རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཉིང་ཁྲི་བར་གྱི་མོན་ལ་རུ་མྱུར་སྐྱོད་ཕུག་ལམ་བཟོས་ཏེ་ལམ་ཐག་སྤྱི་ལེ་ ༡༢ ལྷག་ཐུང་དུ་ཕྱིན་ཡོད་སྐོར་བརྗོད་འདུགཁ་སང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་འཛམ་གླིང་གི་ས་བབ་མཐོ་ཤོས་སུ་ཡོད་པའི་མྱུར་སྐྱོད་ཕུག་ལམ་རིང་ཤོས་ཡིན་སྐོར་བརྗོད་པའི་མོན་ལ་ཡི་བར་ལའི་ཕུག་ལམ་ཟེར་བ་འགྲུབ་སྟེ་འགྲིམ་འགྲུལ་ཤར་གཏོང་བྱས་ཡོད་པ་དང་། མྱུར་སྐྱོད་ཕུག་ལམ་དེ་བཟོས་རྗེས་ལྷ་ས་དང་ཉིང་ཁྲིའི་བར་ཆུ་ཚོད་ ༤ ལས་འགོར་གྱི་མེད་སྐོར་བརྗོད་འདུག
རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གསར་འགྱུར་ནང་། བར་ལའི་ཕུག་ལམ་ཟེར་བ་དེ་རྒྱ་མཚོའི་ངོས་ནས་མཐོ་ཚད་མེ་ཊར་ ༤༧༥༠ ལ་ཡོད་སྟབས། ལས་བཟོ་བ་ ༢༠༠༠ བརྒལ་བ་ཞིག་གིས་འདས་པའི་ལོ་ངོ་ ༤ རིང་གྲང་ངར་ཆེ་བའི་བོད་ཀྱི་གནམ་གཤིས་དང་། མཐོ་སྒང་དུ་སྲོག་རླུང་གིས་མ་མདང་བ་སོགས་ཀྱི་དཀའ་ངལ་ལ་གདོང་ལེན་བྱས་ཏེ་དཀའ་ལས་བརྒྱབས་ནས་ལེགས་འགྲུབ་བྱུང་བ་ཞིག་ཡིན་ལ། ཁྱོན་རྒྱ་སྒོར་དུང་ཕྱུར་ ༣༨༠ བཏང་ཡོད་སྐོར་བརྗོད་འདུག
ཨེ་ཤ་ཡ་གཅིག་(Asiaone)ཡི་གནས་ཚུལ་ལྟར་ན། ཕུག་ལམ་དེ་ཕྱི་ལོ་ ༢༠༡༥ ཟླ་ ༤ ནང་རྒྱ་ནག་གི་ཨེར་ཇའོ་(Erju)མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བཟོ་གྲྭས་ལས་གཞི་མགོ་འཛུགས་བྱས་ཤིང་། ཕུག་ལམ་གྱི་གཡོན་ཕྱོགས་སུ་རིང་ཚད་མེ་ཊར་ ༥༧༢༧ དང་། གཡས་ཕྱོགས་ཀྱི་རིང་ཚད་མེ་ཊར་ ༥༧༢༠ བཅས་ཕྱོགས་གཡས་གཡོན་གཉིས་ཀྱི་གཞུང་ལམ་སྟེང་རླངས་འཁོར་ ༤ རེ་མཉམ་གཤིབ་ཀྱིས་འགྲོ་ནའང་ཤོང་སྐོར་དང་། མྱུར་སྐྱོད་ཕུག་ལམ་བཟོས་རྗེས་སྤྱི་ལེ་ ༡༢།༣ ཉེ་རུ་ཕྱིན་ཡོད་པ་དང་། དེ་སྔོན་ལྷ་ས་ནས་ཉིང་ཁྲི་བར་ཆུ་ཚོད་ ༨ འགྲོ་དགོས་ཀྱི་ཡོད་ཀྱང་ད་ལྟ་ཆུ་ཚོད་ ༤ ལས་འགོར་གྱི་མེད་སྐོར་བརྗོད་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།
སྤྱི་ལེ་གྲངས་ཀ་འདི་ལ་ནོར་བ་མེད་དམ་སྙམ། སྤྱི་ལེ་ལྔའི་སར་རྐང་འགྲོས་ཀྱིས་ཕྱིན་ནའང་ཆུ་ཚོད་གཅིག་དགོས་མ་རེད། གང་ལྟར་གོ་ནོར་ཡིན་སྲིད་ཀྱང་ཁ་གསལ་མི་འདུག ཁྱད་པར་དུལེ་ ༼༥།༧ ༽ཞེས་པའི་ཤད་ཀྱིས་བར་བཅད་པའི་གྲངས་ཀ་འདི་ལའང་གོ་བ་མ་ལོན།