མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོས་ཀྱི་བསམ་པར་ང་ཚོའི་སློབ་གསོས་མཚམས་རེར་བཅོས་མ་ལྟ་བུའི་མི་ཚེ་ཞིག་བཟོ་ཡི་འདུག

བོད་ཀྱི་དུས་བབ།
༢༠༡༩/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བདེ་སྐྱིད་ནི་ངེས་པར་དུ་ཆོས་ལུགས་ལས་འབྱུང་དགོས་པ་མ་ཡིན་པར་ཆོས་ལ་མ་དད་ཀྱང་ཚན་རིག་དང་མཐུན་པའི་དངོས་ཡོད་གནས་སྟངས་ལ་གཞི་བཞག་ནས་ཡོང་ཐབས་ཡོད་སྐོར་གསུངས་སོང་།
ཁ་སང་ཕྱི་ཚེས་ ༡༡ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་དྷ་སའི་རྒྱལ་བའི་ཕོ་བྲང་དུ། ཨ་རིའི་རྩོམ་པ་པོ་དྷི་པེ་ཀཱ་ལགས་ཀྱིས་སྣེ་འཁྲིད་པའི་རྒྱལ་སྤྱིའི་སྟེང་གྲགས་ཆེ་བའི་རྩོམ་པ་པོ་དང་། སྒྱུ་རྩལ་པ། སྨན་པ་དང་འབྱོར་ལྡན་མི་སྣ་སོགས་མི་གྲངས་ ༤༠ ལྷག་ལ་མཇལ་མོལ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མི་རེ་རེ་ནི་འཛམ་གླིང་འདིའི་འགྲོ་བ་མི་དུང་ཕྱུར་ ༧༠ ལྷག་གི་གྲུབ་ཆ་ཡིན་པས་མིང་ཁ་ཁ་ཡོད་པ་ཙམ་ལས་དོན་དམ་པར་མི་ཚང་མ་གཅིག་པ་ཡིན་པ་དང་། འགྲོ་བ་མིའི་གཞི་རྩའི་བསམ་སྤྱོད་བྱམས་སྙིང་རྗེ་ཡིན་པས་བྱམས་རྩེ་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་སྐྲུན་རྒྱུ་ང་ཚོ་ཚང་མར་འགན་ཡོད་སྐོར་སོགས་གསུངས་འདུག

དེ་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དུས་རབས་འདིར་ཕྱི་དངོས་པོ་ཡར་རྒྱས་ཚད་མཐོན་པོ་ཕྱིན་ཡོད་པ་རེད་དེ། ངོས་ཀྱི་ནམ་རྒྱུན་ང་ཚོར་ནང་སེམས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་བཤད་ཀྱི་ཡོད། འཛམ་གླིང་གི་གནམ་གཤིས་ཚ་དྲོད་རྒྱས་བཞིན་པ་ལ་སོགས་པའི་དཀའ་ངལ་ཆེན་པོ་འདི་ཚོར་ང་ཚོས་ཏིང་འཛིན་བྱེད་ཐབས་མེད་པ་གསལ་པོ་རེད། ཡིན་ནའང་དམག་འཁྲུག་ལ་སོགས་པའི་མཚོན་ཆས་ཕན་ཚུན་གསོད་རེས་བྱེད་པའི་དཀའ་ངལ་འདི་ཚོ་ནི་ཕྱི་དངོས་པོར་ཁ་ཕྱོགས་རྒྱུ་མང་དྲགས་ཏེ། འགྲོ་བ་མིའི་རྩ་བའི་རིན་ཐང་དང་བྱམས་བརྩེ་ལ་དོ་སྣང་མ་བྱས་རྐྱེན་རེད། ཐོག་མར་ང་ཚོ་ཨ་མའི་མངལ་ལས་སྐྱེས་དུས་མཚོན་ཆ་གང་ཡང་བཟུང་ནས་ཡོང་ཡོད་པ་མ་རེད། ད་ལྟ་འགྲོ་བ་མིའི་རིགས་ལ་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ང་ཚོ་རང་ཉིད་ཀྱིས་བཟོས་པ་ཞིག་རེད། ཚན་རིག་པ་འགས་འགྲོ་བ་མིའི་གཞི་རྩའི་རང་བཞིན་ནི་བྱམས་བརྩེ་དང་ལྡན་པ་ཞིག་རེད་ཅེས་བཤད་ཀྱི་འདུག ང་ཚོ་སྤྱི་ཚོགས་ནང་འདུས་སྡོད་བྱེད་པའི་སྲོག་ཆགས་ཤིག་ཡིན་ལ། བྱམས་བརྩེ་དང་ལྡན་པའི་སེམས་ཤིག་ཡོད་ཚེ་ཕྱི་ལུས་པའི་འཕྲོད་བསྟེན་ལའང་ཕན་ཐོགས་ཡོད་པ་རེད། རྒྱན་ཏུ་ཁྲོང་ཁྲོ་དང་ང་རྒྱལ། ཞེད་སྣང་འོག་འཚོ་བ་རོལ་ཚེ་ལུས་པོའི་ནད་འགོག་སྲུང་གི་ནུས་པ་ཉམས་འགྲོ་ཡི་ཡོད་པས། ང་ཚོས་ཕྱི་དངོས་པོ་ལས་ནང་སེམས་ལ་དེ་ཙམ་དོ་སྣང་སྤྲོད་ཀྱི་མེད་པ་མ་ཟད། ང་ཚོ་དང་ཁོང་ཚོ་ཟེར་ནས་དབྱེ་བ་འབྱེད་ཀྱི་འདུག ཐ་ན་ཆོས་ལུགས་ནང་ཁུལ་དུའང་ང་ཚོ་དང་ཁོང་ཚོ་ལབ་ནས་དབྱེ་འབྱེད་ཀྱིས་གསོད་རེས་བྱེད་ཀྱི་ཡོད་པ་རེད། བྱིས་པ་གསར་སྐྱེས་ཤིག་གིས་རང་ཉིད་རྒྱལ་ཁབ་དང་ཆོས་ལུགས་སོགས་གང་ཡིན་པར་ཁ་ཡ་མི་བྱེད་པར། གདོང་ལ་འཛུམས་ཤིག་འཁྱེར་ནས་མཉམ་དུ་རྩེད་མོ་རྩེ་ནས་འདུག་གི་རེད། ཏོག་ཙམ་འཚར་ལོངས་བྱུང་བ་དང་བསྟུན་གདོང་གི་འཛུམས་དེའང་ཉུང་དུ་སོང་ནས་རང་ཉིད་ཀྱི་ཆོས་ལུགས་གང་ཡིན་པ་དང་ལུང་ཚན་གང་ཡིན་པ་དེ་ཤེས་དགོས་ཀྱི་ཡོད་པ་རེད། གལ་སྲིད་ང་ཚོས་མི་ཞིག་ལ་གྲོགས་པོ་བཟོས་ན་རང་ཉིད་ལ་ཁེ་བཟང་ག་རེ་ཐོབ་ཀྱི་ཡོད་པ་དེ་སྔོན་ལ་རྩིས་རྒྱག་དགོས་ཡོད་པ་རེད། དེ་ནི་དཀའ་ངལ་གྱི་འབྱུང་ཁུངས་རེད། གཞི་རྩའི་ང་ཚོ་ནི་བྱམས་བརྩེ་དང་ལྡན་པའི་སྤྱི་ཚོགས་ནང་འདུས་སྡོད་ཀྱི་སྲོག་ཆགས་རེད་ལ། སུས་ཀྱང་སྡུག་ངལ་འདོད་ཀྱི་མེད་པ་རེད། འོན་ཀྱང་འགྲོ་བ་མི་རང་ཉིད་ཀྱི་བྱས་ཉེས་ལ་བརྟེན་ནས་དཀའ་ངལ་མང་པོར་འཕྲད་བཞིན་པ་རེད། ང་ཚོའི་ཆོས་ལུགས་དང་ལུང་ཚན་ཁ་ཁ་ཡིན་པ་ནི་གལ་ཆེན་མིན་པར། ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་པ་ཡིན་པ་ནི་ཧ་ཅང་གལ་ཆེན་ཡིན་པས། ཆོས་ལུགས་ཚང་མིའི་སེམས་པ་བཟང་པོ་དང་བྱམས་བརྩེ་གསུང་གི་ཡོད་པ་བཞིན་ཆོས་ལུགས་ཀྱི་དབུ་འཁྲིད་རྣམ་ལ་འགན་འཁྲི་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་ཉིད་ཀྱིས་དུས་རབས་ ༢༡ དེ་སྔ་མའི་དུས་རབས་ ༢༠ ལྟར་མིའི་རིགས་ཀྱིས་ཕན་ཚུན་གསོད་བཏུབ་བྱེད་པའི་དུས་རབས་ཤིག་ཆགས་མི་ཉན་པར་འབད་བརྩོན་དགོས་པ་སོགས་ཀྱི་སྐོར་ལ། མི་རེ་རེ་ནི་འཛམ་གླིང་འདིའི་འགྲོ་བ་མི་དུང་ཕྱུར་ ༧༠ ལྷག་གི་གྲུབ་ཆ་ཡིན་པས་མིང་ཁ་ཁ་ཡོད་པ་ཙམ་ལས་དོན་དམ་པར་མི་ཚང་མ་གཅིག་པ་རེད། ང་ནི་ཏྭ་ལའི་བླ་མ་རེད་ལ་ནམ་རྒྱུན་ངོས་ལ་༧གོང་ས་ཏཱ་ལའི་བླ་མར་འབོད་ཀྱི་ཡོད་པ་རེད། ང་ཚོ་ཚང་མ་འགྲོ་བ་མིའི་རིགས་ཀྱི་གྲུབ་ཆ་ཞིག་དང་སྤྱི་ཚོགས་ནང་འདུས་སྡོད་བྱེད་པའི་སྲོག་ཆགས་ཤིག་ཡིན་སྟབས།  མི་རེ་རེས་སྤྱི་ཚོགས་ཡར་རྒྱས་དང་སྤྲོ་སྐྱིད་ལྡན་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་ནུས་པ་གལ་ཆེན་འདོན་ཐུབ་ཀྱི་ཡོད་པ་རེད། མ་མཐའ་ཡང་དུས་རབས་ཉེར་གཅིག་པ་འདི་དུས་རབས་ཉི་ཤུ་པ་ལྟར་གསོད་གཏུབ་མང་པོ་མི་ཡོང་བར་འབད་དགོས་པ་རེད། དུས་རབས་ཉི་ཤུ་པའི་ནང་སྤྱང་གྲུང་འཛོམས་པའི་ཚན་རིག་པ་ཚོས་ཁོང་ཚོའི་རྣམ་དཔྱོད་དེ་མཚོན་ཆ་བཟོས་དེ་མི་ཅི་ལྟར་གསོད་དགོས་པའི་ཐོག་ལ་བཏང་པ་རེད། ལོ་རྒྱུས་རིག་པ་སྨྲ་བ་འགས་དུས་རབས་ཉི་ཤུའི་ནང་མི་གྲངས་ས་ཡ་ ༢༠༠ ཙམ་དྲག་སྤྱོད་ལ་བརྟེན་ནས་བསད་ཡོད་པ་བརྗོད་ཀྱི་འདུག དྲག་སྤྱོད་ལ་བརྟེན་ནས་མི་དེ་ཙམ་བསད་དེ་འཛམ་གླིང་ཐོག་བདེ་སྐྱིད་ཞིག་འཁྱེར་ཡོང་ཐུབ་ཀྱི་ཡོད་ཚེ་གནས་ཚུལ་ཁ་ཁ་རེད། ངོས་ཀྱི་བསམ་པར་དེང་སྐབས་མི་ཕན་ཚུན་བར་གསོད་རེས་བྱེད་བཞིན་པ་འདི་ནི་དུས་རབས་ཉི་ཤུ་པའི་བག་ཆགས་དང་། དཀའ་ངལ་ཞིག་འཕྲད་མ་ཐག་ལམ་སང་མཚོན་ཆའི་ལམ་ནས་སེལ་ཐབས་བྱེད་ཀྱི་ཡོད་པ་འདི་ཚོ་ནི་གནའ་སྔ་མོའི་བསམ་བློ་གཏོང་སྟངས་རེད། ངོས་ཀྱི་ནམ་རྒྱུན་ནས་བཤད་བསྡད་ཡོད་ལ་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད། དུས་རབས་ཉེར་གཅིག་པའི་ནང་དཀའ་ངལ་ཡོད་ཚད་ཕན་ཚུན་ལ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་པ་དེ་ཡིན། ཇི་སྲིད་འགྲོ་བ་མིའི་རིགས་འཚོ་སྡོད་རིང་དེ་སྲིད་ཚང་མར་འཛུམ་མདངས་དང་བསམ་བློ། འདོད་པ་སོགས་ཁ་ཁ་ཡོད་པ་རེད། སྤྱིར་ང་ཚོའི་འཛུམ་མདངས་གཅིག་པ་ཡིན་རུང་ཀླད་པ་ནི་རྙོག་འཛིང་ཅན་ཞིག་ཡིན་པས་འཛུམ་མདངས་ལའང་རང་བཞིན་དང་ཟུར་ཟ་སོགས་ཀྱི་དབྱེ་བ་འགའ་ཡོད་པ་རེད། རྒྱ་རིགས་ཁ་ཤས་འཛུམ་དམུལ་དམུལ་ཡོད་པ་རེད་དེ་བཅོས་མའི་འཛུམ་འདངས་རེད། བྱིས་པའི་འཛུམ་མདངས་ནི་བཅོས་མ་མ་ཡིན་པ་རེད། ངོས་རང་ནི་ལོ་ ༨༣ ཙམ་རེད་དེ་མཚམས་རེར་བཅོས་མའི་འཛམ་མདངས་ཤོར་གྱི་འདུག ངོས་ཀྱི་བསམ་པར་ང་ཚོའི་སློབ་གསོས་མཚམས་རེར་བཅོས་མ་ལྟ་བུའི་མི་ཚེ་ཞིག་བཟོ་ཡི་འདུག དེ་ནི་ཡག་པོ་མ་རེད། ད་ལྟ་ནི་དུས་རབས་ཉེར་གཅིག་པ་ཡིན་པས་ཕན་ཚུན་བར་གྲོས་མོལ་གྱིས་དཀའ་ངལ་དག་སེལ་ཐབས་བྱེད་དགོས་རེད། ཅེས་གསུངས་སོང་།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་དམ་བཅའ་གསུམ་དང་འབྲེལ་ནས་ཆོས་དད་ཡོད་མེད་ཀུན་གྱིས་མི་ཡག་པོ་དང་མི་ཚེའི་བདེ་སྐྱིད་གཅིག་པ་འཚོལ་ཐུབ་པའི་སྐོར་ལ། ངོས་ཀྱི་མི་ཚེ་ནང་དམ་བཅའ་གསུམ་ཡོད་པ་ལས་དང་པོ་ནི་མི་ཞིག་ཡིན་པའི་ཆ་ནས་གཞན་ལ་ཇི་ལྟར་བདེ་སྐྱིད་སྐྲུན་པར་འབད་བརྩོན་བྱ་རྒྱུ་དེ་ཡིན། བདེ་སྐྱིད་ནི་མྱོ་རྫས་དང་ཆང་རག དངུལ་སྒོར་སོགས་ལ་བརྟེན་ནས་འབྱུང་བ་མ་ཡིན་པར། མཐར་ཐུག་གི་བདེ་སྐྱིད་ནི་བསམ་བློ་གཏོང་སྟངས་ལས་འབྱུང་བ་རེད། དེ་ཡང་ངེས་པར་དུ་ཆོས་ལུགས་ལས་འབྱུང་དགོས་པ་མ་ཡིན་པར། ཆོས་ལ་མ་དད་ཀྱང་ཚན་རིག་དང་མཐུན་པའི་དངོས་ཡོད་གནས་སྟངས་ལ་གཞི་བཞག་ནས་ཡོང་ཐབས་ཡོད་པ་རེད། ངེས་པར་དུ་སྟོན་པ་དང་དཀོན་མཆོག་ལ་སྨོན་ལམ་བཏབ་ནས་བདེ་སྐྱིད་ཡོང་དགོས་པ་ཞིག་མ་རེད། དེ་དང་འབྲེལ་ནས་སྟོན་པ་བཅོམ་ལྡན་འདས་ཏོག་ཙམ་སྤྱང་པོ་བྱུང་ཡོད་འདུག སྟོན་པའི་ཕྱག་གིས་འགྲོ་བའི་སྡུག་ངལ་སེལ་མི་ཐུབ་དང་དྲི་མས་སྤག་པའི་བསམ་བློ་འཁྲུས་མི་ཐུབ་པ། དེ་བཞིན་ཁོང་གི་ནང་སེམས་ཀྱི་ཞི་བདེ་དེ་གཞན་ལ་སྤྲོད་མི་ཐུབ་པར། རང་ཉིད་ཀྱི་ཉམས་མྱོང་ལ་བརྟེན་ནས་གཞན་ལ་ལམ་སྟོན་མཛད་ཐུབ་པ་གསུངས་ཡོད་པ་རེད། ལྷ་ཡོད་པར་སྨྲ་བའི་ཆོས་ལུགས་ནང་ཡོད་ཚད་དཀོན་མཆོག་གི་ཕྱག་ན་ཡོད་པར་འདོད་ཀྱི་ཡོད་པ་རེད། དེའང་ཡག་པོ་རེད། དཀོན་མཆོག་གི་གསུང་གཙོ་བོ་ནི་བྱམས་དང་སྙིང་རྗེ་རེད། དཀོན་མཆོག་གི་ངོ་བོ་ཉིད་དེ་ཚད་མེད་ཀྱི་སྙིང་རྗེ་ཅན་ཞིག་དང་ཐམས་ཅད་སྐྲུན་པ་པོ། ང་ཚོའི་ཕ་ཡིན་པར་འདོད་ཀྱི་ཡོད་པ་དེ་ནི་ཧ་ལས་དགོས་པ་ཞིག་ཡིན་པས། ང་ཚོ་ཚང་མ་དཀོན་མཆོག་དེ་འདྲ་ཞིག་གིས་སྐྲུན་པའི་སྤུན་མཆེད་ཡིན་པ་རེད། ཕ་སྙིང་རྗེ་ཚད་མེད་པ་ཞིག་ཡོད་པར་བརྟེན་ང་ཚོའང་སྙིང་རྗེ་ཅན་ཞིག་ཡིན་དགོས་པར་འདོད་ཀྱི་ཡོད། དེ་མིན་རྒྱ་གར་གྱི་སྲུང་མ་ཚུད་པའི་བོད་ཀྱི་ཆོས་སྐྱོང་སྲུང་མ་མང་པོ་དྲག་པོའི་ངང་ཡོད་པ་རེད། ཐེངས་ཤིག་ཉི་ཧོང་བ་ཞིག་བོད་ནང་ཕྱིན་རྗེས་ངོས་ལ། སངས་རྒྱས་ཀྱི་བྱམས་དང་སྙིང་རྗེ་གསུང་གི་ཡོད་ནའང་། ཅིའི་ཕྱིར་བོད་ནང་གི་དགོན་པ་མང་པོའི་ནང་། ལྷག་པར་དུ་འོད་དེ་ཙམ་མེད་པའི་ལྷ་ཁང་ནང་དུ་སྲུང་མ་དྲག་པོ་ཡོད་པ་དྲིས་བྱུང་། ཐེངས་ཤིག་སྲུང་མ་དེ་ཚོ་མཐོང་ནས་མཚན་མོར་གཉིད་ཀྱང་ཁུག་ཐུབ་ཡོད་མི་འདུག བོད་ལ་སྲུང་མ་དྲག་པོ་དེ་འདྲ་ཡོད་པ་རེད། དེ་ནི་དམིགས་ཡུལ་གཞན་ལ་བརྟེན་ནས་བྱུང་བ་རེད་དེ། རྩ་བས་ཆོས་ལུགས་ཚང་མས་བྱམས་བརྩེ་དང་བཟོད་སྒོམ་སོགས་གསུང་གི་ཡོད་པ་རེད། དེང་སྐབས་འཛམ་གླིང་འདིར་ཆོས་ལ་དད་མོས་མེད་མཁན་དུང་ཕྱུར་ ༡༠ ཙམ་ཡོད་པ་རེད། གང་ལྟར་ཚང་མ་འགྲོ་བ་མིའི་རིགས་ཀྱི་སྤུན་མཆེད་རེད། ཁོང་ཚོས་ཁས་བླངས་ཀྱང་རུང་མ་བླངས་ཀྱང་རུང་ཚང་མ་དཀོན་མཆོག་གི་བུ་ཕྲུག་རེད། ཁོང་ཚོར་ཀྱང་འགྲོ་བ་མིའི་བྱམས་བརྩེ་མཁོ་ཡི་ཡོད་པ་རེད། རྒྱ་གར་གྱི་རིས་མེད་ལམ་སྲོལ་ནང་ཆོས་ལ་དད་མཁན་དང་མི་དད་མཁན། དེ་བཞིན་ཆོས་ལུགས་བྱེ་བྲག་གང་ལ་དད་ནའང་ཚང་མ་སྙིང་རྗེ་དང་བྱམས་ལྡན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱ་གར་ནང་ལོ་ངོ་སུམ་སྟོང་ལྷག་རིང་བྱམས་བརྩེ་དང་འཚེ་བ་མེད་པ་བསླབ་ཡོད་པ་རེད། འཚེ་བ་མེད་པ་ཡོང་ཐབས་སུ་བྱམས་བརྩེ་དང་གཞན་ལ་གུས་བརྩི་དགོས་པ་རེད། ཅེས་གསུངས།

གཞན་མཇལ་བཅར་བ་ཚོས་ཇི་ལྟར་རང་ཉིད་ཀྱི་ཆོས་ལུགས་དེ་འཚོལ་དགོས་སྐོར་དྲིས་པའི་ལན་དུ། ངོས་ཀྱི་བསམ་པར་སྨན་བཞིན་ཆོས་ལུགས་གཅིག་ཡག་ཤོས་རེད་ལབ་ཐབས་ཡོད་པ་མ་རེད། ནད་པའི་ལུས་པའི་གནས་བབ་དང་ན་ཚ་སོགས་ལ་བརྟག་ནས་སྨན་ཟ་དགོས་པ་བཞིན་གང་ཟག་སྒེར་གྱི་མོས་པ་དང་སེམས་ཁམས་སོགས་ལ་བསྟུན་ནས་ཆོས་ལུགས་གང་ཡག་མིན་ཐག་གི་ཆོད་པ་རེད། ངོས་ཀྱི་དམ་བཅའ་གཞན་གཅིག་ནི་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་ཡོང་བར་འབད་ཀྱི་ཡོད་པ་རེད། དེ་ལྟར་ཡོང་བར་གཙོ་བོ་ནི་ཕན་ཚུན་བརྩི་བཀུར་བྱེད་རྒྱུ་དེ་རེད། དེ་འདྲའི་བསམ་བློ་ཞིག་གི་འོག་ནས་ངོས་ཀྱིས་ནམ་ཡང་ནང་བསྟན་ནི་ཡག་ཤོས་རེད་ཅེས་བརྗོད་ཀྱི་མེད། ངོས་རང་ཉིད་ལ་མཚོན་ན་ནང་བསྟན་ནི་ཡག་ཤོས་རེད། མི་གཞན་ལ་རང་རང་གི་བསམ་བློའི་གནས་བབ་དང་བསྟུན་ནས་ཆོས་ལུགས་གཞན་པས་ཕན་ཐོགས་ཆེ་བ་ཡོང་གི་རེད། དེ་བས་ངོས་ཀྱི་བསམ་པར་ང་ཚོས་ཆོས་ལུགས་གཞན་པའི་གཞུང་ལ་མང་པོ་བལྟ་དགོས་ཀྱི་འདུག ང་ཚོ་ནི་དཔལ་ལེཎྡའི་སློབ་དཔོན་ཚོའི་དགེ་ཕྲུག་རེད་ལ། ཁོང་ཚོའི་གཞུང་ལུགས་ལ་ལྟ་གྲུབ་འདྲ་མིན་ཡོད་པ་ལ་ཕན་ཚུན་བར་རིག་པས་བརྟག་ནས་བགྲོ་གླེང་བྱུང་ཡོད་པ་རེད། ཁུངས་གཅིག་ལ་འཇུས་ནས་དད་པ་བྱས་ནས་སོང་ན་མིའི་རྣམ་དཔྱོད་ཀྱི་རྩལ་ཁྱད་དུ་འཕགས་པ་དེ་བེད་མེད་དུ་ལུས་འགྲོ་བ་རེད། ཅེས་གསུངས་སོང་།

ཡང་མཇལ་བཅར་བ་གཞན་ཞིག་གིས་གལ་སྲིད་གང་ཟག་གཞན་ཞིག་གིས་གནོད་སྐྱེལ་བ་སོགས་བྱུང་ཚེ། རང་ཉིད་ཇི་ལྟར་བཟོད་སྒོམ་དང་བྱམས་བརྩེ་ལྡན་པའི་ངང་གནས་ཐུབ་མིན་དྲིས་པར། རང་ཉིད་འགྲོ་བ་མི་དུང་ཕྱུར་ ༧༠ ལྷག་ནང་གི་གཅིག་ཡིན་པར་ངོས་འཛིན་ཐོབ་དགོས་པ་ལས་མི་རིགས་དང་ཆོས་ལུགས། ལུང་ཚན་སོགས་སུ་མི་བགར་བར་འགྲོ་བ་མི་གཅིག་མཚུངས་ཡིན་པར་བསམ་ཚེ་ངོས་རང་གི་བསམ་བློ་གཏོང་སྟངས་ལ་ཕན་ཐོགས་ཆེན་པོ་ཡོང་གི་འདུག ག་དུས་མི་གཞན་དང་ཐུག་འཕྲད་བྱེད་སྐབས་ང་ཚོ་གཅིག་མཚུངས་ཡིན་པར་བསམ་གྱི་ཡོད་པས། དེ་མ་ཐག་ཏུ་ཁོང་ཚོར་ཆོབ་བསླངས་ན་ཁོང་ཚོས་ཀྱང་ཚུར་ཆོབ་བཤད་བྱེད་ཀྱི་འདུག གལ་སྲིད་ངོས་ཀྱི་རང་ཉིད་བོད་པ་དང་ཏཱ་ལའི་བླ་མ། ནང་པ་ཡིན་པ་སོགས་ལ་གཙོ་འདོན་བྱས་ཚེ་འཛམ་གླིང་འདིར་ཏཱ་ལའི་བླ་མ་གཅིག་མ་གཏོགས་མེད་པས། དེས་རང་ཉིད་ཁེར་རྐྱང་ཡིན་པའི་གཞི་རྩའི་བསམ་བློ་དེ་བསྐྲུན་པ་རེད། རང་ཉིད་འགྲོ་བ་མི་གཅིག་མཚུངས་ཡིན་པའི་བསམ་བློ་དེ་བཟུང་ཚེ་མི་ཚང་མ་རང་ཉིད་ཀྱི་སྤུན་མཆེད་ཡིན་པ་རེད། དེ་བཞིན་མི་ཚང་མས་བདེ་བ་འདོད་པ་ལས་སྡུག་ངལ་མི་འདོད་པ་གཅིག་མཚུངས་ཡིན་དེ་སེམས་ལ་བཟུང་ཚེ་རང་གིས་གཞན་ལ་གནོད་འཚེ་མི་བྱེད་པ་དང་གཞན་གྱིས་ཀྱང་རང་ཉིད་ལ་གནོད་འཚེ་མི་བྱེད་པར་ཕན་ཐོགས་ཡོང་གི་རེད། རྒྱ་ནག་གི་དཔོན་རིགས་ཚོས་བོད་མིར་མནར་གཅོད་གཏོང་གི་ཡོད་པ་རེད། ཁོང་ཚོ་ཆུང་དུས་སུ་དེ་འདྲ་མིན་ནའང་རྒྱ་ནག་གཞུང་གིས་ཁོང་ཚོའི་བསམ་བློ་ནང་ཕྱོགས་གཅིག་གི་གནས་ཚུལ་བླུགས་ཡོད་པས་དེ་འདྲ་ཡིན་པ་རེད། དེར་ངོས་རང་ཁོང་ཁྲོ་ལངས་བ་ཕར་ཞོག་སྙིང་རྗེ་སྐྱེས་ཀྱི་འདུག གོང་དུ་བཤད་པ་བཞིན་རྩ་བའི་མིའི་རང་བཞིན་ནི་བྱམས་བརྩེ་དང་ལྡན་པ་ཞིག་རེད། ང་ཚོ་ཚང་མ་སྤྱི་ཚོགས་འདུས་སྡོད་ཀྱི་སྲོག་ཆགས་ཤིག་ཡིན་སྟབས་གང་ཟག་སྒེར་གྱི་འཚོ་གནས་དེ་གཞན་ལ་རག་ལུས་པ་རེད། ག་ཚད་ཕྱུགས་མིན་ལ་མ་བལྟས་པར་རང་ཉིད་གཅིག་པོ་འཚོ་ཐབས་མེད་པ་རེད། ཅེས་གསུངས།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༡༦ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

མཆན། 1

  1. པད་མ་དབྱངས་ཅན་ says:
    ལོ་ 7 སྔོན།

    ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཇིག་རྟེན་འདིའི་སྟིང་གི་མི་ཚང་མ་ལ་སློབ་གསོ་གྲངས་མེད་གནང་ཡོད་།
    འོན་ཀྱང་རང་ཉིང་ཀྱི་ཕ་ཡུལ་ལ་ཡོད་པའི་ན་གཞོན་ཚོ་ཁོང་གི་སློབ་གསོ་གཅིག་ཀྱང་གོ་མ་ཉུང་ ཁོང་ཚོའི་སེམས་ལ་ཡང་གོང་ས་མཆོག་མཇལ་འདོད་ཧ་ཅང་ཆེ་ གོང་ས་མཆོག་བོད་ལ་མྱུར་དུ་ལོག་ཐུབ་པ་ཤོག་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese