དེ་རིང་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོར་བོད་ནང་གི་གསར་འགོད་རང་དབང་དང་འགྲུལ་སྐྱོད་བཀག་སྡོམ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་སོང་།དེ་རིང་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྟེ་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་། བཞུགས་སྒར་དྷ་རམ་ས་ལའི་ནོར་བུ་བོད་ཀྱི་གསོལ་མགྲོན་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། བོད་ཀྱི་གསར་འགོད་མཐུན་ཚོགས་ཐུན་མོང་གི་གོ་སྒྲིག་འོག བོད་ནང་གི་གསར་འགོད་རང་དབང་དང་འགྲུལ་སྐྱོད་བཀག་སྡོམ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་། བགྲོ་གླེང་ཐོག་བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་གསར་ཁང་ཁག་ཅིག་གི་རྩོམ་སྒྲིག་པ་དང་། བོད་ཀྱི་རང་དབང་འཐབ་རྩོད་པ། རྩོམ་པ་པོ་དང་ཉམས་ཞིབ་པ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་དང་། དེ་བཞིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་གསར་འགྱུར་ཚན་པའི་དགེ་རྒན་དང་སློབ་ཕྲུག་ཁག་ཅིག་བཅས་འཛོམས་འདུག
བགྲོ་གླེང་གི་ཐོག་མར་མཚོ་སྔོན་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཟུར་པ་སྒྲོལ་མ་ལགས་དང་། རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གསར་འགོད་པ་ཟུར་པ་(Paul Mooney)ལགས། རྒྱ་ནག་ནང་གསར་འགོད་པའི་ཕྱག་ལས་གནང་མྱོང་མཁན་རྒྱ་གར་གསར་འགོད་པ་(Abhishek Majumdar)ལགས་བཅས་ཀྱིས། གསར་འགྱུར་ལས་རིགས་ཁྲོད་ཀྱི་རང་ཉིད་ཀྱི་མྱོང་བ་དང་། དམིགས་བསལ་རྒྱ་ནག་གཞུང་གིས་བོད་ནང་གསར་འགོད་རང་དབང་དམ་དྲག་ཇི་ལྟར་བྱེད་ཀྱི་ཡོད་པ་དང་། བོད་ནང་བྱུང་བའི་དངོས་ཡོད་གནས་ཚུལ་མང་པོ་ཞིག་ཕྱི་ནས་ཤཻས་རྟོགས་ཐུབ་ཀྱི་མེད་སྐོར་སོགས་ངོ་སྤྲོད་གནང་བའི་བརྙན་ཐུང་ཞིག་བསྟན་སོང་།
བགྲོ་གླེང་གཙོ་སྐྱོང་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཉིན་མོ་ངོ་སྤྲོད་གནང་སྐབས། ཕྱི་ལོ་ ༡༩༩༣ ནས་རྒྱལ་སྤྱིའི་སྟེང་གསར་འགོད་པའི་རང་དབང་གི་སྐོར་ལ་ལོ་རེའི་ཉིན་མོ་རེར་སྲུང་གཙི་བྱེད་པའི་འགྲོ་སྟངས་འགྲོ་ལུགས་ཤིག་ཆགས་བསྡད་ཡོད་པ་རེད། རྒྱལ་སྤྱིའི་གསར་འགོད་པའི་འགྲོ་སྟངས་དང་མཐུན་པ་ཞིག་དྷ་རམ་ས་ལའི་ནང་གསར་འགོད་པའི་ཉིན་མོ་སྲུང་གཙི་ཞུ་རྒྱུ་དང་གཅིག དེ་མ་ཡིན་པའི་སྤྱི་ཟླ་ ༡༡ ནང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་བོད་ཀྱི་རྩོམ་པ་པོའི་ཉིན་མོ་སྲུང་གཙི་ཞུ་སྲོལ་ཞིག་ཡོད་པ་རེད། དེ་ཚོ་ཚང་མ་རྒྱལ་སྤྱིའི་འགྲོ་སྟངས་དང་མཐུན་པའི་བོད་ཀྱི་འགྲོ་སྟངས་ཤིག་རེད། ཉི་མ་འདིའི་ནང་དམིགས་བསལ་ག་རེ་བྱེད་ཀྱི་ཡོད་པ་རེད་ལབ་ན། གསར་འགོད་པའི་རང་དབང་ལ་གནོད་སྐྱོན་ཕོག་པ་དང་། རང་དབང་མ་བྱུང་བ། གཞུང་ལ་རང་དབང་མེད་པའི་གནས་ཚུལ་དག་དྲན་སྐུལ་བྱེད་རྒྱུ་དང་། དམིགས་བསལ་དམ་དྲག་བྱུང་བའི་གནས་ཚུལ་ཞིག་ཡིན་ན་འབུར་དུ་ཐོན་པའི་འཛམ་གླིང་རྒྱལ་ཁབ་གང་ཞིག་ཡིན་ཡང་རྒྱལ་སྤྱིའི་ནང་འགྲེམས་སྤེལ་བྱ་རྒྱུ་དང་། ལྷག་པར་དུ་གསར་འགོད་པའི་གཟེངས་སུ་ཐོན་པའི་ཕྱག་ལས་ལ་ངོས་འཛིན་དང་གསོལ་རས་གནང་སྲོལ་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། ད་ལོ་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོའི་བརྗོད་གཞི་ནི་དམངས་གཙོ་དང་གསར་འགོད་པའི་འབྲེལ་བ་ཞེས་པ་དེ་རེད་འདུག ཅེས་སོགས་བརྗོད་སོང་།
ནོར་ཝེ་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་རླུང་འཕྲིན་གསར་འགྱུར་དང་པོ་དེ་ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༡༤ ཉིན་ཐོག་མར་བོད་ནང་བཏང་སྟེ་བདུན་ཕྲག་ ༡ ལས་མ་འགོར་བར་རྒྱ་ནག་གཞུང་གིས་ཤེས་རྟོགས་བྱུང་སྟེ། ང་ཚོའི་ལས་རིམ་ཕྱིར་འཐེན་བྱེད་དགོས་བྱུང་བ་རེད། དེ་ནི་ང་ཚོ་བཙན་བྱོལ་ནང་གི་གསར་འགོད་པས་བོད་ནང་གསར་འགྱུར་མཁོ་གཏོང་བྱེད་པར་གདོང་ལེན་བྱེད་དགོས་པའི་གནད་དོན་ཐོག་མར་གསལ་བོ་ཆགས་སོང་། ཞེས་དང་། ཕྱི་ལོ་ ༢༠༠༨ བར་ནོར་ཝེ་རླུང་འཕྲིན་ཁང་གིས་བོད་ནང་གི་བོད་མིར་འབྲེལ་འདྲིས་ཀྱིས་བོད་ནང་གི་གནས་ཚུལ་རྒྱལ་སྤྱི་དང་བོད་ནང་ལོགས་སུ་འགྲེམས་སྤེལ་གང་ཐུབ་ཀྱིས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༨ རྗེས་ནས་རྒྱ་ནག་གཞུང་གིས་བོད་ནང་སྔར་ལྷག་གིས་དམ་དྲག་བྱས་ཏེ། ཐད་ཀར་བོད་ནང་གི་བོད་མིར་འབྲེལ་བ་བྱེད་མ་ཐུབ་ནའང་བོད་ཀྱི་ཕྱི་ཕྱོགས་སུ་བཞུགས་པའི་འབྲེལ་ཡོད་ཁག་དང་། སྤྱི་ཚོགས་དྲ་ལམ་སོགས་བརྒྱུད་ནས་བོད་ནང་གི་གནས་ཚུལ་བསྡུ་རུབ་བྱས་ཡོད་སྐོར་དང་། དེ་བཞིན། ཉིན་དང་པོ་ནས་བཟུང་འདས་པའི་ལོ་ངོ་ ༢༠ རིང་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ནོར་ཝེ་རླུང་འཕྲིན་ཁང་གི་རླུང་འཕྲིན་ལས་རིམ་ལ་གནོན་ཤུགས་དང་བཀག་འགོག་བྱེད་ཀྱི་ཡོད་ཀྱང་མུ་མཐུད་བོད་ནང་གཏོང་གི་ཡོད་སྐོར་སོགས་བརྗོད་སོང་།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས། རྒྱ་ནག་ནང་དྲ་རྒྱ་བཀག་སྡོམ་སྔར་ལྷག་བྱེད་བཞིན་ཡོད་ཀྱང་། ད་ལྟའི་ཆར་རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་གཏོང་མཁན་ས་ཡ་ ༨༠༢ ཡོད་སྟབས་འཛམ་གླིང་ནང་དྲ་རྒྱ་བེད་སྤྱོད་གཏོང་མཁན་མང་ཤོས་ཆགས་ཀྱི་ཡོད། དྲ་རྒྱ་བེད་སྤྱོད་གཏོང་མཁན་མང་ཤོས་ཆགས་པ་དང་རྒྱ་ནག་དམངས་གཙོར་བསྒྱུར་ཐུབ་ཀྱི་ཡོད་མེད་ཀྱི་སྐད་ཆ་ཡོང་གི་ཡོད། དེར་བརྟེན། ཕྱི་ལོ་ ༢༠༠༨ རྗེས་ནས་རྒྱ་ནག་ནང་རྒྱལ་སྤྱིའི་གསར་འགོད་པ་དང་ཉམས་ཞིབ་པ་སོགས་དམིགས་བསལ་བོད་ནང་འགྲོ་སྐྱོད་བྱེད་པར་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་ ༢༠༠༨ རྗེས་ནས་བོད་ནང་གི་གནས་ཚུལ་རག་སླད་གསར་འགོད་པ་བོད་ནང་འགྲོ་བར་ཆོག་མཆན་སྤྲོད་ཀྱི་མེད་ལ། ཆོག་མཆན་རག་མཁན་ཚོས་རྒྱ་ནག་རང་གི་ངོ་བོ་སྲུང་སྐྱོབ་དང་དྲིལ་བསྒྲགས་སོགས་ཡོངས་བསྒྲགས་བྱས་བསྡད་ཡོད་པ་རེད། ད་ང་ཚོའི་བོད་ནང་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་པ་རེད་ལབ་ན། ཕྱི་ལོ་ ༢༠༠༨ ནས་བོད་ནང་དམ་དྲག་བྱས་པ་དང་ཕྱི་ལོ་ ༢༠༡༡ ནས་དམ་དྲག་ཤུགས་ཆེ་རུ་བཏང་སྟེ། དམིགས་བསལ་ཞི་ཅིན་ཕིན་རྒྱ་ནག་གི་དབང་འཛིན་པ་ཆགས་ནས་དྲ་རྒྱ་དང་སྤྱི་ཚོགས་དྲ་རྒྱ་ལ་དམ་དྲག་བརྒྱ་ཆ་ ༥༠ ལྷག་ཞི་ཅིན་ཕིན་གྱིས་བྱས་ཡོད་པ་རེད། ཅེས་དང་། རྒྱ་ནག་གིས་དྲ་རྒྱ་སྒོ་འབྱེད་བྱས་པ་དང་ལྷན་དུ་ཕྱིའི་དྲ་རྒྱ་ཁག་བཀག་སྡོམ་བྱེད་མགོ་བརྩམས་ཏེ། དྲ་རྒྱའི་ཚོང་ལས་སོགས་རྒྱ་ནག་རང་གི་དྲ་རྒྱའི་ཐོག་ནས་འགྲོ་ཐུབ་པ་བཟོས་ཡོད་པ་དང་། ད་ལྟ་རྒྱ་ནག་གི་དཀའ་ངལ་ཆེ་ཤོས་ནི་རྒྱ་ནག་རང་གིས་བཟོས་པའི་དྲ་རྒྱ་ཁག་དམ་དྲག་བྱེད་སླད་སྤྱི་ཚོགས་གུ་དོགས་པོ་བཟོས་ཏེ་མི་ངོ་དང་སྐད་སོགས་འགྲོ་འདུག་སྤྱོད་གསུམ་ཚང་མ་ངོས་འཛིན་བྱེད་ཐུབ་པར་ཐབས་ཤེས་ཡོད་རྒུ་འདོན་གྱི་ཡོད་སྐོར་སོགས་བརྗོད་སོང་།
བོད་ཀྱི་དུས་བབ་རྩོམ་སྒྲིག་པ་པདྨ་མཚོ་ལགས་ཀྱིས། དེ་རིང་ང་ཚོ་འདིར་འཛོམས་ཏེ་རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོ་སྲུང་གཙི་ཞུ་ཡི་ཡོད་པ་རེད་དེ། ང་ཚོ་འདིར་འཛོམས་འདུག་མཁན་ཚོ་ཚང་མ་སྐྱབས་བཅོལ་བ་རྐྱང་རྐྱང་དང་། ང་ཚོས་འཇོན་གྱི་ཡོད་མེད་ལ་མ་ལྟོས་པར་ག་དུས་ཡིན་ཡང་བོད་ནང་གི་བདེ་སྡུག་དེ་རྒྱལ་སྤྱིའི་སྒང་སྐྱེལ་མཁན་ཞིག་ཆགས་བསྡད་ཡོད་བསམ་གྱི་ཡོད་པ་ལྟར། དེ་རིང་ང་ཚོ་འདིར་འཛོམས་ཏེ་རྒྱ་ནག་གཞུང་གིས་གསར་འགོད་རང་དབང་ལ་དྲག་གནོན་དམ་དྲག་ཐེབས་པ་དང་གསར་འགྱུར་བརྒྱུད་ལམ་ཁག་མི་མང་ལ་མགོ་སྐོར་གཏོང་བྱེད་ཀྱི་ལག་ཆ་ཞིག་ཏུ་བེད་སྤྱོད་གཏོང་བཞིན་ཡོད་པ་དེར་སྡུག་སྐད་རྒྱག་དགོས་པའི་ཉི་མ་ཞིག་ཆགས་བསྡད་ཡོད་པ་རེད། ཅེས་དང་། བོད་ནང་གི་བོད་མི་ཚོར་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་མེད་པ་དང་། མཐའ་ན་བྱིས་པ་ཆུང་ཆུང་ཞིག་ཡིན་རུང་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བཅུག་འགྲོ་ཡི་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༨ ལོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་པས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་ངོ་ ༣༠ རིང་གནས་སྟངས་སྡུག་ཤོས་ཆགས་ཡོད་སྟབས། བོད་ནང་གི་གསར་འགོད་རང་དབང་གི་གནས་བབ་དེ་ག་འདྲ་ཞིག་ཏུ་གྱུར་ཡོད་མེད་དེའི་ཐོག་ནས་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་སྐོར་སོགས་བརྗོད་སོང་།
དེ་རིང་གི་བགྲོ་གླེང་གོ་སྒྲིག་གནང་མཁན་ཚོགས་པ་གཉིས་ཀྱི་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་དམིགས་ཡུལ་དང་འཆར་གཞི་ལྡན་པའི་ཐོག་ནས་ཕྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོ་བོད་ནང་དུ་འགྲོ་རུ་མ་བཅུག་པར་བོད་ནང་གི་འགྲུལ་སྐྱོད་རང་དབང་གི་ཐོབ་ཐང་ལ་དམ་དྲག་ཤུགས་ཆེར་བཏང་ཡོད། རྒྱ་གཞུང་གིས་རྒྱལ་སྤྱིའི་སྟེང་དུ་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ཚབས་ཆེའི་དྲིལ་བསྒྲགས་བྱེད་བཞིན་དུ། ནང་ལོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་ཤུགས་ཆེར་གཏོང་གི་ཡོད་ལ། ལྷག་པར་དུ་བོད་ནང་གི་འགྲུལ་སྐྱོད་ལ་དཀའ་ཁག་དང་དམ་དྲག་ཤུགས་ཆེར་བཏང་སྟེ། ཉེ་བའི་ལོ་ངོ་འདི་དག་གི་རིང་ལ་བོད་ནང་གི་འགྲུལ་སྐྱོད་རང་དབང་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཡོད། ཅེས་བརྗོད་འདུག
ཡང་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་རང་དབང་གསར་འགོད་པ་ཚོ་བོད་རང་སྐྱོང་ལྗོངས་དང་། ཡུན་ནན། མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་བོད་རིགས་འདུས་སྡོད་ཁུལ་དུ་བསྐྱོད་རྒྱུར་བཀག་སྡོམ་བྱས་ཡོད་པ་དང་། བོད་ནང་གི་གསར་འགྱུར་འགོད་མཁན་གསར་འགོད་པ་ཚོར་མུ་མཐུད་དོགས་ཟོན་མྱུལ་ཞིབ་དང་འཇིགས་སྐུལ། སུན་གཙེར་དང་བརྡབ་གསིག་གཏོང་མུས་ཡིན་པ་རེད་ཅེས་འདི་ལོའི་ཕྱི་ཟླ་ ༥ ནང་པེ་ཅིན་དུ་རྟེན་གཞི་བྱས་པའི་ཕྱིའི་གསར་འགོད་ལྷན་ཚོགས་ཀྱི་ཞིབ་འཇུག་སྙན་ཐོའི་ནང་བཏོན་ཡོད། ཅེས་བརྗོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།
བཙན་བྱོལ་བོད་ཀྱི་གསར་འགོད་པ་ཚོར་གསར་འགོད་རང་དབང་གི་གནས་བབས་ཡོད་ནའང་གནད་ཡོད་གསར་འགོད་པའི་བློ་སྟོབས་མེད། དེ་ནི་གསར་འགོད་ཀྱི་རང་དབང་ལག་བསྟར་མ་ཐུབ་པའི་ཞན་ཆ་རེད།