་དང་དམུ་ཞང་ཏི་ཅུ་རོང་སོགས་རྒྱུད་ལ་ལོ་མང་
    འཚོ་བ་བསྐྱལ་ནས་སྡོད་མྱོང་མཁན་ཞིག་ཡིན་པས་ཁྱེད་ཀྱིས་དཔྱད་རྩོམ་དངོས་འབྲེལ་སྤྲེལ་བ་བཀྲིན་ཆེ་ཐུགས་རྗེ་ཆེ་།

    Reply
  5. སྲས་སྐུ་ངོ་། says:
    ལོ་ 7 སྔོན།

    ཧ་ཅང་སྙན་པོ་བྱུང་།

    Reply
  6. དམར་ཁ་ཚ། says:
    ལོ་ 7 སྔོན།

    ཧ་ཅང་ཡག་པོ་བྲིས་འདུག གནམ་གྲུ་ཞོན་ནས་ཟེར་བ་ཅུང་མ་བདེ་བ་འདྲ་འདུག གནམ་གྲུར་བསྡད་ནས་ཟེར་ན་དགའ་བ་མེད་འགྲོ་སྙམ།

    Reply
    • chakdo says:
      ལོ་ 7 སྔོན།

      who

      Reply
      • chakdo says:
        ལོ་ 7 སྔོན།

        རྩོམ་མཁན་སུ་ཡིན་ནམ།

        Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese