གནམ་ལོ་གསར་པའི་བཀྲ་ཤིས་དགའ་སྟོན་དང་སྟབས་བསྟུན་འདི་ག་བོད་ཀྱི་དུས་བབ་གསར་ཁང་ནས་ཕྱི་ལོ་ ༢༠༡༨ ལོའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་མཛད་པ་རྒྱ་ཆེན་ཁག་ལས་ཉི་ཤུ་ལྷག་ཕྱོགས་སྒྲིག་ཞུས།
ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས ༡ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་གནང་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། འབྲས་ལྗོངས་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་བྷི་པི་སིངྒ་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སོགས་སྐུ་མགྲོན་རྣམ་པའི་དབུས་གཙུག་ལག་སློབ་ཁང་དེའི་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བར་བླངས་དོར་གྱི་བཀའ་སློབ་བསྩལ་སྐབས། འདིར་ང་ཚོས་བོད་ཀྱི་མཐོ་སློབ་ཟེར་བཞིན་ཡོད་པ་ལྟར། སློབ་གཉེར་ཁང་འདི་འདྲ་ཞིག་བཙུགས་ནས་གྲུབ་འབྲས་འདི་ཙམ་ཞིག་ཐོན་ཡོད། ཉིན་གཅིག་དང་ལོ་གཅིག་ནང་བསྒྲུབ་ཐུབ་རྒྱུ་མ་རེད། ལོ་མང་པོའི་རིང་ལ་འབད་བརྩོན་བྱས་ཏེ་མི་རབས་རྒན་པ་མང་པོ་ཞིག་འདས་གྲོངས་སུ་གྱུར་ཟིན་ཡོད། དེར་བརྟེན་མི་རབས་ནས་མི་རབས་འབད་བརྩོན་སྙིང་སྟོབས་བསྐྱེད་པའི་འབྲས་བུ་རེད་ཅེས་སོགས་བཀའ་སློབ་ཟབ་རྒྱས་བསྩལ་ཡོད་པ་དང་། མཇུག་ཏུ་གཙུག་ལག་སློབ་ཁང་གི་སློབ་ཟུར་ཡོངས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད།
འདས་ལོའི་གནས་མཆོག་རྡོ་རྗེ་གདན་གྱི་ཆོས་འབྲེལ་ཐེངས་དང་པོ། ཕྱི་ལོ་ ༢༠༡༨ ཟླ ༡ ཚེས་ ༥ ནས་ ༧ བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ། རྒྱ་གར་གྱི་དད་ལྡན་ཆོས་ཞུ་བ་ཚོར་འཁོར་ལོ་བསྐོར་བའི་མདོ་དང་སཱ་ལུ་ལྗང་པའི་རྟེན་འབྲེལ་གྱི་མདོའི་བཀའ་ཆོས་བསྩལ་བ་དང་། ཕྱི་ཚེས་ ༡༤ ནས་ ༢༦ བར་ཕྱི་ནང་གི་དད་ལྡན་སེར་སྐྱ་མི་མང་ཁྲི་ ༥ ཙམ་ལ་བདེན་པ་བཞི་དང་སཱ་ལུའི་ལྗང་པའི་མདོ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་བཀའ་ཆོས་དང་། འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་དང་། བདེ་མཆོག་གི་དབང་། འཇིགས་བྱེད་དཔའ་བོ་གཅིག་པའི་བཀའ་དབང་། ཤེས་རབ་སྙིང་པོ་དང་རྡོ་རྗེ་གཅོད་པའི་གསུང་ཆོས་བཅས་བསྩལ་ཡོད་པ་དང་། རྒྱ་གར་གྱི་སློབ་གྲྭ་ཁག་ཅིག་གི་སློབ་མར་ཀུན་ཁྱབ་སྤྱོད་བཟང་དང་འབྲེལ་བའི་ཤེས་ཡོན་གོང་སྤེལ་སྐོར་ལ་བླང་དོར་གྱི་བཀའ་སློབ་གནང་ཡོད་པ་རེད། ཕྱི་ཟླ་ ༥་ཚེས་ ༢༦ ཉིན་གནས་མཆོག་རྡོ་རྗེ་གདན་དུ་སོག་པོའི་བླ་མའི་དགེ་རྒན་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་རིན་པོ་ཆེ་མཆོག་དང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་བརྟན་བཞུགས་བསྟར་འབུལ་ཞུས།
རྒྱ་གར་རྒྱལ་ཡོངས་དགེ་རྒན་ལྷན་ཚོགས་ལ་བཀའ་སློབ་བསྩལ།ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༠ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་མ་ཧ་ར་ཤི་ཌ་མངའ་སྡེའི་གྲོང་ཁྱེར་པུ་ནེ་རུ། རྒྱ་གར་རྒྱལ་ཡོངས་དགེ་རྒན་ལྷན་ཚོགས་(National Teachers Congress)ཀྱི་ཚོགས་འདུ་ཐེངས་གཉིས་པའི་མཛད་སྒོའི་ཐོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། གྲོང་ཁྱེར་པུ་ནེའི་སྤྱི་ཁྱབ་སྐུ་ཞབས་མུག་ཏ་ཏི་ལག་ (Mukta Tilak)ལགས་ཀྱི་དབུས་ཕྱི་རྒྱལ་ནས་ཕེབས་པའི་དགེ་རྒན་དང་། རྒྱ་གར་གྱི་ས་ཁུལ་གང་ས་ནས་ཕེབས་པའི་དགེ་རྒན་ ༡༠༠༠ ལྷག་ལ་བཀའ་སློབ་ལམ་སྟོན་བསྩལ་སྐབས། དེང་རབས་ཤེས་ཡོན་ལམ་ལུགས་ཀྱིས་འགྲོ་བ་མིའི་ནང་སེམས་ཀྱི་རིན་ཐང་ལ་དོ་སྣང་བྱེད་ཀྱི་མེད་པ་དང་། དེང་རབས་ཤེས་ཡོན་ལམ་ལུགས་ནང་བྱམས་པ་དང་འགྲོ་བ་མིའི་བཟང་སྤྱོད་སྐོར་སློབ་སྦྱོང་སྤྲད་དེ་དེང་རབས་ཤེས་ཡོན་ལམ་ལུགས་དེ་ཆ་ཚང་བ་ཞིག་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་སོགས་བཀའ་བསྩལ། ཕྱི་ཚེས་ ༡༤ ཉིན་གྲོང་ཁྱེར་པུ་ནེ་ཁུལ་གྱི་བོད་པ་ཚོར་མཇལ་ཁ་དང་བཀའ་སློབ་བསྩལ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ ༥༩ འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གི་མཐོ་རིམ་མི་སྣ་གནས་ཚུལ་དངོས་ལ་བསམ་བློ་གཏོང་མཁན་དེ་ཚོའི་གྲས་ཀྱིས་རྒྱ་ནག་གི་ད་ལྟའི་སྲིད་བྱུས་འདི་འགྲིག་གི་མེད་པ་དང་། ནོར་འཁྲུལ་ཡིན་པར་བསམ་བློ་གཏོང་མཁན་ཡོད་པ་དང་། རིམ་པས་འགྱུར་བ་ཏན་ཏན་ཡོང་གི་རེད་ཅེས་བཀའ་བསྩལ་ཡོད་པ་རེད།
སེམས་དང་སྲོག་གི་ཚོགས་འདུ་ཐེངས་ ༣༣ པའི་ཚོགས་མགོན་དུ་ཕེབས། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༢ ཉིན། བཞུགས་སྒར་དྷ་སའི་ཐེག་ཆེན་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་དབུ་བཞུགས་ཐོག་ཉིན་གྲངས་གཉིས་རིང་། སེམས་ཁམས་རིག་པ་དང་དབང་རྩའི་ཚན་རིག་བར་བགྲོ་གླེང་གནང་ཡོད་པ་དང་། ཚོགས་འདུའི་ཐོག་འཛམ་གླིང་ནང་གྲགས་ཆེ་བའི་ཚན་རིག་པ་ཁག་ཅིག་དང་གདན་ས་ཁག་གི་གཙོས་བོད་བརྒྱུད་ནང་བསྟན་གྱི་མཁན་བླ་དགེ་འདུན་པ་སོགས་ཁྱོན་མི་གྲངས་ ༢༠༠ བརྒལ་བ་འཛོམས་ཡོད་པ་རེད། ཚོགས་འདུའི་ཉིན་དང་པོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ཚོགས་བཅར་བ་ཚོས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གཞི་རྩར་བཟུང་བའི་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་ཐད་གོ་བསྡུར་གནང་ཡོད་པ་དང་འབྲེལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དེའི་སྐོར་ལ་བཀའ་སློབ་བསྩལ་སྐབས། ངོས་ནས་ཚན་རིག་པ་དང་ལྷན་བགྲོ་གླེང་བྱེད་དགོས་དོན་གཙོ་བོ་གཉིས་ཡོད་ལས་གཅིག་ནས་སྐུ་སྒེར་གྱི་ཚན་རིག་ཤེས་བྱའི་གནས་ལ་གོ་རྟོགས་ཡར་རྒྱས་གཏོང་ཆེད་དང་། གཉིས་ནས་ཚན་རིག་ལ་གཞི་བཅོལ་ནས་མིའི་ནང་གི་བྱམས་བརྩེ་དང་། བཟོད་སྲན། ཆོག་ཤེས་སོགས་བཟང་སྤྱོད་ཀྱི་རིན་ཐང་དེ་དག་གོང་འཕེལ་གཏོང་ཆེད་ཡིན་པ་སོགས་བཀའ་བསྩལ།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དབུ་བརྙེས་བའི་དུས་དྲན་ལ་འཚམས་འདྲི་མཛད། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༦ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དབུ་བརྙེས་ཏེ་ལོ་འཁོར་ ༣༠ ལོན་པར་འཚམས་འདྲི་མཛད་གནང་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁྱེད་རང་ཚོའི་ཚོགས་པ་དེར་མཚོན་ན་བཙུགས་ནས་ལོ་ངོ་ ༣༠ རིང་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་ཡོད་པ་དང་། ངོས་ཀྱིས་དུས་རྟག་ཏུ་བོད་དོན་ལ་རྒྱབ་སྐྱོར་བྱས་པ་དེ་བོད་མིར་རྒྱབ་སྐྱོར་བྱས་པ་ཙམ་མིན་པར་བདེན་དོན་ལ་རྒྱབ་སྐྱོར་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཡོད། ཕྱི་ལོ་ ༡༩༥༠ ལྔ་གྲངས་ཀྱི་ལོ་མཇུག་དང་ཕྱི་ལོ་ ༡༩༦༠ སྐབས་རྒྱ་ནག་དམར་ཤོག་གི་མགོ་འཁྲིད་མཁྲེགས་འཛིན་པ་དེ་ཚོས་དྲག་པོའི་དམག་ཤུགས་འོག་ནས་བོད་ཀྱི་གནད་དོན་དེ་རྩ་མེད་དུ་གཏོང་ཐུབ་རྒྱུ་ཡིན་པར་ཡིད་ཆེས་བྱས་ཡོད། འོན་ཀྱང་ད་ཆ་ལོ་ངོ་ ༦༠ འཁོར་ལ་ཉེ་བའི་མཚམས་འདིར་ཡང་བོད་ཀྱི་གནད་དོན་ནམ་ཡང་རྩ་ཡལ་དུ་གཏོང་མ་ཐུབ་པར་གནས་ཡོད། བོད་ཀྱི་གནད་དོན་དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྐྱང་པ་ཞིག་ལ་ངོས་འཛིན་བྱེད་མི་རུང་། བོད་ཀྱི་གནད་དོན་བརྗོད་སྐབས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་བཅས་པར་སྲུང་སྐྱོབ་ཀྱི་གནད་དོན་ཞིག་ཆགས་ཡོད། ཅེས་སོགས་བཀའ་བསྩལ།
རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་བཀའ་སློབ་བསྩལ། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ཉིན་དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་ཚོགས་སྐབས། རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་སྐུ་ཞབས་མ་ཧེ་ཤི་ཤརྨ་མཆོག་དང་། བྷི་ཇེ་པི་ཆབ་སྲིད་ཚོགས་པའི་དྲུང་ཆེ་རཱམ་མདབ་(Ram Madhav)མཆོག་གི་གཙོའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་མི་གྲངས་ ༥༠༠༠ ཡས་མས་ལ་བཀའ་སློབ་བསྩལ་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྔོན་ཆད་ང་ཚོ་བོད་ནས་བྲོས་བྱོལ་དུ་ཡོང་སྐབས་སེམས་ནང་དངངས་སྐྲག་ཡོད། ལྷ་སར་དྲག་གནོན་ཧ་ཅང་བྱས་པའི་གནས་ཚུལ་ཡོད་སྟབས་སེམས་ཞུམ། སེམས་སྐྱོ་ནས་མ་འོངས་པར་གང་འདྲ་བྱེད་ཡོང་བསམས་པའི་བློ་གཡེང་བྱས་ནས་ཡོང་བ་རེད། རིམ་བཞིན་རྒྱ་གར་གཞུང་གིས་གཟིགས་སྐྱོང་གནང་རྒྱུའི་གདེང་སྤོབས་ཕྲན་བུ་ཐོབ་སྐབས་སེམས་ནང་སྤོབས་པ་ཞིག་རྙེད་པ་དེ་འདྲ་རེད། ང་ཚོའི་སེམས་ནང་རང་བཞིན་གྱིས་རྒྱ་གར་འཕགས་པའི་ཡུལ་ཞེས་སེམས་གྱི་གཏིང་ནས་དད་མོས་དང་གུས་བཀུར་བྱ་རྒྱུའི་འབྲེལ་བ་ཞིག་ཆགས་ཡོད་པ་ལྟར། འདས་པའི་ལོ་བཅུ་ཕྲག་འགའི་ནང་རྒྱ་གར་གཞུང་མང་གཉིས་ཀྱི་གཟིགས་སྐྱོང་དང་རྒྱབ་སྐྱོར་འོག་བཙན་བྱོལ་བོད་མི་རྣམས་ཕྱོགས་གང་ཐད་ནས་མགོ་བོ་བཀྱག་བཀྱག་བྱེད་པའི་གོ་སྐབས་བྱུང་ཡོད་པས། རྒྱ་གར་གཞུང་མང་གཉིས་བཀའ་དྲིན་ཆེན་པོ་ཡིན་སྐོར་བཀའ་བསྩལ།
༧པན་ཆེན་ཡང་སྲིད་རིན་པོ་ཆེ་སྐུ་འཚོ་བཞུགས་ཡིན་པའི་ཁུངས་ལྡན་གནས་ཚུལ་གོ་ཐོས་བྱུང་སྐོར་གསུངས། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༢ ནས་ ༢༤ བར་ཉིན་གྲངས་གསུམ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱལ་གར་རྒྱལ་ས་ལྡི་ལི་རུ་ཚོགས་པའི་སྲིད་བློན་ནེ་རུ་མཆོག་གི་རྗེས་དྲན་མཛད་སྒོ་དང་། ལཱལ་བྷ་ཧཱ་དུར་ཤཱསྟྲི་འཛིན་སྐྱོང་བསྟི་གནས་ཁང་(Lal Bahadur Shastri Institute of Management)གི་བསླབ་པ་མཐར་སོན་གྱི་མཛད་སྒོ། དེ་བཞིན་རྒྱ་གར་འཕྲུལ་རིག་སྦྱོང་བརྡར་བསྟི་གནས་ཁང་གི་ཚོགས་འདུ་བཅས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་དང་། ལྡི་ལི་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཕྱིར་བཞུགས་སྒར་དུ་ཆིབས་ཞབས་སྐྱོང་སྐབས། གྷ་གྷལ་ (Gaggal Airport)གནམ་ཐང་ནས་གསར་འགོད་པ་ཞིག་གིས་དེ་རིང་ནི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཡིན་པས་དགོངས་ཚུལ་ཅི་ཡོད་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནས་ཚུལ་དེ་ཏོག་ཙམ་རྙོག་དྲ་ཚ་བོ་རེད། རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཅིག་བདམས་པ་རེད། དེ་ནས་ངོས་ནས་ཀྱང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་འཚོལ་ལམ་ལུགས་ལྟར་བྱས་ནས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཅིག་ངོས་འཛིན་བྱས་པ་ཡིན། ངོས་ཀྱི་རེ་བར་རྒྱ་ནག་གཞུང་གིས་བདམས་པའི་༧པཎ་ཆེན་ཡང་སྲིད་ཁོང་དགེ་བའི་བཤེས་གཉེན་ཚད་ལྡན་ཞིག་གི་དྲུང་ནས་བསླབ་པ་སློབ་གཉེར་ཚུལ་བཞིན་གནང་བཞིན་ཡོད་ཤག་དང་། དེ་བཞིན་ངོས་ཀྱིས་ངོས་འཛིན་བྱས་པའི་༧པཎ་ཆེན་རིན་པོ་ཆེར་མཚོན་ན། ཁོང་གི་སྐོར་ད་བར་གནས་ཚུལ་གང་ཡང་ཤེས་རྟོགས་རྩ་བ་ཉིད་ནས་མེད་པར་གར་སོང་ཆ་མེད་ལྟ་བུ་ཆགས་ཡོད་ཀྱང་། ཕྱིས་སུ་ཁུངས་ལྡན་གནས་ཚུལ་ལྟར་ན་ད་ལྟ་ཁོང་སྐུ་འཚོ་བཞུགས་ཡིན་པ་དང་། རྒྱུན་ལྡན་གྱི་སློབ་སྦྱོང་གནང་མུས་ཡིན་པའི་གནས་ཚུལ་གོ་ཐོས་བྱུང་སྐོར་གསུངས་ཡོད་པ་རེད།
ཨུ་རུ་སུའི་ཚན་རིག་པ་དང་ནང་པའི་མཁས་དབང་བར་བགྲོ་གླེང་མཛད། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣ ཉིན། བཞུགས་སྒར་དྷ་སའི་ཐེག་ཆེན་གཙུག་ལག་ཁང་དུ། བོད་སྐྱོབས་ཐེབས་རྩ་ཁང་གིས་གོ་སྒྲིག་གནང་ཞིང་། ཨུ་རུ་སུའི་རྒྱལ་ས་མོ་སུ་ཁའི་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་རྣམ་ཤེས་བརྟག་པའི་སྡེ་ཚན་དང་། ཨུ་རུ་སུའི་ཚན་རིག་སློབ་གཉེར་ཁང་གི་ལྟ་གྲུབ་སློབ་གཉེར་ཁང་ཐུན་མོང་ནས་མཐུན་འགྱུར་ཞུས་ཏེ། ཨུ་རུ་སའི་ཚན་རིག་མཁས་དབང་ཁག་ཅིག་དང་ནང་པའི་མཁས་དབང་བར་འཇིག་རྟེན་ཁམས་ལ་དཔྱད་པ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཐེངས་གཉིས་པ་ཚོགས་ཡོད་པ་དང་། བགྲོ་གླེང་དབུ་འཛུགས་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངོས་ནས་འདས་པའི་ལོ་ངོ་ ༣༠ ལྷག་རིང་དེང་དུས་ཀྱི་ཚན་རིག་པ་དང་ལྷན་བགྲོ་གླེང་བྱས་པ་དང་། ལོ་ངོ་སུམ་ཅུ་ལྷག་གི་རིང་དེང་གི་ཚན་རིག་པ་དང་ལྷན་འཇིག་རྟེན་ཆགས་འཇིག་གི་སྐོར་དང་། ཚད་རྡུལ་དངོས་ཁམས་རིག་པ། དབང་རྩའི་ཚན་རིག སེམས་ཁམས་རིག་པ་བཅས་སྡེ་ཚན་བཞིའི་སྐོར་གོ་བསྡུར་བྱས་ཡོད་པ་དང་། དེང་སྐབས་ཚན་རིག་པ་ཚོས་གསུང་གི་ཡོད་པའི་འཇིག་རྟེན་ཁམས་ཀྱི་རིག་པ་(Cosmology)དང་། གས་ཐོར་ཆེན་པོའི་ལྟ་གྲུབ་(Big Bang Theory )སོགས་ནི་ང་ཚོ་ནང་པའི་གཞུང་ནས་ཀྱང་གསུངས་ཡོད་ཅེས་དང་། དེང་དུས་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོའི་མཐུན་རྐྱེན་ཁྲ་ཁྲ་ཟིང་ཟིང་དེ་དག་ལས་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས་སོགས་བཟང་པོའི་རིན་ཐང་སོགས་ཀྱིས་ཕོངས་བཞིན་ཡོད་པས། དེང་རབས་ཤེས་ཡོན་ནང་དུ་བྱམས་བརྩེ་དང་བཟང་པོའི་རིན་ཐང་གོང་འཕེལ་གཏོང་གལ་ཆེ་སྐོར་བཀའ་སློབ་བསྩལ།
ཨ་རིའི་གཞུང་ཚབ་ཆེན་མོས་ཕོ་བྲང་དུ་མཇལ་བཅར་ཞུས། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༤ ཉིན། རྒྱ་གར་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཀན་ནེ་ཐི་(Kenneth I.Juster)མཆོག་དང་། ཁོང་གི་ཕྱག་རོགས་སྐུ་ཞབས་ཨ་ནུད་ཐཱ་ཁུ་(Anood Taqui)ལགས། ཌེ་རེག་ཝེ་སི་ཧྥོ་(Derek Westfall)། ཨ་རི་རོགས་ཚོགས་ཀྱི་ལས་བྱེད་ཐོ་མ་སི་ཁི་སི་(Thomas Kress)ལགས་དང་། ར་ཇི་མར་ཝ་ཧ་(Raj Marwaha)ལགས་བཅས་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་ཞུས་ཡོད་པ་དང་། སྐབས་དེར་གཞུང་ཚབ་ཆེན་མོ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གང་མགྱོགས་ཨ་རིའི་ནང་ཆིབས་སྒྱུར་སྐྱོང་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སེམས་ནང་ཞི་བདེ་སྐྲུན་པ་བརྒྱུད་འགྲོ་བ་མིའི་ཁྱིམ་ཚང་ཆེན་མོའི་ནང་བདེ་སྐྱིད་སྐྲུན་ཐབས་དགོས་སྐོར་བཀའ་བསྩལ་ཡོད་འདུག
ཡུ་རོབ་གྲོས་ཚོགས་འཐུས་མིས་ཕོ་བྲང་དུ་མཇལ་བཅར་ཞུས། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༩ ཉིན་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་མན་(Thomas Mann)མཆོག་གིས་སྣེ་ཁྲིད་པའི་ཡུ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་ཞུས་ཏེ། དུས་རྒྱུན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡུ་རོབ་སྤྱི་མཐུན་ཚོགས་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ༧རྒྱལ་བ་རིན་པོ་ཆེ་མཆོག་ཡུ་རོབ་ནང་ཕེབས་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་རེད། སྐབས་དེར་༧གོང་ས་མཆོག་ནས་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ནང་ལས་དོན་བྱེད་སྐབས་བསམ་ཚུལ་དང་འདོད་ཕྱོགས་མཐུན་མིན་ཕྲན་བུ་ཡོང་རྒྱུ་ཡིན་པ་ཆོས་ཉིད་ཡིན་ཡང་། གལ་གནད་ཆེ་ཤོས་ནི་བསམ་ཚུལ་མི་མཐུན་པ་དེ་དག་ཕན་ཚུན་གོ་བསྡུར་སྦྱང་བཤད་ཐོག་ནས་སེལ་ཐབས་བྱེད་བཞིན་པ་མ་ཟད། མཐར་མཐུན་སྒྲིལ་ངང་གྲོས་འཆམ་ཡོང་བཞིན་ཡོད་པ་དེ་ཧ་ཅང་གནད་འགག་ཆེན་པོ་ཡིན་པ་དང་། ངོས་ཀྱིས་ནམ་རྒྱུན་ཡུ་རོབ་སྤྱི་མཐུན་ཚོགས་པར་རྒྱབ་སྐྱོར་དང་བསྔགས་བརྗོད་གནང་བཞིན་ཡོད་ལ། མ་འོངས་པར་གླིང་ཆེན་ཨ་མི་རི་ཁ་དང་ཨེ་ཤ་་ཡ་སོགས་ཀྱི་ནང་དེ་ལྟ་བུའི་སྤྱི་མཐུན་ཚོགས་པ་འཛུགས་ཐུབ་པར་ཐུགས་རེ་གནང་གི་ཡོད་སོགས་བཀའ་གནང་ཡོད་པ་རེད།
འདས་ལོའི་ཡུ་རོབ་ནང་གི་ཆིབས་བསྒྱུར་ཐེངས་དང་པོ། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༢ ནས་ ༡༨ བར་ཉིན་གྲངས་བརྒྱད་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡུ་རོབ་ཀྱི་རྒྱལ་ཁབ་ལི་ཐུ་ཝི་ནི་ཡའི་(Lithuania) རྒྱལ་ས་ཝིལ་ན་སི་ (Vilnius)ནང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། ཡུལ་དེའི་(lrytas.tv channel)བརྙན་འཕྲིན་ཁང་གི་བཅར་འདྲིར་བཀའ་ལན་བསྩལ་བ་དང་། དེ་བཞིན་ཝིལ་ན་སི་གཙུག་ལག་སློབ་གཉེར་ཁང་(University of Vilnius)གི་དགེ་ལས་སློབ་ཕྲུག་དང་མང་ཚོགས་ལ་དེང་དུས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་སློབ་གསོའི་སྐོར་གསུང་བཤད་གནང་བ་སོགས་ཡུལ་དེའི་མཛད་འཕྲིན་རྣམས་ལེགས་པར་གྲུབ་རྗེས། ཕྱི་ཟླ་ ༦ ཚེས་ ༡༦ ཉིན་ཡུ་རོབ་བྱང་བརྒྱུད་ལ་ཊི་ཝེ་ཡའི(Latvia)རྒྱལ་ས་རི་གྷའི་(Riga) ནང་རྟེན་གཞི་བྱས་པའི་སྐོན་ཊོ་(Skonto)ཚོགས་ཁང་དུ། ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་རྗེས་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་དང་། རྟེན་འབྲེལ་བསྟོད་པ། རྡོ་རྗེ་གཅོད་པ་བཅས་ཀྱི་གསུང་དང་བཀའ་དབང་བསྩལ་བ་སོགས་ཡུལ་དེའི་ནང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།
བདེ་སྐྱིད་སྐྲུན་ཐབས་ཞེས་པའི་རྒྱ་གར་གཞུང་གི་སློབ་དེབ་དབུ་འབྱེད་གནང་། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་བསྡུས་པའི་ཤྲཱི་ལངྐ་དང་འབར་མ། ཐའེ་ལན་ཌི། ཝེ་ཐི་ནམ། ཐའེ་ཝན། རྒྱ་གར་བཅས་ནས་ཕེབས་པའི་ནང་པའི་སྐུ་ཚབ་དང་། བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་བར་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་གཉིས་པའི་ཚོགས་མགོན་དུ་ཕེབས་ཡོད་པ་དང་། ཕྱི་ཚེས་ ༢ ཉིན་རྒྱ་གར་གཞུང་གི་སློབ་གྲྭ་ཁག་གི་སློབ་དེབ་ཁྲོད་བདེ་སྐྱིད་སྐྲུན་ཐབས་ཞེས་པའི་སློབ་དེབ་དབུ་འབྱེད་མཛད་དེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དེ་བཞིན་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་སྙིང་རྗེ་དང་འཚེ་བ་མེད་པའི་ལྟ་གྲུབ་དེ་དག་ནི་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་དང་ཞི་བདེ་ཡོང་བའི་རྩ་བ་ཡིན། གལ་ཏེ་རྒྱ་གར་ནང་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སློབ་གསོ་ཞིག་གོང་འཕེལ་གཏང་ཐུབ་ཚེ། རྒྱ་ནག་གིས་ཀྱང་རྒྱ་གར་གྱི་གནའ་དེང་ཤེས་ཡོན་སློབ་གསོ་ལ་དོ་སྣང་བྱེད་རྒྱུ་ཡིན་པ་ངོས་རང་ལ་ཡིད་ཆེས་ཡོད། དེ་ལྟར་བྱུང་ན་འཛམ་གླིང་གི་མི་འབོར་ཐེར་འབུམ་ ༢་༥ ལྷག་ལ་ཤུགས་རྐྱེན་ཐེབས་ངེས་ཡིན། ཅེས་བཀའ་བསྩལ་ཡོད་པ་རེད།
ལ་དྭགས་ཁུལ་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས།ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༣ ནས་ཟླ་གཅིག་ཧྲིལ་པོར་ལ་དྭགས་རྒྱལ་ས་སླེ་དང་ལྡུམ་ར། ཟངས་དཀར། ནུབ་ར། ཀར་གྷིལ་སོགས་སུ་ཆོས་འབྲེལ་དང་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། བཀའ་འགྱུར་བསྟན་འགྱུར་རྩ་བར་གྱུར་བའི་ཧི་མ་ལ་ཡའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཐུབ་པ་ཞིག་དགོས་ན། བོད་སྐད་མ་གཏོགས་སྐད་ཡིག་གཞན་སུ་གཅིག་གིས་བྱེད་ཐུབ་རྒྱུ་མིན་སྟབས། ལ་དྭགས་ཡུལ་མི་ཚོས་ཀྱང་བོད་ཀྱི་སྐད་ཡིག་ལ་ངེས་པར་དུ་སློབ་སྦྱོང་བྱེད་དགོས་སྐོར་སོགས་བཀའ་སློབ་ནན་པོ་བསྩལ་གནང་ཡོད་པ་དང་། དེ་བཞིན་ལ་དྭགས་ཀྱི་བོད་རིགས་ཁ་ཆེ་བ་ཚོར་བཀའ་སློབ་གནང་སྐབས། ཁ་ཆེའི་གྲོགས་པོ་ཚོས་དད་པ་བྱེད་ས་ཨཱ་ལ་ཡིན་ན་ཡང་། ནང་པའི་གཞུང་ནས་གསུང་པའི་ཚད་མ་རིག་པ་དང་ལྟ་གྲུབ་རིག་པའི་སྐོར་ལ་སློབ་གཉེར་བྱས་པ་ཡིན་ན་ཏན་ཏན་ཕན་ཐོགས་ཡོད་སྟབས། མ་འོངས་པར་ཁ་ཆེའི་ཆོས་གྲོགས་ཚོས་ནང་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་རྣམ་གཞག་སྐོར་ལ་སློབ་གཉེར་གནང་ཐུབ་པའི་ཐུགས་རེ་ཡོད་སྐོར་གསུངས་ཡོད་པ་རེད།
ཏཱ་ལའི་བླ་མ་མཐོ་སློབ་ཏུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས།ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༣ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། བྷང་ལོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་སྐུ་ཞབས་ཀེ་ཨར་ཝན་གོ་པལ་(K. R. Venugoppal)ལགས་དང་། མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་རང་ག་པ་(K.S.Rangappa)ལགས་རྣམ་གཉིས་ཀྱི་གཙོས། དེ་གའི་དགེ་ལས་སློབ་ཕྲུག་དང་། བྷང་ལོར་དང་མེ་སོར་ཁུལ་གྱི་བོད་རིགས་མཐོ་རིམ་སློབ་མ་སོགས་ཁྱོན་མི་གྲངས་ ༡༠༠༠ ལྷག་ལ་ལམ་སྟོན་བཀའ་སློབ་བསྩལ་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་འདིར་མཐོ་སློབ་ཀྱི་ཕྱིའི་འཛུགས་སྐྲུན་ཡག་ཐག་ཆོད་རེད། དེ་བཞིན་གཙོ་ཆེ་ཤོས་ནང་གི་འཛུགས་སྐྲུན་བྱེད་རྒྱུ་དེ་དག་ཡག་ཐག་ཆོད་ཡོད་པ་གོང་དུ་ལས་བསྡོམས་ནང་བཤད་པ་ལྟར་ཧ་ཅང་དགའ་པོ་བྱུང་། ང་ཚོ་བོད་མི་རྣམས་ལ་བཙན་བྱོལ་བའི་མིང་ཐོབ་ཡོད། ཕྱི་ལོ་ ༡༩༥༩ ལོར་ཐོག་མར་ཡིག་ཆ་བཟོ་བའི་སྐབས་སྐྱབས་བཅོལ་བ་ཞེས་པའི་ཚིག་བེད་སྤྱོད་བྱས་ཡོད། སྐབས་དེར་ངོས་ཀྱིས་བསམ་འཆར་བཤད་རྒྱུ་བྱུང་། ང་ཚོ་སྐྱབས་བཅོལ་བ་གཅིག་པོ་མིན་པར་ང་ཚོ་སོ་སོའི་ལུང་པ་ནང་བཙན་དབང་མི་བཟོད་པ་བྱུང་སྟེ་ཐར་ཐབས་བྱས་ནས་བཙན་གནོན་སེལ་སླད་དུ་ཡོང་བ་ཡིན་སྟབས། བཙན་བྱོལ་བ་ཞེས་མིང་བཏགས་ན་ཡག་པོ་འདུག་ཅེས་སོགས་གསུངས་ཡོད་པ་རེད།
དབུ་མ་རྩ་འགྲེལ་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༤ ནས་ ༦ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀོ་རི་ཡ་དང་མ་ལེ་ཤི་ཡ། སིངྒ་པུར། ཐའེ་ལན་ཌི། ཝེ་ཐི་ནམ་སོགས་ནས་ཕེབས་པའི་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་དྷ་ས་ཁུལ་གྱི་མི་མང་སེར་སྐྱ་ ༦༠༠༠ ཡས་མས་ལ་ལོ་སྔོན་མར་གསུངས་པའི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་བཀའ་ཆོས་འཕྲོ་སྐྱོང་མཛད་གནང་ཡོད་པ་དང་། སྔོན་འགྲོའི་གསུང་ཆོས་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དེ་རིང་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་ཡུལ་གྲུ་མང་པོ་ཞིག་ནས་འདིར་ཆེད་མངགས་ཕེབས་ཡོད། ལྷག་པར་དུ་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་ཐའེ་ལེན་ཌི་དང་འབར་མ་ནས་དགེ་སློང་གང་འཚམ་ཕེབས་ཡོད། ངོས་རང་འཛམ་གླིང་སྟེང་གི་མི་ཞིག་ཡིན་སྟབས་འཛམ་གླིང་བདེ་ཞིང་སྐྱིད་པ་བྱུང་ན་ངོས་རང་ཡང་བདེ་སྐྱིད་ཡོང་རྒྱུ་རེད། འཛམ་གླིང་སྡུག་བསྔལ་གྱི་ཁུང་བུར་ཚུད་ནས་བསྡད་ན་སོ་སོ་ཡིན་ནའང་སེམས་སྐྱིད་པ་ཞིག་ཡོང་རྒྱུ་མེད་པས། ཆོས་དང་སྐྱེ་བ་ཕྱི་མའི་སྐད་ཆ་གང་ཡང་མིན། གང་ལྟར་ང་ཚོ་མི་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་སྟབས། རང་གཞན་རོགས་གསུམ་དང་ཆོས་དད་ཡོད་མེད་ཚང་མར་བྱམས་པ་དང་སྙིང་རྗེ་ཡི་ངང་འཚོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་བསྩལ།
འདས་ལོའི་ཡུ་རོབ་ཁུལ་གྱི་ཆིབས་སྒྱུར་ཐེངས་གཉིས་པ།ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༠ ནས་ ༢༥ བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་སི་ཝེ་ཌན་དང་ནེའུ་ཌར་ལན་ཌི། འཇར་མན། སུད་སི་བཅས་ཀྱི་ནང་མཛད་འཕྲིན་རྒྱ་ཆེན་བསྐྱངས་གནང་ཡོད་པ་ལྟར། ཕྱི་ཟླ་ ༩ ཚེས་ ༡༢ ཉིན་སི་ཝེ་ཌན་གྱི་མལ་མའོ་གྲོང་ཁྱེར་གྱི་ཨ་ཡེ་ཨེམ་(IM)ཞེས་པའི་མལ་མའོ་ལེ་ཧྥུ་ (Malmö Live) ཞེས་པའི་ཚོགས་ཁང་དུ། ༼མི་མང་ལ་ཞི་བདེ་དང་བདེ་སྐྱིད་སྐྲུན་ཐབས༽་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། ཕྱི་ཟླ་ ༩ ཚེས་ ༡༦ ཉིན་ནེའུ་ཌར་ལན་ཌིའི་གྲོང་ཁྱེར་རོ་ཊིར་ཌམ( Rotterdam)མི་མང་ལ་༼རྙོག་འཛིང་ཆེ་བའི་ང་ཚོའི་འཛམ་གླིང་ནང་བྱམས་བརྩེའི་ཉམས་ལེན་གལ་ཆེ་ཚུལ་ཇི་ལྟར་ཡིན་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ། ཕྱི་ཚེས་ ༡༩ ཉིན་འཇར་མན་གྱི་ཌར་མ་སུ་ཊ་ཊྲི་གྲོང་ཁྱེར་དུ་༼འཚེ་བ་མེད་པ་དང་ཞི་བདེ༽་ཞེས་པའི་ཚོགས་འདུ་དབུ་འཛུགས་ཀྱི་ཚོགས་མགོན་དུ་ཕེབས་ཡོད་པ་རེད། ཕྱི་ཟླ་ ༩ ཚེས་ ༢༡ དང་ ༢༢ ཉིན་སུད་སིར་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་གསར་བཞེངས་གནང་སྟེ་ལོ་ངོ་ ༥༠ འཁོར་བའི་མཛད་སྒོའི་ཐོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ་དང་། ཕྱི་ཚེས་ ༢༣ ཉིན་རི་ཀོན་ཆོས་འཁོར་དགོན་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་བསྒོམ་རིམ་བར་པ། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་གསུང་ཆོས་བསྩལ།
དབུ་མ་འཇུག་པའི་བཀའ་ཆོས་འཕྲོ་སྐྱོང་མཛད།ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༣ ནས་ཚེས་ ༨ བར་ཉིན་གྲངས་ ༦ རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་བཀའ་ཆོས་འཕྲོ་སྐྱོང་མཛད་ཡོད་པ་དང་། བཀའ་ཆོས་ཐོག་ཐའེ་ཝན་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་ ༦༧ ནས་ཕེབས་པའི་དད་ལྡད་ཆོས་ཞུ་བ་དང་དྷ་ས་ཁུལ་གྱི་མི་མང་སོགས་ཁྱོན་མི་གྲངས་ ༦༠༠༠ བརྒལ་བ་འཛོམས། བཀའ་ཆོས་ཀྱི་སྔོན་འགྲོའི་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་ཀྱིས་ནམ་རྒྱུན་ནང་ཆོས་ངོ་སྤྲོད་བྱ་རྒྱུ་དང་། ནང་ཆོས་ངོ་འཕྲོད་རྗེས་དད་པ་ཐོབ་པ་ཞིག་བྱུང་བ་ཡིན་ན། གཞི་ནས་ཉམས་ལེན་བྱེད་སྟངས་སྐོར་བསམ་བློ་གཏོང་རྒྱུ་དེ་ལྟར་ཤོད་ཀྱི་ཡོད་པ་ལྟར། རྒྱ་ཆེ་ས་ནས་བསམ་བློ་གཏང་བ་ཡིན་ན་འཛམ་གླིང་ནང་ཆོས་ལུགས་གཙོ་ཆེ་བ་ཚང་མས་གཞན་ལ་གནོད་པ་མ་བྱེད། སེམས་པ་བཟང་པོ་བྱེད་དགོས་པ་དེ་ཡིན་གཅིག་པ་ཆགས་ཀྱི་ཡོད་པ་དང་། སེམས་རྒྱུད་འདུལ་ཐབས་སུ་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་འཇིག་རྟེན་བཀོད་པ་པོར་གསོལ་བ་བཏབ་ནས་སེམས་རྒྱུད་འདུལ་ཐབས་བྱེད་བཞིན་ཡོད་པ་དང་། དེ་འདྲའི་ཐོག་ནས་ཁྱད་པར་ཡོང་གི་ཡོད་པ་མ་གཏོགས། གཞན་ལ་གནོད་པ་མི་བྱེད་པ་དང་། ཀུན་ལ་ཕན་སེམས་སྐྱེས། གང་ཐུབ་ཕན་ཐོགས་བྱེད་དགོས་ཞེས་པ་འདི་གཙོ་ཆེ་བ་ཚང་མ་གཅིག་པ་ཡིན་སྐོར་སོགས་བཀའ་བསྩལ།
རྒྱ་རིགས་ཚན་རིག་པ་དང་ལྷན་དུ་བགྲོ་གླེང་ཐེངས་དང་པོ་མཛད། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ ནས་ཉིན་ ༣ རིང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་དབུ་བཞུགས་ཐོག་ཐའེ་ཝན་རྫས་སྦྱོར་རིག་པའི་ནོ་བྷེལ་གཟེངས་རྟགས་བཞེས་མྱོང་མཁན་སློབ་དཔོན་ཆེན་མོ་ལི་ཡོན་ཀྲིག་ལགས་ཀྱི་གཙོས་ཐའེ་ཝན་རྒྱ་རིགས་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་དང་ཉམས་ཞིབ་པ། དེ་བཞིན་གཙུག་ལག་སློབ་དཔོན་སོགས་ཁྱོན་རྒྱ་རིགས་ཚན་རིག་པ་མི་གྲངས་ ༥༠ ལྷག་མཉམ་འཛོམས་ཀྱིས་རྒྱ་རིགས་ཚད་རྡུལ་དངོས་ཁམས་རིག་པའི་ཤུགས་རྐྱེན་སྐོར་བགྲོ་གླེང་མཛད། བགྲོ་གླེང་དབུ་འཛུགས་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཚན་རིག་པ་མང་པོ་དང་ལྷན་དུ་འདི་ལྟ་བུའི་ཚོགས་འདུ་ལོ་ ༣༠ ཙམ་གྱི་སྔོན་ནས་གོ་བསྡུར་བྱེད་རྒྱུ་བྱུང་ཡང་། རྒྱ་རིགས་ཚན་རིག་པ་དང་མཉམ་དུ་འདི་ལྟ་བུའི་བགྲོ་གླེང་ཚོགས་འདུ་ཚོགས་པ་ཐེངས་དང་པོ་ཡིན་དང་། ནུབ་ཕྱོགས་པའི་ཚན་རིག་པ་ཚོ་དང་བགྲོ་གླེང་བྱེད་སྐབས་རིག་གཞུང་དང་དད་མོས་བྱེད་ཡུལ་སོགས་གཅིག་པ་མིན་དུས་མི་བདེ་བའི་ཚོར་སྣང་ཅུང་ཙམ་ཡོང་གི་ཡོད་པ་དང་། ལྷག་པར་དུ་འཇིགས་རྟེན་བཀོད་པ་པོ་སོགས་ཀྱི་སྐོར་ལ་བཤད་དུས་ཁོ་རང་ཚོ་འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་རེད། གལ་སྲིད་ང་ཚོས་འཇིག་རྟེན་ཁམས་ཀྱི་བྱུང་རིམ་སོགས་གཏིང་ཟབ་མོས་རྡུལ་ཕྲན་ཕྲ་མོ་ནས་བྱུང་བ་སོགས་ཀྱི་སྐོར་ལ་འགྲེལ་བཤད་སྐྱོན་པ་ཡིན་ན་མཚམས་མཚམས་ཏོག་ཙམ་ཁག་པོ་ཡོད་སྐོར་སོགས་གསུངས།
ཉི་ཧོང་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༢ ནས་ཉིན་བཅུ་ཙམ་རིང་ཉི་ཧོང་ནང་མཛད་འཕྲིན་བསྐྱངས་ཏེ། དད་ལྡན་དོན་གཉེར་ཅན་སྟོང་ཕྲག་མང་པོར་ཚོར་ཤེས་རབ་སྙིང་པོ་དང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་བཅས་ཀྱི་ཆོས་འབྲེལ་དང་། ཉི་ཧོང་རྒྱལ་ཡོངས་ཚན་རིག་པ་དང་བགྲོ་གླེང་གནང་བ། དེ་བཞིན་ཉི་ཧོང་གཙུག་ལག་སློབ་གྲྭ་ཁག་གི་ནང་ཆིབས་སྒྱུར་གྱིས་བཀའ་སློབ་གསུང་བཤད་བཅས་གནང་ཡོད་པ་རེད། ཕྱི་ཟླ་ ༡༡ ཚེས་ ༢༠ ཉིན་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་(All Party Japanese Parliamentary Group for Tibet) པའི་ཚོགས་གཙོ་ཞི་མོ་མུ་ར་ཧ་ཀུ་བྷུན་ Mr. Shimomura Hakubun ལགས་ཀྱི་དབུས་ཚོགས་མི་ཡོངས་ཀྱི་ཕེབས་བསུའི་ཁྲོད་ཉི་ཧོང་གྲོས་ཚོགས་ནང་ཆིབས་སྒྱུར་བསྐྱངས་ཏེ། ཉི་ཧོང་དང་བོད་ཀྱི་འབྲེལ་བ་ནི་༸རྒྱལ་དབང་སྐུ་ཕྲེང་༡༣ པའི་སྐབས་ནས་བྱུང་བ་ཞིག་ཡིན་ཡང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་འབྲེལ་བ་ཆད་ཡོད་སྐོར་དང་། ཉི་ཧོང་ནི་ཧ་ཅང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། དམངས་གཙོ་དང་རང་དབང་གཙིགས་ཆེར་འཛིན་བཞིན་ཡོད་པ་དང་། དུས་ཡུན་རིང་པོ་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་པ་རེད།
ནང་པའི་གནས་ཆེན་དུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༣ ནས་ཉིན་གྲངས་ ༣ རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཨུ་ཊར་མངའ་སྡེའི་སན་ཀི་སའམ་ལྷ་བབས་ཀྱི་གནས་སུ་རྒྱ་གར་གྱི་གཞོན་ནུ་ནང་ཆོས་ཚོགས་པ་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་བསྩལ། དེ་ནས་རྒྱལ་ས་ལྡི་ལིའི་ཡེ་ཤུའི་མཐོ་སློབ་(St Stephen’s College’s )དབུ་བརྙེས་པའི་དུས་དྲན་མཛད་སྒོ་དང་། མཱམ་བྷེ་མཐོ་སློབ་ཏུ་ནང་པའི་གཞུང་ནས་གསུང་པའི་རྒྱུ་འབྲས་མན་ངག་བདུན་གྱི་བྱམས་བརྩེའི་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཕེབས་པ་སོགས་ཀྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་རྗེས། ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་ནས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་བསྐྱངས་ཏེ། དད་ལྡན་དོན་གཉེར་ཅན་ཁྲི་ ༥ ཙམ་ལ་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས། དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་གདན་ས་བཀྲ་ཤིས་ལྷུན་པོར་བསྩལ་བའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་བཏབ་པའི་རྣམ་རྩ་འཕྲོ་སྐྱོང་བཅས་ཀྱི་ཆོས་འབྲེལ་མཛད་པ་དང་། ཝཱར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་ཝ་ཙ་པ་དགོན་པ(Watpa Temple)། ཏཱ་ལའི་བླ་མའི་དགེ་རྩ་བཅས་ཐུན་མོང་ནས་གོ་སྒྲིག་ཞུས་པའི་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་ཀྱི་སྡེ་སྣོད་གསུམ་གྱི་སྐོར་ལ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཐོག་བཀའ་སློབ་བཀའ་དྲིན་བསྐྱངས། ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་དང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་། ལ་སྟོད་ཤེལ་དཀར་ཆོས་སྡེ་དང་འབྲེལ་ཡོད་དགོན་ཁག་ཤེལ་དཀར་མངའ་ཞབས་སེར་སྐྱ་མི་མང་བཅས་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་སོགས་ཟླ་ཕྱེད་ཙམ་རིང་གནས་མཆོག་རྡོ་རྗེ་གདན་དུ་བཞུགས་ཏེ་མཛད་འཕྲིན་རྒྱ་ཆེན་བསྐྱངས་གནང་ཡོད་པ་རེད།
མཆན། སྐུ་པར་རྣམས་སྐུ་སྒེར་དྲ་བ་ནས་འདིར་བདམས།
གསར་འགོད་པ་སངས་རྒྱས་དཀོན་མཆོག་གིས་བསྡུ་སྒྲིག་ཞུས།