བོད་ཀྱི་དཔེ་མཛོད་ཁང་གི་སྐབས་ ༡༤ པའི་ཟླ་གསུམ་རིང་གི་རྩོམ་སྒྱུར་ཟབ་སྦྱོང་ནང་ཁྱོན་སློབ་ཕྲུག་ ༣༧ མཉམ་ཞུགས་བྱས་འདུགདེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་སེ་སྒར་ཚན་རིག་ཁང་དུ། ལོ་འཆར་ཅན་ལྟར་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་གནང་པའི་རྩོམ་སྒྱུར་ཟབ་སྦྱོང་སྐབས་ ༡༤ པ་མགོ་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་ཞིག་ཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ཟབ་སྦྱོང་ནང་ཞུགས་པའི་སློབ་ཕྲུག་ཚོས་གཅིག་གིས་གཅིག་ལ་སློབ་རེས་བྱས་ནས་ཟླ་གསུམ་གྱི་དུས་ཚོད་དམ་འཛིན་དགོས་སྐོར་གསུངས་སོང་།
དེ་ཡང་མཛད་སྒོའི་ཐོག་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས། འདི་ལོའི་ཟབ་སྦྱོང་ནང་ཞུགས་པའི་སློབ་མ་རྣམས་ལ་དཔལ་འབྱོར་ལས་ཁུངས་ཀྱིས་མ་དངུལ་ཕྲན་བུ་བཏང་བ་དང་། བོད་ཀྱི་དཔེ་མཛོད་ཁང་གིས་རྐང་འགན་འཁུར་བའི་རྩོམ་སྒྱུར་ཟབ་སྦྱོང་དེ་ཐུགས་ཕན་གསོ་བ་ཞིག་ཡོང་རྒྱུར་ཚང་མས་འབད་བརྩོན་བྱེད་དགོས་པ་མ་ཟད། འདི་ལོའི་ཟབ་སྦྱོང་ནང་རྩོམ་རིག་དང་ཁྲིམས་ལུགས། ལེགས་སྦྱར་སྐད་ཡིག་སོགས་ཤེས་ཡོན་གྱི་རྒྱབ་ལྗོངས་འདྲ་མིན་ནས་ཡིན་པའི་སློབ་མ་མཉམ་ཞུགས་བྱས་ཡོད་སྟབས། འབྱུང་འགྱུར་གྱི་ཟབ་སྦྱོང་ཟླ་བ་ ༣ དེའི་རིང་ཕན་ཚུན་གཅིག་གིས་གཅིག་ལ་སློབ་རེས་བྱེད་དགོས་སྐོར་སོགས་གསུངས་སོང་།
བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་རྩོམ་སྒྱུར་ཟབ་སྦྱོང་སྐོར་ངོ་སྤྲོད་གནང་སྐབས། རྩོམ་སྒྱུར་ཟབ་སྦྱོང་དེ་ཐོག་མར་ཕྱི་ལོ་ ༢༠༠༦ ལོར་མགོ་འཛུགས་བྱས་པ་ཞིག་དང་། ད་བར་སློབ་མ་ ༤༠༠ ལྷག་ཅིག་སྐྱེད་སྲིང་བྱས་ཏེ། ད་ལྟ་མང་པོ་ཞིག་གིས་སྤྱི་ཚོགས་ནང་ལས་ཀ་གཉེར་བཞིན་ཡོད་པ་དང་། ཡང་རེ་འགའ་མཐོ་རིམ་སློབ་གྲྭ་ཁག་ལ་སློབ་གཉེར་བྱེད་མུས་ཡིན་སྐོར་དང་། ཟབ་སྦྱོང་ནང་མཉམ་ཞུགས་བྱས་པའི་སློབ་མ་རྣམས་ཀྱིས་གཙོ་བོ་རང་ཉིད་ཀྱི་དུས་ཚོད་དམ་འཛིན་གྱིས་ཕན་ཚུན་ལ་རོགས་འདེགས་བྱས་པ་བརྒྱུད་ཡར་རྒྱས་གཏོང་དགོས་སྐོར་སོགས་བརྗོད་སོང་།
འདི་ལོའི་བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྱུར་ཟབ་སྦྱོང་ནང་ཁྱོན་སློབ་མ་ ༣༧ གྱིས་མཉམ་ཞུགས་བྱས་འདུག་པ་དང་། དེ་དག་གི་ཁྲོད་དུ་འབྲུག་དང་ལ་དྭགས་ནས་ཡིན་པའི་སློབ་མ་ཡང་འདུག བོད་ཀྱི་དཔེ་མཛོད་ཁང་གིས་ལོ་རེར་སློབ་ཕྲུག་གྲངས་ ༣༠ ཡས་མས་རེར་རྩོམ་སྒྱུར་ཟབ་སྦྱོང་འདི་སྤྲོད་ཀྱི་ཡོད་པ་དང་། དུས་ཡུན་ཟླ་ ༣ ནང་གཙོ་བོ་ནང་ཆོས་དང་། བོད་དབྱིན་སྐད་ཡིག རྩོམ་སྒྱུར་ཐབས་ལམ་བཅས་འཁྲིད་ཀྱི་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།
༄།གཞིས་ཞུགས་སྤུན་ཟླ་རྣམས་ཀྱི་དཀའ་ངལ་དུ་མ་ཞིག་གི་འོག་རྩོམ་པ་པོ་དང་ཡིག་བསྒྱུར་མཁན་ཚད་དང་ལྡན་པ་མང་དག་ཞིག་ཐོན་བཞིན་ཡོད་ཀྱང་།བཙན་བྱོལ་རང་དབང་ལུང་པའི་ནང་མཐོ་སློབ་ཐོན་པའི་སློབ་མ་དང་རྩོམ་བསྒྱུར་ཟབ་སྦྱོང་ཐོན་པའི་སློབ་མ་གྲངས་ཁའི་ཆ་ནས་མང་བ་ཙམ་ལས་ཚད་དང་ལྡན་པའི་རྩོམ་པ་པོ་དང་ཡིག་བསྒྱུར་བ་ནི་མཛུབ་མོ་ལྔའི་གྲངས་ཙམ་རེད་འདུག་གོ།
མཁྱེན་ཡངས་བོད་ཀྱི་དཔེ་མཛོད་ཁང་གི་དགེ་བཤིས་ལྷ་རྡོར་ལགས་ཀྱི་གཙོའི་ལས་མི་ལྷན་རྒྱས་ལ་བཀྲིས་བདེ་ལེགས་ཞུ་མ་ཟད་དཔེ་མཛོད་ཁང་གི་ལས་གཞི་འདྲ་མིན་དབང་གི་བོད་སྤྱི་ཚོགས་སུ་རླབས་ཆེན་གྱི་བྱ་བ་སྒྲུབ་དང་སྒྲུབ་བཞིན་ཡོད་པས་ངེས་པར་བཀྲིན་ཆེན་རྗེས་དྲན་ཞིག་བྱེད་དགོས་པ་ཞིག་རེད་འདོད། དཔེ་དེབ་པར་དཀྲུན་གྱི་མཚོན་ཧ་ཀྱང་རླབས་ཆེན་གྱིས་ཕྱག་ལས་གནང་གི་འདུག་པས་ཐུགས་རྗེ་བླ་མེད་ཆེ་ཞུ།