མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་ཐད་དཔལ་ལྡན་སྲིད་སྐྱོང་གི་གནང་བབ་ལོ་རྒྱུས་ཡིག་ཚང་དུ་བྲིས་པ།

བོད་ཀྱི་དུས་བབ།
༢༠༡༩/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར།

ཆེས་བཀུར་བར་འོས་པའི་མི་མང་རྣམ་པ་ལགས། གུས་པ་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་གྲས་སུ་སླེབས་རྗེས་ཙམ་མིན་པར། སུ་ཞིག་གིས་༧གོང་ས་མཆོག་གི་ལམ་སྟོན་དང་ཐུགས་རེ་རྣམས་སྣང་མེད་དུ་བཞག་སྟེ། ཡང་ན་ཁ་ནས་སྐྱོར་བ་ཙམ་གྱི་རྣམ་པར་བཞག་སྟེ་འཐུས་ཤོར་ཇི་ལྟར་གཏོང་གི་ཡོད་མེད་ལ་རྟག་ཏུ་རང་ཚོད་ཀྱིས་དོ་སྣང་བྱེད་ཁུལ་ནས། བར་ལམ་མི་མང་གིས་སྤྱི་འཐུས་ཀྱི་མཚན་ཞིག་གནང་བ་ནས། དམིགས་བསལ་དུ་འཛིན་སྐྱོང་གི་ཕྱག་ལས་གནང་སྟངས་ལ་དོ་སྣང་ཤུགས་ཆེར་བྱེད་དགོས་བྱུང་བ་ཁྲིམས་སྒྲིག་གིས་སྐུར་པའི་འོས་འགན་དང་། ལས་དང་སྨོན་ལམ་གྱིས་བགོས་པའི་ལས་ཀར་གྱུར། ཕལ་ཆེར་འདས་པའི་ལོ་ ༣ རིང་གསལ་བོ་མ་ཆགས་པའི་ཨ་སྒོར་ས་ཡ་ ༡་༥༠ སྐོར་གྱི་ལབ་གླེང་གིས། ང་ཚོའི་ཆིག་སྒྲིལ་ལ་མི་དགོས་ས་ནས་འགལ་རྐྱེན་སྣ་མང་བསྐྲུན་ཡོད་ཅིང་། དབང་ཆ་ལོག་སྤྱོད་དང་། རྒྱུས་ཡོད་རྒྱུས་མེད་ཀྱི་དངོས་དོན་ཧམ་པ་སུ་ཆེའི་འོག་ཟགས་ནས། དངོས་དོན་ཇི་བཞིན་མི་མང་གིས་མཁྱེན་རྒྱུར་སྒོ་གང་ས་ནས་བར་ཆད་སྣ་མང་འཕྲད་ཡོད་པ་བློ་ཕམ་གྱི་གནས་སུ་ཆེ་ཡང་། ད་ལྟ་གཞི་ནས་ལབ་གླེང་ཤུགས་ཆེར་བྱུང་པའི་གནས་ཚུལ་འདིའི་སྐོར་ཁུངས་ཡང་དག་པ་དང་བཅས་ཁྱེད་རྣམ་པར་ཞུ་རྒྱུ་བྱུང་བ་འདི་སྐལ་བ་བཟང་པོ་རེད་སྙམ། གནས་ཚུལ་འདི་ཞིབ་ཏུ་བཀླགས་རྗེས། སྨྱུག་འཛིན་པས་རེ་བ་གང་ཞིག་རྒྱག་གི་ཡོད་ཞུ་ན། ཀློག་པ་པོ་སྐུ་ཉིད་མཆོག་ལ། གང་ཟག་ཅིག་མ་རབས་ཐ་ཤལ་དུ་ངོས་འཛིན་ཡོང་བའི་འདུ་ཤེས་བསྐྲུན་ཐབས་མིན་ཞིང་། མང་གཙོའི་འབབ་ས་ཁྲིམས་སྒྲིག་དང་། ཁྲིམས་སྒྲིག་གིས་སྒྲིག་འཛུགས་ཇི་ལྟར་དབང་བསྒྱུར་གྱི་ཡོད་མེད་ལ་ཤེས་རྟོགས་གཏིང་ཟབ་འབྱུང་ཆེད་དང་། རྨང་གཞི་དེ་བརྒྱུད་མང་གཙོའི་ལམ་ནས་བདམས་ཐོན་བྱུང་བའི་དབུ་ཁྲིད་ཚོས་མི་མང་ལ་དབུ་སྐོར་གཏོང་མི་ཐུབ་ཆེད་དང་། འགོ་ཁྲིད་ཀྱིས་ལས་དོན་ནོར་འཁྲུལ་ཅན་བྱེད་སྐབས་མི་མང་གིས་དེ་མ་ཐག་ཐེར་འདོན་ཚར་གཅོད་རྗེས་འཛིན་བྱ་ཐུབ་པ་བཅས་ཀྱི་ཉམས་མྱོང་བསགས་ཆེད་བཅས་སུ་དམིགས་པ་ཞིག་ཡིན། དེས་ན་ཨ་སྒོར་ས་ཡ ༡་༥༠ སྐོར་དོན་ཚན་ལྔར་དབྱེས་ཏེ་གོ་བདེ་བར་ཞུ་བ་ལ།།

གཅིག སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་པས་ཨ་རི་དོན་ཁང་གི་རྩིས་ཁྲར་ཅི་ལྟར་ཞིབ་འཇུག་བྱས་སམ། གཉིས། ཨ་རི་བོད་ཀྱི་ཐེབས་རྩས་གན་རྒྱ་དེ་དང་འབྲེལ་ནས་བཀའ་ཤག་ལ་གསལ་བཤད་གང་དག་ཞུས་སམ། གསུམ། སྲིད་སྐྱོང་བློ་བཟང་སེང་གེ་དང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་རྣམ་གཉིས་ནས་ཨ་རིའི་རོགས་དངུལ་ལེན་ས་གཞན་ཞིག་བཟོ་འཆར་གནང་དོན་ཅི་ཡིན་ནམ། བཞི། དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གིས་བུ་ལོན་གྱི་གན་ཡིག་དེ་ནག་ཁུང་ནང་སྣང་མེད་དུ་འཇོག་མི་ཐུབ་དོན་ཅི་ཡིན་ནམ། ལྔ། ཨ་སྒོར་ས་ཡ་ ༡་༥༠ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཀའ་འཁྲོལ་ཞུ་སྐབས་དབུ་སྐོར་ཅི་ལྟར་ཞུས་མིན། བཅས་གནད་དོན་ ༥ ཐད་ཁ་གསལ་གོ་བདེར་འབྲི་བའི་ངལ་བ་དང་དུ་ལེན་ན། གཟུར་གནས་གཞུང་སེམས་ཅན་དག་གི་ཐུགས་འདོད་ཚིམ་རེ་ཤིན་ཏུ་ཆེ།

གཅིག སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་པས་ཨ་རི་དོན་ཁང་གི་རྩིས་ཁྲར་ཅི་ལྟར་ཞིབ་འཇུག་བྱས་སམ།

༢༠༡༧ ཟླ་ ༣ ཚེས་ ༢༧ ཉིན་ཨ་རིའི་དོན་ཁང་གི་རྩིས་ལོ་ ༢༠༡༤་་་ ༡༦ ལོའི་རྩིས་ཁྲར་རྩིས་ཞིབ་པ་ཆེད་བཅར་གྱིས་ཞིབ་འཇུག་བྱ་འགོ་བརྩམས། ༢༠༡༧ ཟླ་ ༤ ཚེས་ ༥ ཉིན་རྩིས་ཞིབ་པས་རགས་ཟིན་སྙན་ཐོ་འབྲི་འགོད་ཞུས་པ་ཉིན་རྒྱབ་དོན་གཅོད་ལས་ཁང་གི་འགོ་ལས་ཡོངས་དང་མཉམ་སྙན་སྒྲོན་གོ་བསྡུར་གནང་། སྐབས་དེར་རྩིས་སྙན་ནང་ཨ་རིའི་བོད་ཀྱི་ཐེབས་རྩ་ལ་སྤྲོད་བསྡད་གསལ་མིན་སྐོར་དོན་གཅོད་ནས་རྩིས་ཞིབ་པར་དྲི་བ་བཏང་། རྩིས་ཞིབ་པས་གསལ་གྱི་མི་འདུག་ཅེས་ལན་ཕུལ། དོན་གཅོད་ནས་གཞི་རྩའི་རྩིས་ཀྱི་འགྲོ་ལུགས་ལྟར་བྱས་ན་ཕྱོགས་གཅིག་ནས་ཡོང་བསྡད་ཡོད་ན་གཞན་དེའི་ནང་སྤྲོད་བསྡད་གསལ་དགོས་པར་སོང་། ཨ་རི་བོད་ཀྱི་ཐེབས་རྩའི་རྩིས་ནང་ཨ་རི་དོན་ཁང་གི་མཚན་ཐོག་བུ་ལོན་ཡོང་བསྡད་འདུག་པ་དང་། དེའི་དཔང་རྟགས་སུ་གན་རྒྱ་ཞིག་ཀྱང་བཞག་འདུག དོན་ཁང་གི་རྩིས་ཁྲའི་ནང་དེ་མཚུངས་སྤྲོད་བསྡད་དགོས་པ་ཞིག་མ་གསལ་ཚེ་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་ཉེན་ལ་བརྟེན་དངོས་ཡོད་གནས་སྟངས་ལྟར་རྩིས་འཁུར་དགོས་ཀྱི་མེད་དམ་ཞེས་གསུངས། དེར་རྩིས་ཞིབ་པས་རྩིས་ལོ་ ༢༠༡༣ ་་་ ༡༤ ལོའི་སྙན་ཐོའི་ནང་དུའང་བུ་ལོན་ཡིན་པ་གསལ་གྱི་མེད་སྐོར་ཞུས་འཕྲལ། དོན་གཅོད་ནས་ཚང་འཛོམས་ཡོད་མུས་ཐོག་བོད་ཀྱི་ཐེབས་རྩར་ཁ་པར་བཏང་སྟེ་གན་ཡིག་གི་ངོ་བཤུས་ཤིག་སྐུར་རོགས་གསུངས་པར། དེ་མ་ཐག་གློག་འཕྲིན་ Email བརྒྱུད་འབྱོར་བ་རྩིས་ཞིབ་པར་ཕུལ། རྩིས་ཞིབ་པས་དཔྱད་ཞིབ་སྐབས། བུ་ལོན་ཡིན་པ་གསལ་ར་འཕྲོད་རྗེས་གོང་རིམ་ལ་སྙན་གསེང་ཞུ་རྒྱུ་གནང་སྟེ་ཚོགས་འདུ་གྲོལ།

༢༠༡༧ ཟླ་ ༤ ཚེས་ ༡༧ ཉིན་རྩིས་ཞིབ་པ་ཨ་རི་ནས་ཕྱིར་ཕེབས་ཏེ་ལས་བཅར་ཞུས་འཕྲལ། ཨ་སྒོར་ས་ཡ་ ༡་༥༠ སྐོར་སྙན་ཐོའི་སྐྱོན་གནད་ནང་འབྲི་རྒྱུ་གལ་ཆེར་དགོངས་པ་བཞིན་དངོས་སུ་ཕྱག་བསྟར་གྱིས་བྲིས་གནང་སྟེ་ཨ་རི་དོན་ཁང་གི་རྩིས་ལོ་ ༢༠༡༤ ་་་ ༡༦ ལོའི་རྩིས་ཞིབ་སྙན་ཐོ་རགས་ཟིན་གྲུབ་པར་བྱས།  ༢༠༡༧ ཟླ་ ༤ ཚེས་ ༢༠ ཉིན། སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་མགོན་པོ་ལགས་དང་། དྲུང་ཚབ། དྲུང་འཕར། ཟུང་དྲུང་། འབྲེལ་ཡོད་རྩིས་ཞིབ་པ་བཅས་ལྷན་འཛོམས་སར། འབྲེལ་ཡོད་རྩིས་པས་ཨ་སྒོར་ས་ཡ་ ༡་༥༠ སྐོར་གན་རྒྱ་ཞིག་བཞག་འདུག་པའི་ནང་བུ་ལོན་ཡིན་ཚུལ་གསལ་བཀོད་བྱས་ཡོད་པའི་གནས་ཚུལ་རྣམས་ཞིབ་ཏུ་ཞུས་འབྲས། གན་རྒྱ་འཇོག་མཁན་གྱི་དེ་སྔའི་དོན་གཅོད་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ད་ལྟ་དཔལ་འབྱོར་ལས་ཁུངས་སུ་ཡོད་གཤིས། དེར་གསལ་བཤད་ཉན་ཞིབ་དགོས་རྒྱུ་ཐག་བཅད། ༢༠༡༧ ཟླ་ ༤ ཚེས་ ༢༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ ། རྩིས་ཞིབ་པ་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་ཐུག་འཕྲད་གནང་། སྐབས་དེར་རྩིས་ཞིབ་པས། རྩིས་ལོ་ ༢༠༡༣ ་་་༡༤ ལོའི་ནང་ཨ་རི་བོད་ཀྱི་ཐེབས་རྩ་ནས་དོན་ཁང་གི་ས་ཁང་སྤུས་གཟིགས་ཆེད་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་རྩིས་ནང་ཨ་སྒོར་ས་ཡ་ ༡་༥༠ གནང་འདུག་པ་དེ་རོགས་དངུལ་ཡིན་ནམ་ཞེས་འདྲི་རྩད་ཞུས་སྐབས། སྐལ་རྡོར་ལགས་ནས་རོགས་དངུལ་རང་ཆགས་ཡོད་གསུངས། ཡང་རྩིས་ཞིབ་པས། དེ་ཡིན་ན། སྐུ་ཉིད་དང་ཨ་རི་བོད་ཀྱི་ཐེབས་རྩའི་བར་ ༢༠༡༤ ཟླ་ ༣ ཚེས་ ༣༡ ཉིན་བུ་ལོན་ཡིན་པའི་གན་རྒྱ་ཞིག་བཞག་འདུག་པ་འདི་ཅི་ཡིན་ཞེས་བཀའ་འདྲི་གནང་བར། ཡང་སྐལ་རྡོར་ལགས་ནས། གན་རྒྱ་དེ་ག་བ་ནས་བྱུང་སོང་ཞེས་གསུངས། དེར་རྩིས་ཞིབ་པས་བརྒྱུད་རིམ་ཆ་ཚང་འགྲེལ་བཤད་ཞུས། དེར་མུ་མཐུད་སྐལ་རྡོར་ལགས་ནས། ཁྲིམས་ཐོག་ནས་དཀའ་ངལ་མི་འཕྲད་སླད་བོད་ཀྱི་ཐེབས་རྩས་བཟོས་པ་ཞིག་ལས་དོན་ལ་བུ་ལོན་མིན། གན་རྒྱའི་ནང་ཅི་ལྟར་འཁོད་ཡོད་རུང་རོགས་དངུལ་རང་ཡིན་གསུངས། རྩིས་ཞིབ་པས། གན་རྒྱར་ཁྱོད་ཀྱིས་མཚན་རྟགས་བཀོད་ཡོད་པ་དང་། འབྲུ་དོན་དུའང་བུ་ལོན་ཡིན་གནས་གསལ་འདུག་སྟབས་འདི་ལོར་རྩིས་ཁྲར་རྩིས་བཅོས་ཀྱིས་བུ་ལོན་གྱི་ངོ་བོར་རྩིས་འཁུར་ཞུས་པ་ཡིན་གསུངས་པར། སྐལ་རྡོར་ལགས་ནས། ཨ་རི་བོད་ཀྱི་ཐེབས་རྩའི་མཉམ་གན་རྒྱ་དེ་དགོས་དབང་གིས་བཞག་པ་ལས་དེ་ལྟར་ཕྱིར་སློག་དགོས་ཀྱི་མེད་པ་ཕྱོགས་གཉིས་ཀས་གསལ་བོ་ཤེས་ཀྱི་ཡོད་ཅེས་ཨུ་ནན་གནང་། དེར་རྩིས་ཞིབ་པས། ཅི་སྟེ་དེ་ལྟར་ཡིན་ཚེ་བུ་ལོན་མིན་སྐོར་བོད་ཀྱི་ཐེབས་རྩས་ཡིག་ཐོག་ཏུ་བཀོད་པ་ཉིན་གྲངས་ ༡༠ ནང་གནང་རོགས་གསུངས་ཏེ་ཐུག་འཕྲད་མཇུག་གྲུབ།

སྐལ་རྡོར་ལགས་ནས་ཨ་སྒོར་ས་ཡ་ ༡་༥༠ ལས་སྔ་འདོན་ཨ་སྒོར་ཆིག་ཁྲི་ལྔ་སྟོང་ ༡༥༠༠༠། ཨ་རི་དོན་ཁང་གི་དམིགས་བསལ་རྩིས་འགོ་༧གོང་ས་མཆོག་གི་ཆིབས་བསྒྱུར་གྱི་རྩིས་འགོའི་ནང་བཅུག་བཏོན་བྱས། འདི་ནི་ཧ་ཅང་ཚབས་ཆེན་ཞིག་ཡིན། རྩིས་འགོ་དེར་༧དཔལ་ལྡན་དགའ་ལྡན་ཕོ་བྲང་གི་བཀའ་འཁྲོལ་མེད་པར་དངུལ་སྐར་གང་ཡང་བཅུག་བཏོན་བྱས་ཆོག་གི་མེད་ཀྱང་། དཔལ་ལྡན་༧དགའ་ལྡན་ཕོ་བྲང་ཡིག་ཚང་གིས་མཁྱེན་རྟོགས་གང་ཡང་མེད་པར་རང་སྣང་གང་ཤར་གྱིས་བཅུག་བཏོན་བྱས་འདུག ཉིན་གྲངས་ ༡༠ རྗེས་སུ་སྐལ་རྡོར་ལགས་ནས་ལན་གང་ཡང་མ་འབྱོར་སྟབས། འབྲེལ་ཡོད་རྩིས་ཞིབ་པ་ལགས་ནས་ ༢༠༡༧ ཟླ་ ༥ ཚེས་ ༢༡ ཉིན་ཨ་སྒོར་ས་ཡ་ ༡་༥༠ དེ་བཞིན་བུ་ལོན་ཡིན་པའི་གན་ཡིག་ལྟར། དོན་ཁང་གི་རྩིས་ལོ་ ༢༠༡༤་་་༡༦ ལོའི་རྩིས་ཞིབ་སྙན་ཐོའི་ནང་རྩིས་བཅོས་ཀྱིས་སྐྱོན་གནད་ནང་བཀོད་པ་གོང་རིམ་ཟུང་དྲུང་ལ་རྩིས་འབུལ་ཞུས། ༢༠༡༧ ཟླ་ ༥ ཚེས་ ༢༢ ཉིན་སྐལ་རྡོར་ལགས་ནས་ཡི་གེ་ཞིག་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དུ་ཕུལ། ཁ་ཕྱེས་ནས་ལྟ་སྐབས་དེ་ནི་བོད་ཀྱི་ཐེབས་རྩའི་ཡི་གེ་མིན་པར། ཁོང་གི་གསལ་བཤད་ཅིག་སྟེ། ཨ་སྒོར་ས་ཡ་ ༡་༥༠ བུ་ལོན་མིན་ཚུལ་དང་། ནེའུ་ཡོག་བོད་ཀྱི་ཐེབས་རྩའི་ཁང་ཁོངས་ནས་བོད་མིའི་སྒྲིག་འཛུགས་ལ་ཐོབ་སྐལ་ཡིན་གནས་འཁོད་ཡོད་འདུག  ༢༠༡༧ ཟླ་ ༨ ནང་། སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་མགོན་པོ་མཆོག་ནས། ཨ་སྒོར་ས་ཡ་ ༡་༥༠ སྐོར་བཀའ་ཤག་ནས་ནང་གནས་ཐོག་གསལ་བཤད་ལན་འདེབས་དང་། བོད་ཀྱི་ཐེབས་རྩས་སྲིད་སྐྱོང་མཆོག་ལ་དབྱིན་ཡིག་ནང་ཕུལ་བའི་ཡིག་ཆུང་གི་ངོ་བཤུས་གནང་འབྱོར་ལ་དཔྱད་ཞིབ་རྗེས། སྙན་ཐོ་ནས་ཕྱིར་འཐེན་གནང་རྒྱུ་ཡིན་ཞེས་ཐག་བཅད་པའི་བཀའ་བསྒྲགས། ཐག་གཅོད་དེ་ནི་གཤམ་འོག་ལས་བྱེད་རྣམས་ཀྱང་ཡི་མ་རངས་པའི་གཞི་ཆེན་པོར་གྱུར་ཡོད། གལ་སྲིད་སྤྱི་ཁྱབ་རྩིས་ཞིབ་པས་དངོས་དོན་དུ་དྲང་པོ་གནང་འདོད་ན། སྐབས་དེར་ཨ་རི་བོད་ཀྱི་ཐེབས་རྩ་ལ་བཀའ་རྩད་ཙམ་ཡང་མི་གནང་བར། གན་རྒྱ་ཕར་བཞག སྒྲིག་གཞི་ཚུར་བཞག རྩིས་ཀྱི་འགྲོ་ལུགས་ལ་ལྟོས་མེད་ཀྱིས་ཡང་སྙིང་ཅི་ཞིག་གལ་ཆེར་བཟུང་བ་ཡིན་ནམ། གང་ཞིག་ལ་རྩ་འཛིན་གནང་བ་ཡིན་ནམ། བཀའ་དེ་ལྟར་གནང་འདུག

འོན་ཏང་བདེན་པ་རིམ་གསལ་དངོས་པོའི་གཤིས་ལ་སོང་། ༢༠༡༩ ལོའི་དེང་གི་དུས་གངས་ཅན་སྐྱིད་གཤོངས་གཙོས་དོ་སྣང་ཅན་དང་། དབུ་འཚོས་པོ་བཞུགས་སའི་ས་ཁུལ་མང་པོར་སྐབས་དེའི་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་མཆོག་དང་དཔལ་ལྡན་སྲིད་སྐྱོང་མཆོག་རྣམ་གཉིས་ལན་འགར་ཟུར་མཇལ་གནང་བའི་གནས་ཚུལ་ཕྱི་གྱར་གྱིས་ཤེས་རྟོགས་བྱུང་ཡོད་ཅིང་། སྐབས་དེར་ཡང་སྙིང་བཀའ་མོལ་ཅི་ཞིག་གནང་ཡོད་མེད། གཅིག་ཕན་གཅིག་གྲོགས་ཀྱི་ཐག་གཅོད་ཅི་ལྟར་གནང་ཡོད་མེད་ལ་བསམ་ཚུལ་སྤུངས་བཞིན་པ་རེད། སྨྱུག་འཛིན་པ་ཁོ་བོར་ཡང་སྐབས་དེ་དུས་འོས་འགན་ཞིག་ཡོད་པའི་ཆ་ནས། གནད་དོན་འདིའི་ཆེད་སྐབས་དེའི་རྩིས་ཞིབ་འགན་འཛིན་མགོན་པོ་མཆོག་ལ་ཐེངས་གཉིས་བཅར་ཏེ་དངོས་དོན་བཀའ་འདྲི་ཞུས་ཀྱང་། ད་ལྟ་བསྡོམས་བརྒྱབས་དུས་བཀའ་ལན་དྲང་པོ་གནང་མི་འདུག་པ་གསལ་རུ་འགྲོ་བཞིན་འདུག་ཀྱང་། ངའི་རེ་བར་འགན་འཛིན་ཟུར་པ་མཆོག་གིས་སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཟུར་མཇལ་བྱས་ཏེ་གནས་ཚུལ་ཅི་བྱུང་དྲང་པོ་དྲང་བཞག་གིས་༧གོང་ས་མཆོག་ལ་ཞུ་ངེས་ཤིང་། མི་མང་ལའང་སྙན་གསེང་ངེས་པར་ཞུ་གི་རེད་སྙམ། དེ་ནི་གཏམ་ཚེ་རིང་བ་ཞུ་བ་དེ་མེད་པ་བཟོ་ཐུབ་ཙམ་མིན་པར། མ་འོངས་པར་དབང་ཆ་ལོག་སྤྱོད་ཀྱིས་ཁྲིམས་སྒྲིག་བརྡལ་བཤིག་མི་གཏོང་བར་ཤིན་ཏུ་ཕན་ངེས་སྙམ་ལ། དེ་ནི་སྒྲིག་འཛུགས་སྲུང་སྐྱོབ་ཞུ་ཕྱོགས་ཚད་ལྡན་དེ་ཡང་རེད། ཀློག་པ་ཚོས། གནས་ཚུལ་འདི་ལྗགས་ཀློག་གནང་སྐབས་ཐུགས་ལྷོད་ལྷོད་ཀྱིས་བསམ་ཞིབ་གནང་ན། ཕྱོགས་ཡོངས་ཀྱི་གནས་ཚུལ་རྣམས་གུས་ནས་གོ་བདེ་བར་འབྲི་བའི་ངལ་བ་དང་དུ་ལེན་བཞིན་ཡོད་པས། རྔམ་དྲག་མ་གནང་བར། ཡང་ན་ལམ་སེང་གནས་ཚུལ་ཆ་ཚང་ཤེས་རེ་མི་གནང་བར་ངང་རྒྱུད་རིང་པོས་རང་གི་སྤྱི་ཚོགས་ལ་ཤ་ཚ་བའི་ཀུན་སློང་གིས་རྩོམ་བྲིས་འདི་ལ་ལྷོད་གཟིགས་གནང་དགོས།

གཉིས། ཨ་རི་བོད་ཀྱི་ཐེབས་རྩས་གན་རྒྱ་དེ་དང་འབྲེལ་ནས་བཀའ་ཤག་ལ་གསལ་བཤད་གང་དག་བྱས་ཡོད་དམ།

སྐབས་འདིར་ཐོག་མར་ཤེས་དགོས་པ་ནི། གན་རྒྱ་དེ་བཞིན་བོད་ཀྱི་ཐེབས་རྩ་དང་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ TCDF བར་བཞག་མེད་པར། ཨ་རི་དོན་ཁང་དང་བོད་ཀྱི་ཐེབས་རྩའི་བར་བཞག་ཡོད་པས། དེ་སྔ་ཝ་ཞིན་ཀྲོན་ཌི་སིར་དོན་ཁང་གསར་ཉོ་སྐབས་ཁྲིམས་རྩོད་པ་སྐུ་ཞབས་ Varley ལགས་ནས་བཏོན་པའི་དོན་ཚན་ཁག་དང་འགལ་ཟླར་གྱུར་ཡོད་ལ། གཙོ་བོ་དོན་ཁང་གི་ཆེ་མཐོང་ལྡན་པའི་ངོ་བོར་དོ་ཕོག་ཡོང་ཉེན་དང་མཉམ། དེའི་དོན་གྱི་བདག་པོ་༧གོང་ས་མཆོག་ལ་མཚན་ཤོས་ཡོང་གཞི་གཉིས་ཀར་ལྟོས་མེད་ཀྱིས་མུ་མཐུད་གན་རྒྱ་འཇོག་མཁན་དོན་ཁང་དང་། ༧གོང་ས་མཆོག་གི་སྐུ་ཚབ་ཅེས་པ་གན་རྒྱ་སྔ་ཕྱི་གཉིས་ཀྱི་ནང་བཀོད་དེ་དོན་གཅོད་སྔ་ཕྱི་གཉིས་ཀྱིས་མཚན་རྟགས་བསྐྱོན་ཡོད། ད་ནི་གཞུང་ལ་ཞུགས་ན། བོད་ཀྱི་ཐེབས་རྩས་ཐོག་མ་ནས་གན་རྒྱ་དེ་ནུས་ལྡན་ཅན་དུ་ངོས་འཛིན་བྱས་ཡོད་ལ། དཔལ་ལྡན་སྲིད་སྐྱོང་གིས་གན་རྒྱ་དེ་དང་འབྲེལ་བའམ། ཡང་ན་དེ་དང་འབྲེལ་ཏེ་བོད་ཀྱི་ཐེབས་རྩའི་སྐོར་དྲང་མིན་འགྲེལ་བཤད་ཅི་གནང་ལ་སྐབས་དུས་སོ་སོར་ལན་འདེབས་གསལ་བཤད་ཕུལ་འདུག་ལ། གན་རྒྱ་དེ་ནི་ ༢༠༡༤ ཟླ་ ༤ ཚེས་ ༥ ཉིན་གསར་དུ་བཞག ༢༠༡༨ ཟླ་ ༣ ཚེས་ ༢༠ ཉིན་ཕྱོགས་གཉིས་མོས་མཐུན་ཐོག་ཆ་རྐྱེན་སྔ་མ་སོར་བཞག(ཟུར་སྦྱར ༡ ) ༢༠༡༨ ཟླ་ ༣ ཚེས་ ༢༠ ཉིན་ཕྱོགས་གཉིས་མོས་མཐུན ཐོག་གན་ཡིག་བསྐྱར་བཅོས་གནང་། (ཟུར་སྦྱར ༢ )

འདིའི་སྐོར་ཐོག་མར་གོ་རིམ་ངེས་དགོས་པ་ནི། བོད་ཀྱི་ཐེབས་རྩའི་འགན་ལྷན་ཚོགས་གཙོ་སྐུ་ཞབས་ Mickey Lemle ལགས་ཀྱིས་ ༢༠༡༧ ཟླ་ ༡༢ ཚེས ༡ ཉིན་སྲིད་སྐྱོང་གི་མཚན་ཐོག་ལ་ཡི་གེ་ཕུལ་བ་དང་། ༢༠༡༧ ཟླ་ ༡༢ ཚེས་ ༦ ཉིན་གན་ཡིག་དེ་བཞིན་ནེའུ་ཡོག་ཁྱབ་ཁོངས་ཁྲིམས་མཐུན་ཡིག་ཆ་ཚད་ལྡན་ཡིན་པའི་གསར་འགོད་གསལ་བསྒྲགས་སྤེལ། ༢༠༡༧ ཟླ་ ༡༢ ཚེས་ ༡༠ ཉིན་སྲིད་སྐྱོང་ནེའུ་ཡོག་ཏུ་ཕེབས་ཏེ་བོད་ཀྱི་ཐེབས་རྩའི་འགན་ལྷན་ལ་ཕྱི་ཟླ་ ༣ གྲོས་ཚོགས་གོང་རྩིས་བསུབ་གཏོང་དགོས་པའི་སྡིགས་ར་བསྐུལ། ༢༠༡༨ ཟླ་ ༡ ཚེས་ ༡༠ ཉིན་སྐལ་རྡོར་མངགས་ནས་ཕྱེད་ཀ་གནང་སྦྱིན་བཟོས་ཏེ། ༢༠༡༨ ཟླ་ ༣ ཚེས་ ༢༠ ཉིན་ཆ་རྐྱེན་སོར་བཞག་ཐོག་གན་ཡིག་བསྐྱར་བཅོས་གནང་། ༢༠༡༩ ཟླ་ ༦ ཚེས་ ༡༠ ཉིན་དོན་ཟུར་རིན་ཆེན་དར་ལོ་ལགས་ནས་ཨ་སྒོར་ས་ཡ་ ༡་༥༠ བུ་ལོན་ཡིན་ཁར། ཕྱིར་སློག་དགོས་མིན་སྐོར་ཐེབས་རྩའི་འགན་ལྷན་ནང་ཁུལ་དུ་བཀའ་མོལ་བྱུང་མེད་སྐོར་འཁོད་པའི་ཡི་གེ་བཏང་། ༢༠༡༩ ཟླ་ ༦ ཚེས་ ༡༡ ཉིན་ཐེབས་རྩའི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་འགན་ལྷན་ཚོགས་གཙོ་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཕུལ་བའི་ཡི་གེར་བསྐྱར་ནན་གནང་བ་དང་། མ་འོངས་པར་རྩིས་གསུབ་མ་བཏང་བའི་ཨ་སྒོར་བདུན་འབུམ་ལྔ་ཁྲི་ ༧༥༠༠༠༠། ༠༠ སྐོར་བྱ་རིམ་ཅི་ཡིན་གྱི་བརྒྱུད་རིམ་བཅས་འཁོད་ཡོད་པ་ཅུང་ཞིབ་ཙམ་སྤྲོས་ན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁ་ན་ཌར་ ༢༠༡༧ ཟླ་ ༡༡ ཚེས་ ༡༩ ཉིན་ནང་ཤེས་གཉིས་ཀྱི་བཀའ་བློན་ལྷན་བཞུགས་ཐོག་དོན་ཚན་ ༡༠ སྐོར་མི་མང་ལ་གསལ་བཤད་གནང་རྗེས། བོད་ཀྱི་ཐེབས་རྩའི་འགན་ལྷན་ཚོགས་གཙོ་ Mickey Lemle གྱིས་ ༢༠༡༧ ཟླ་ ༡༢ ཚེས ༡ ཉིན་སྲིད་སྐྱོང་གི་མཚན་ཐོག་ཡི་གེ་བཏང་བའི་ནང་དོན་རགས་ཙམ་བཀོད་ན། དེར་གསལ་དོན་གནད་ཁ་ཤས་ཞུ་བ་ལ།

༡  སྲིད་སྐྱོང་སྐུ་ཉིད་ནས་མི་མང་ལ།  བོད་ཀྱི་ཐེབས་རྩ་དེ་ཨ་རིའི་རོགས་དངུལ་ཚོགས་པ་ཞིག་ཡིན་སྟབས། བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ TCDF དམིགས་ཡུལ་དང་མ་མཚུངས་པས། བོད་ཀྱི་ཐེབས་རྩས་ TCDF  གནང་སྦྱིན་ཕོན་ཆེ་སྤྲོད་ཐུབ་ཀྱི་མེད་ཚུལ་གསུངས་པ་དེ་ཞལ་རྫུན་རེད། བུ་ལོན་གན་ཡིག་བཞག་པ་དེའི་ཐོག་ང་ཚོའི་རྩིས་པའམ་ཁྲིམས་རྩོད་པའི་ངོས་ནས་ཁྲིམས་ཀྱི་ཆ་རྐྱེན་དེ་ལྟ་བུ་ཚང་དགོས་པའི་སློབ་སྟོན་གང་ཡང་གནང་མྱོང་མེད།ཅེས་དང་། ༢  སྲིད་སྐྱོང་སྐུ་ཉིད་ནས་མི་མང་ལ། བོད་ཀྱི་ཐེབས་རྩས་ལོ་ ༥། ༦། ༧། བསྐྱར་དུ་ལོ་ ༤། ༥། ༦། ཅེས་གསུངས་ཏེ་དུས་ཡུན་དེའི་ནང་རྩིས་གསུབ་གཏང་རྒྱུ་ཡིན་སྐོར་གསུངས་སོང་། བོད་ཀྱི་ཐེབས་རྩའི་འགན་ལྷན་ནས་དེ་ལྟ་བུའི་ཁས་ལེན་ཡིག་ངག་གཉིས་ཐོག་ནས་དུས་ཚོད་ངེས་ཅན་ནང་རྩིས་གསུབ་གཏང་རྒྱུ་ཡིན་པ་བརྗོད་མེད། ང་ཚོས་ཁྱེད་རང་ལ་ཡིག་འབྲེལ་བྱས་པ་མཐའ་མ་ ༢༠༡༧ ཟླ་ ༧ ཚེས་ ༦ ཡིན་པ་དང་། ཡི་གེ་དེའི་ནང་ཐེབས་རྩའི་འགན་ལྷན་ནས་མ་འོངས་པའི་དུས་ཚོད་གང་རུང་ཞིག་ལ་བུ་ལོན་དེ་མེད་པ་བཟོ་རྒྱུའི་འདོད་པ་ཡོད་ཚུལ་བརྗོད་མེད་རུང་། གན་ཡིག་ནང་གི་ཆ་རྐྱེན་ལྟར་ཕྱོགས་གཉིས་བར་གྱི་འབྲེལ་བ་གུས་ཞབས་དང་གཅིག་ཕན་གཅིག་གྲོགས་ཡོད་པའི་ངང་གནས་དགོས་གལ་ཞུས་ཡོད། ༣  ཡང་སྲིད་སྐྱོང་སྐུ་ཉིད་ནས་མི་མང་ལ། འདས་པའི་ལོ་ ༣ ནང་བོད་ཀྱི་ཐེབས་རྩས་བུ་ལོན་ཡིན་སྐོར་བཤད་མྱོང་མེད་པས། བུ་ལོན་དུ་བརྩི་གི་མེད་པ་དང་། ང་ཚོའི་ངོས་ནས་ཀྱང་བུ་ལོན་ཡིན་པ་ངོས་འཛིན་བྱེད་ཀྱི་མེད་ཅེས་པ་དེ་དངོས་ཡོད་གནས་ཚུལ་དང་རྒྱབ་འགལ་ཆགས་འདུག ང་ཚོའི་དེབ་དང་ཡིག་ཚགས། རྩིས་ཞིབ་སྙན་ཐོ་བཅས་ཚང་མའི་ནང་། ཨ་སྒོར་ས་ཡ་ ༡་༥༠ དེ་བུ་ལོན་ཡིན་པ་དང་། འགན་ལྷན་ནས་ཀྱང་དུས་ནམ་ཡང་བུ་ལོན་མིན་པ་ངོས་འཛིན་བྱེད་ཀྱི་མེད།

༤ མུ་མཐུད་སྲིད་སྐྱོང་སྐུ་ཉིད་ནས་མི་མང་ལ། བུ་ལོན་གྱི་གནད་དོན་དེ་ཁྱབ་བསྒྲགས་བྱས་པའི་རྐྱེན་གྱིས་བོད་ཀྱི་ཐེབས་རྩ་དཀའ་ངལ་ཆེན་པོའི་ནང་ལྷུང་སྲིད་པ་རེད་ཅེས་དང་། ཡང་གན་ཡིག་དེས་བོད་ཀྱི་ཐེབས་རྩ་ལ་ཁྲིམས་ཀྱི་ཉེན་ཁ་འཕྲད་སྲིད་པ་རེད་ཅེས་གསུང་འདུག་ཐད། ཁྱེད་རང་གིས་མཁྱེན་དགོས་པ་ཞིག་ལ། ང་ཚོས་བུ་ལོན་གན་ཡིག་དེ་བཟོས་པ་དང་། ལག་བསྟར་འགན་ལྷན་ནས་དོ་ནན་ཆེན་པོས། གཞུང་འབྲེལ་མ་ཡིན་པའི་ཁེ་མེད་ཚོགས་པའི་ཐད་མཁས་པའི་རྒྱལ་སྤྱིའི་ཁྲིམས་ཀྱི་ལས་ཁུངས་ཤིག་ནས། ལམ་སྟོན་དང་འབྲེལ་ཡིག་ཆ་བཟོས་ཡོད་པ་དང་། ང་ཚོས་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་ཁག་གི་དགོངས་དོན་ཡིག་ཆ་ཚང་མ་ཕྱི་གསལ་ནང་གསལ་ཉར་ཚགས་བྱས་ཡོད། དེའི་རྐྱེན། ང་ཚོར་བུ་ལོན་གན་ཡིག་འདི་འབྲེལ་ཉེན་ཁ་ཡོང་གཞི་གང་ཡང་མཐོང་གི་མེད་ལ། ཡོད་པའང་མ་རེད།  ༥  བུ་ལོན་འདི་དང་འབྲེལ་བོད་ཀྱི་སྤྱི་ཚོགས་ནང་དོ་སྣང་ཅི་ཆེར་བྱུང་འདུག་པས། མང་ཚོགས་ནང་མུ་མཐུད་གླེང་སློང་ཡོང་ངེས་པར། ང་ཚོའི་ངོས་ནས་གོ་ནོར་མི་ཐེབས་ཆེད་གསལ་བཤད་ཞུ་དགོས་པ་གལ་ཆེར་མཐོང་གི་ཡོད། ཅེས་སོགས་གནད་དོན་ཆེ་ཁག་གོང་བཀོད་ ༥ ཅན་སྲིད་སྐྱོང་ལ་ཕུལ་ཡོད། ཡིན་ནའང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁེ་ན་ཌར་དོན་ཚན་ ༡༠ གསལ་བཤད་ཀྱིས་མཚོན། གྲོས་ཚོགས་དང་མི་མང་གཉིས་ཀར་དོན་དངོས་གསུངས་ཡོད་མེད་རྒྱ་ཆེ་མི་མང་གི་དྲན་ལམ་ན་གསལ་བོ་ཡིན་དུས། བརྡར་ཤ་སོ་སོས་གཅོད་རོགས། གོང་གི་གཏོང་ཡིག་དེའི་ནང་གསལ་བཞིན་ ༢༠༡༧ ཟླ་ ༡༢ ཚེས་ ༦ ཉིན་གན་ཡིག་དེ་བཞིན་ནེའུ་ཡོག་ཁྱབ་ཁོངས་ཁྲིམས་མཐུན་ཡིག་ཆ་ཚད་ལྡན་ཡིན་པའི་གསར་འགོད་གསལ་བསྒྲགས་སྤེལ། གསར་འགོད་གསལ་བསྒྲགས་དེ་ཀུན་གྱིས་མཐོང་གསལ་ལྟར་ཡིན་པས་ཞིབ་ཆ་མི་དགོས་ཀྱང་། མདོ་དོན་བུ་ལོན་མིན་སྐོར་ཟུར་ཙམ་ཡང་ཐོན་མེད།

དེའི་རྗེས་མི་མང་གིས་གནས་ཚུལ་དེ་ཅུང་ཙམ་མཁྱེན་ཏེ་ངོ་རྒོལ་ལས་འགུལ་འཕྲོ་རིམ་འཕྲོར་བྱུང་བས། ༢༠༡༧ ཟླ་ ༡༢ ཚེས་ ༡༠ ཉིན་སྲིད་སྐྱོང་ནེའུ་ཡོག་ཏུ་ཕེབས་ཏེ་བོད་ཀྱི་ཐེབས་རྩའི་འགན་ལྷན་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱི་ཟླ་ ༣ གྲོས་ཚོགས་གོང་རྩིས་གསུབ་གཏོང་དགོས་པའི་སྡིགས་ར་སྐུལ། མཚམས་འདིར་སྡིགས་ར་ཅི་ལྟར་སྐུལ་ཞེས་ཚིག་འདི་སྤྱོད་དགོས་དོན་ཚོར་བ་ཙམ་མིན་པར་དངོས་དོན་འདི་ཡིན་ཏེ། དེ་ནི་ཧ་ཅང་གལ་ཆེན་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ཟླ་ ༣ གྲོས་ཚོགས་གོང་རྩིས་གསུབ་མ་བཏང་ན། ངེད་ནས་༧དགའ་ལྡན་ཕོ་བྲང་ནས་ཞུས་ཏེ་བུ་ལོན་སྤྲོད་ཀྱི་ཡིན། དེ་ཁྱེད་ཚོས་ལེན་ཐུབ་ས་རེད་དམ་ཞེས་གསུངས་འདུག བཀའ་མོལ་དེ་བོད་ཀྱི་ཐེབས་རྩའི་སྐབས་དེའི་ཚོགས་འདུའི་ཚིག་ཐོར་གསལ། ༢༠༡༨ ཟླ་ ༡ ཚེས་ ༡༠ ཉིན་སྐལ་རྡོར་ལགས་མངགས་གཏོང་བྱས་ཏེ་བོད་ཀྱི་ཐེབས་རྩས་ཕྱེད་ཀ་གནང་སྦྱིན་བཟོས་ཏེ། ༢༠༡༨ ཟླ་ ༣ ཚེས་ ༢༠ ཉིན་ཆ་རྐྱེན་སོར་བཞག་ཐོག་གན་ཡིག་བསྐྱར་བཅོས་གནང་། གན་ཡིག་བསྐྱར་བཅོས་ལ་གོང་ཞུས་བཞིན། དོན་ཁང་གི་མཚན་ཐོག་ཏུ་མུ་མཐུད་བཞག་ཡོད་ལ། དོན་གཅོད་ཀྱི་མཚན་རྟགས་འོག་ཏུ་སྐུ་ཚབ་ཅེས་པའང་བྲིས་ཡོད། སྐུ་ཚབ་ཅེས་པའི་དོན་ནི་༧གོང་ས་ཆེན་པོའི་སྐུ་ཚབ་ལས་གོ་ས་གཞན་མེད། (ཟུར་སྦྱར། ༤)

༢༠༡༩ ཟླ་ ༦ ཚེས་ ༡༠ ཉིན་དོན་ཟུར་རིན་ཆེན་དར་ལོ་ལགས་ནས་ཨ་སྒོར་ས་ཡ་ ༡་༥༠ བུ་ལོན་ཡིན་ཁར། ཕྱིར་སློག་དགོས་མིན་སྐོར་ཐེབས་རྩའི་འགན་ལྷན་ནང་ཁུལ་དུ་བཀའ་མོལ་བྱུང་མེད་སྐོར་དང་། བར་ལམ་ཕྱོགས་གཉིས་ཀྱི་འབྲེལ་བར་དོ་ཕོག་བྱུང་ཡོད་ཚུལ་བཅས་ཡིག་ཐོག་ནས་བཏང་ཡོད་ལ། ༢༠༡༩ ཟླ་ ༦ ཚེས་ ༡༡ ཉིན་ཐེབས་རྩའི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་གིས་ཀྱང་བུ་ལོན་༢༠༢༡ ལོར་རྩིས་གསུབ་གཏོང་འཆར་དེ་ཡང་། གན་ཡིག་བསྐྱར་བཅོས་ཀྱི་ཚིག་བརྗོད་ཀྱི་ནང་བཀོད་པ་ཞིག་མིན་པར། ཐེབས་རྩའི་འགན་ལྷན་གྱི་ཚིག་ཐོར་འཁོད་ཡོད་ཚུལ་བཅས་བཏང་གནས་ནང་གསལ་འདུག  དེ་ཡིན་ན། འགན་ལྷན་གྱི་ཐག་གཅོད་ལ་འགྱུར་བ་གཏོང་དབང་འགན་ལྷན་དེར་ཡོད་སྟབས། མ་འོངས་པར་ཅི་གནང་ཐམས་ཅད་མཁྱེན་པ་ཞིག་མིན་ན། སུས་ཀྱང་བཤད་ཚོད་དཀའ་བ་ཞིག་མ་རེད་དམ། གང་ཡིན་ཞེ་ན། བོད་ཀྱི་ཐེབས་རྩས་དོན་ཁང་གི་ཐོབ་སྐལ་ཡིན་དགོངས་ཀྱི་ཡོད་ན། ཨ་སྒོར་ས་ཡ་ ༡་༥༠ དེར་གན་ཡིག་སོགས་རྔ་མ་གང་ཡང་མ་བཏགས་པར་ངོ་ཡོད་ཤུལ་ཡོད་ཀྱི་ལམ་ནས་མི་ཕུལ་དོན་ཅི་ཡིན་ནམ། ཕུལ་བ་ཡིན་ན་ཁྲིམས་ཐོག་ནས་དཀའ་ངལ་ཅི་ཞིག་འཕྲད་ཀྱི་ཡོད་དམ། ཕྱོགས་གང་ནས་དཔྱད་ཀྱང་། ཐེབས་རྩ་ལ་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་གཞི་ཞིག་སུས་ཀྱང་གསལ་བརྗོད་གནང་ཐུབ་མེད། ཡང་གཅིག་ཞུས་ན། ཐེབས་རྩས་གན་ཡིག་དེ་མ་བཞག་ན་ཁྲིམས་ཐོག་ནས་རང་ལ་དཀའ་ངལ་འཕྲད་ཚུལ་དང་། གན་ཡིག་དེ་ཕྱིར་བསྒྲགས་གནང་བ་ཡིན་ནའང་རང་ཉིད་ལ་དཀའ་ངལ་འཕྲད་ངེས་ཚུལ་རྩ་བ་ནས་ཞལ་བཞེས་གནང་གི་མེད་པ་གོང་གསལ་འགན་འཛིན་གྱི་གཏོང་ཡིག་ལྟར་རེད་འདུག་པས། དོན་གྱི་མདོ་རྩ། གན་ཡིག་ནང་ཆ་རྐྱེན་གལ་ཆེན་ཞིག་བཀོད་ཡོད་པ་ཇི་བཞིན། ( ཟུར་སྦྱར། ༥) བོད་ཀྱི་ཐེབས་རྩས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་རོགས་དངུལ་ལེན་སྐབས་ངེས་པར་ཐེབས་རྩ་རང་ཉིད་བརྒྱུད་ནས་མུ་མཐུད་ལེན་དགོས་ཚུལ་ཆ་རྐྱེན་དུ་བཞག་པ་དེ་རང་ལ་ཐུག་འདུག

དེའི་རྐྱེན། བོད་ཀྱི་ཐེབས་རྩ་ནས། དཔལ་ལྡན་སྲིད་སྐྱོང་མཆོག་དང་སྐལ་རྡོར་ལགས་རྣམ་གཉིས་ནས་ཐེབས་རྩ་མ་བརྒྱུད་པའི་རོགས་དངུལ་ལེན་དོགས་ལ་དེ་འདྲའི་ནན་པོ་བྱེད་དགོས་དོན་དང་། དེ་བཞིན། དཔལ་ལྡན་སྲིད་སྐྱོང་མཆོག་དང་སྐལ་རྡོར་ལགས་རྣམ་གཉིས་ཀྱིས་ཀྱང་། བྱུང་ན་སྒེར་བཟང་སྤྱི་བཟང་།། མ་བྱུང་སྤྱི་བཟང་སྒེར་གྱོང་།། བྱེད་འདོད་ཡོད་མེད་ཅི་ལྟར་ཡང་། ཕྱོགས་གཉིས་སུ་མཚན་གནས་འདྲ་མིན་འོག་ཡོད་པའི་མི་སྣ་ཁ་ཤས་ཤིག་གི་གནང་སྟངས་འདི་བཞིན། དོན་ལ་བོད་སྤྱི་པའི་ཆེད་དུ་རེད་དམ་སོ་སོ་སྒེར་གྱི་ཆེད་དུ་རེད་དམ་ཞེས་མི་རབས་གསར་པ་ཚོས་ཏན་ཏན་དྲི་བ་རྣོ་ངར་ཅན་ཇེ་མང་དུ་གཏོང་ངེས་ཤིང་། རྒྱ་ཆེ་མི་མང་གི་ངོས་ནས་ཀྱང་ཐུགས་བསམ་བཞེས་ཕྱོགས་ལ་གསལ་ཁ་ཞེ་དྲག་ཡོང་དགོས་པ་རེད་ལ། ཡོང་གི་རེད་ཀྱང་སྙམ། གོང་གི་གཏམ་དཔེ་བྱུང་ན་སྒེར་བཟང་སྤྱི་བཟང།། མ་བྱུང་སྤྱི་བཟང་སྒེར་གྱོང་།། ཞེས་པའི་དོན་ནི། བཙན་བྱོལ་བོད་མིའི་ཆབ་སྲིད་དང་འབྲེལ་ནས་ཁོ་བོས་བྲིས་པ་ཞིག་སྟེ། ལམ་འགྲོ་རྒྱུགས་ན་མཐོན་པོ་རྫིག་པོ་ཚོས་དང་པོར་སྒེར་ཚོན་པོ་བཟོས། ཞོར་དུ་སྤྱི་པའི་དར་ཆ་འཕྱར། གཉིས་ཀར་མཉམ་དུ་ཤ་ཚ་མདོག་དྲག་མོ་གནང་། ཕུགས་རང་ཉིད་བརྟན་ཐག་ཆོད་བཟོ་མཁས་པ་མཐོང་གསལ་ལྟར་དང་།། ལམ་འགྲོ་མ་རྒྱུགས་ན། སྒེར་དོན་ལམ་ལྷོང་མ་བྱུང་བ་དེ་སྤྱི་པའི་ཆེད་དུ་སྒེར་གྱོང་ཕྱིན་ཚུལ་བཏང་ཚུལ་དང་། ཐོག་མ་ཉིད་ནས་རང་གི་དབུགས་གཏོང་ལེན་ཚུན་སྤྱི་པའི་དོན་དུ་རང་ཡིན་པ་འདྲ་ཞིག་གནང་ལམ་ཡོད་ཀྱང་། ས་རྒྱུས་རྡོ་ཡིས་ལོན།། ཕ་རྒྱུས་ཨ་མས་ལོན།། ཟེར་པ་ལྟར། དཔལ་ལྡན་སྲིད་སྐྱོང་དང་སྐལ་རྡོར་ལགས་རྣམ་གཉིས་ལ་དེ་དོན་སྤྱི་པའི་ཆེད་དུ་ཡིན་གནས་ཀྱི་འགྲེལ་བཤད་ལས་གཞན་རྒྱུ་མཚན་ལྷག་མེད་སྟབས། བཤད་རྒྱུ་ཕ་བསད་བུ་ལའང་ཡོད་ཅེས་པ་བོད་ཀྱི་གཏམ་དཔེར་ཡོད་ཙང་གང་གསུངས་ཀྱང་ཁྱད་པར་དེ་ཙམ་མེད་པས། ཏག་ཏག་གཏམ་དཔེ་འདི་ནི་ཧ་ཅང་ལན་པོར་མཐོང་།།

གསུམ། སྲིད་སྐྱོང་བློ་བཟང་སེང་གེ་དང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་རྣམ་གཉིས་ནས་ཨ་རིའི་རོགས་དངུལ་ལེན་ས་གཞན་ཞིག་བཟོ་འཆར་གནང་དོན་ཅི་ཡིན་ནམ།

མུ་འགོད།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༣ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 44

  1. རྡོར་རྗེ says:
    ལོ་ 6 སྔོན།

    ངོས་ཀྱི ལྟས་ལ་མཚམས་མཚམས་སྲིད་སྐྱོང་ཡིན་ན་འདྲ་དོན་ཟུར་སྤེན་ཚེ་ཡིན་ན་འདྲ་ང་ཚོས་མཐོང་ཕྱོགསལ་ནོར་འཁྲུལ་ཡོད་སྲིད་པ་རེད།འོན་ཀྱང་བོད་མི་དམངས་སྤྱི་འཐུས་ཀྱི་ངོས་ནས་སྒེར་གྱི་འཁོན་ལན་འདི་ལྟར་སློག་པ་ནི་བོད་མི་དམངས་སྤྱི་འཐུས་ཞིག་གཏན་ནས་མི་འོས་པ་ཞིག་རེད་འདུག དེ་འདྲ་སྤྱི་འཐུས་ཤིག་གནས་ཀྱང་དེ་སྲིད་བོད་དོན་ལ་འཐུས་ཤོར་འགྲོ་རྒྱུ་ལས་ཡར་རྒྱས་འགྲོ་ཐབས་རྩ་བ་ནས་མེད།དེར་བརྟེན།རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་ཚོ་ལ་འབོད་སྐུལ་ཞུ་རྒྱུ་ནི་མི་དེའི་རིགས་གང་བཤད་དེ་ལ་ཆགས་འཇོག་རྩ་བ་ནས་མ་གནང་རོགས།

    Reply
  2. ཚེས་བཅུ་སྒྲོལ་མ། says:
    ལོ་ 6 སྔོན།

    དོན་དེ་འབྲེལ་ནས་སྨྱོན་པ་ཁུག་རྟག་ལ་དྲིས་བ་ཞིག་གཏོང་ཡ་ཡོད།དོན་ཟུར་སྤེན་ཚེ་ཡི་ཞིབ་འཇུག་མེད་པའི་བརྡ་ནོར་སྤྲོན་ནས་དངུལ་འབོར་འབོལ་ཆེན་དོན་གཅོད་གཞན་རྣམས་ལ་བགོས་ནས་བཏང་དགོས་བྱུང་བ་དེ་གྱོང་གུད་བཙན་བྱོལ་བོད་མི་སྒྲིག་འཛུགས་ལ་རག་ཡོག་རེད།དེ་འགན་དེ་སུ་ཁུར་ཡི་རེད།མདོ་སྨད་མི་དམངས་ཀྱི་བློས་བཀལ་ནས་བོད་མི་དམངས་ཀྱི་སྤྱི་འཐུས་འདེམས་བཞག་པ་དེ་ཕྱག་ལས་གནང་སྟངས་འདིར་འདྲའི་རེད་པས།གོང་འཁོད་རྩོམ་ལ་བལྟས་པ་ཡིན་ན་སྒེར་གྱིས་འཁོན་ལན་སློག་ཐབས་ལས་བོད་སྤྱི་པའི་སྒྲིག་འཛུགས་ལ་དགོངས་པ་ཅི་ཡང་བཞེས་མི་འདུག་ཞུ་རྒྱུ་དེ་རང་ཡིན།

    Reply
  3. ཚེ་བརྟན་འགྱུར་མེད། says:
    ལོ་ 6 སྔོན།

    ཚེ་བརྟན་འགྱུར་མེད། ཨ་མེ་རི་ཁ

    ༄༅།། བོད་མི་མང་གི་སྤྱི་འཐུས་མཚན་ཅན་སྐུ་ཞབས་བློ་བཟང་ཆོས་འབྱོར་ལགས་ནས་བོད་ཀྱི་དུས་བབ་ནང་སྤེལ་བའི་གནས་དོན་ལ་ཞིབ་ན་ཨ་རི་དོན་ཟུར་སྤེན་པ་ཚེ་རིང་ལགས་དང་སྲིད་སྐྱོང་བློ་བཟང་སེང་གེ་ལགས་རྣམ་གཉིས་དབར་གྱི་རྩོད་རྙོག་ད་ལྟའང་ཕྱོགས་འཐེན་གྱི་གནས་ནས་བྲལ་མིན་འདུག སྒེར་གནས་སྒེར་གྱི་ཡིན་ཀྱང་གནས་དོན་འདི་རང་གཞུང་དང་མཐར་བཏུགས་ན་རང་རེའི་བླ་ན་མེད་པའི་༸དབུ་འཁྲིད་ཁོང་ཉིད་ཀྱི་སྐུའི་མཚན་སྙན་ལའང་འབྲེལ་བ་ཆ྇྇ཌ་འདུག་སྙམ། དེར་བརྟེན་སྐབས་འདིར་མཉམ་འཛུལ་ཞུ་འདོད་མེད་ཀྱང་སྤྱི་འཐུས་ལཌ་ཀྱི་གནས་དོན་ངོས་ཀྱི་ཁྱོག་བཤད་དུ་ངོས་འཛིན་ན་རང་འབྲེལ་དང་དེ་མིན་བསམ་ཚུལ་ཕྲན་བུ་ཞུས་ཡོད།
    ༡༽ སྲིད་སྐྱོང་གི་འབྲེལ་བཤད་ཇི་ལྟར་གནང་ཀྱང་རུང། བོད་ཀྱི་ཐེབས་རྩའི་གནས་བཀོད་གང་གནང་ཀྱང་དོན་དུ་དངུལ་དེ་དག་བུན་འཇལ་མི་དགོས་པ་མ་ཟད་དངུལ་འབོར་ཕྱེད་རྩིས་ནས་མར་འཐེན་ཟིན་པའི་ངོ་བཞེས་ཀྱང་གནང་འདུག དངུལ་ལྷག་ཀྱང་ལོ་ཤས་ནང་སྔར་ལམ་ལྟར་འོངས་རྒྱུ་སྙམ། གནད་དོན་འདི་ངས་གནོད་ཚབ་ཆེ་ཤོས་སུ་ངོས་ལེན་ཞུ་ཡི་ཡོད།།
    སྒྲུང་ཕྲན་ཙམ་ཞུས་ན། །ཁོང་གཉིས་ཀྱི་རྙོགས་ཁྲའི་ནང་དངུལ་ཕོན་ཆེན་གྱི་གནས་ཚུལ་ཞིག་འདུག་ཅེས་ངོས་ལ་བཤད་མ་ཐག་ངས་གནས་ཚུལ་འདི་བུ་གླེན་པས་ཕའི་མགོ་བཅོམ་ཟེར་བའི་ལོ་རྒྱུས་བཤད་ནས་འདི་ཡག་རྟགས་མ་རེད་ལབ། དེ་སྐབས་ངོེས་ཀྱི་བསམ་པར། དུས་ཚོད་འདི་དང་སྟབས་མཉམ་ནང་མཚན་ཅན་གྱི་བོད་རིག་ཞིག་གིས་དངུལ་མང་པོ་ཞིག་འདུ་ལེན་བྱས་པའི་གླེང་གཞི་ཡང་ཡོད་པ་ནས་དོན་ཁང་དཔུས་གཟིཌ་ཆེད་རོགས་དངུལ་བྱུང་མེད་དམ་སྙམ། རྗེས་སུ་བོད་ཀྱི་ཐེབས་རྩ་ཡིན་པ་ཤེས། གནས་སྟངས་གཞན་ཞིག་ནས་བལྟས་ན་དངུལ་དེ་ཙམ་ལེན་ཐུབ་པ་རང་གཞུང་ལ་རྒྱལ་ཁ་མ་རེད་དམ། རྩིས་སུ་ཇི་ལྟར་གསལ་དགོས་མིན་འཛིན་སྐྱོང་གི་བསྟངས་འཛིན་ཞིག་ཀྱང་ཡིན་ལ་དགོས་གལ་བྱུང་ན་བཟོ་བཅོས་བྱ་རྒྱུའི་ལམ་ཡང་ཡོད་པ་མ་རེད་དམ། དེ་འདྲའི་གནས་ཚུལ་གཞན་ཡང་ཡོང་སྲིད། དགོས་གནད་མེད་པའི་གཏམ་འཆལ་མེད་ན་སྤྱི་སྒེར་མི་བདེའམ།།
    ༢༽ དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་བཀའ་འཁྲོལ་མེད་པའི་དངུལ་བཏོན་ཐད་འབྲེལ་ཡོད་ཀྱིས་བསམ་སྤྱོད་ངན་པས་ཕྱག་ལས་གནང་ཡོད་ན་གསལ་པོ་བཟོ་གནང་གལ་ལས་དེ་མིན་བསམ་འཆར་འདིའི་ཕན་ལས་གནོད་ཆེ་བ་བཟོ་རྒྱུ་གདོན་མ་ཟ། ༸རྒྱལ་བའི་སྐུ་ཆ་གལ་ཆེའམ་བཀའ་འཁྲོལ་ཞུ་རྒྱུ་གལ་ཆེ།
    ༣༽ སྲིད་སྐྱོང་དང་དོན་ཟུར་དབུ་དཀར་ཚང་གཉིས་ནས་བོད་ཀྱི་ཐེབས་རྩར་སྡིག་ར་བཏང་གནས་དེ་ད་ལྟ་སྐུ་ཉིད་ཀྱི་དགོས་དབང་ལས་སྤྱན་གྱིས་གཟིགས་པ་ལས་དེ་མིན་ཕལ་ཆེར་རང་གཞུང་ནས་ངལ་གྲོན་གྱིས་བཙུཌ་པའི་ལས་ཁང་ཞིག་སྲིད་སྐྱོང་འདིའི་གོང་གིས་བཀའ་ཤག་ནས་སྒེར་གྱི་འཛིན་སྐྱོང་ཅན་དུ་ངོས་འཛིན་གནང་དགོས་དོན་ཡོད་དམ། གཟིགས་དང་དེ་སྔ་བོད་ཀྱི་ལྷ་འདྲེ་སྡུག་པ་ཅན་རྣམས་དམ་ལ་བཏཌ་པའི་ལོ་རྒྱུས་ཡོད། ཁྱེད་ཀྱི་གནས་བཀོད་ལྟར་ན་དེང་ཆ་བོད་ཀྱི་ཐེབས་རྩས་བོད་གཞུང་དམ་ལ་བཏགས་མིན་འདུག་གམ། ཁྱེད་ཀྱི་གོང་བསྐུར་གྱི་བོད་ཀྱི་ཐེབས་རྩ་དེ་ད་ཆ་ཇི་ལྟར་གཟིགས་སམ།་ཡང་ན་མཐོང་ངམ། འདི་བསམ་སྡུར་ཚུལ་དུ་ཞུས་ཡིན་ནོ།།
    ཡང། ཁོང་གཉིས་ནས་ཚོགས་པ་གསར་འཛུགས་ཞུས་གནས་དེ་ནག་ཁུང་ནང་གྲིབ་ནག་ནག་ཀྱང་ཞིག་འཆར་མེད་དམ་སྙམ། ཁོང་ནས་བདེན་དཔང་དུ་ཡིག་ཆ་མང་པོ་ཞིག་བཀྲམ་པའི་ཁོངས་བོད་མིའི་སྤྱི་ཚོཌ་ཡར་རྒྱས་ཐེབས་རྩ་ ཞེས་པར་སེར་ཐིག་གནང་དགོས་རྒྱུ་མཚན་གང་ཡོད་དམ། འདི་ཕལ་ཆེར་ཚོགས་པ་གསར་པ་མིན་པར་ལོ་ངོ་བཅུ་ཕྲག་འགའ་འདས་པའི་བོད་མི་དང་འབྲེལ་པའི་ཚོགས་པ་ཞིག་ཡིན་ཚོད།

    མཐར་དོན། དགོས་མེད་ཀྱི་གཏམ་འཆལ་འདི་༼དངུལ་སྐོར༽མཉམ་དེ་སྔ་བྱུང་མ་མྱོང་བ་དང་རྗེས་སུ་ཡང་དེ་ལྟར་ཡོང་མི་དགོས་པ་གཙོ་དོན་ཅན་གྱི་གནས་ཚུལ་ཞིག་ཕལ་ཆེར་བྱུང་སོང་བསམ། གནད་དོན་ནི་དགོས་མེད་ཀྱི་བོད་གཞུང་གི་ཡིག་ཆ་མང་དག་ཅིག་བདེན་རྟགས་ཁུལ་དུ་རྒྱ་གྲགས་བོད་གྲགས་སུ་བེད་ལོག་བྱས་སོང་བའི་སྐོར་ཡིན། གནད་དོན་དེ་དང་པོའི་དཔེ་ལ་མེ་ཆུང་དུས་ནས་མ་བསད་ན་ཡུལ་ལུང་མེ་ཡིི་ཚིགས་ཞེས་ན་ད་ཆ་འབྱུང་འགྱུར་དེ་ལྟར་མི་ཡོང་བའི་དགོངས་བཞེས་གནང་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེ་གནས་ཡིན་པ་བསམ་བཞིན་འདུག དེ་ལྟར་གཟིགས་བཞིན་ན་ཕྱི་བྱུང་མི་འབྱུང་བའི་སྔོན་འགོག་ཆེད་རང་གཞུང་ངམ་སྐབས་འདིར་རང་རང་སོ་སོའི་སྤྱི་འཐུས་བརྒྱུད་གྲོས་ཚོགས་ནས་གྲོས་བསྡུར་ཐག་གཅོད་དགོས་རྒྱུའི་དུས་སུ་བབས་པའི་བསམ་འཆར་ཞུ་གལ་ཡིན་འདུག་པ་མཁྱཻན། མཁྱེན།། ནོར་འཕྲུལ་ཡོད་ན་དགོངས་གསོལ་ཞུ།།

    ཟུར་བརྗོད། ང་རྗེ་ལུས་སུ་གྱུར་འདུག གྲོས་ཚོཌ་དབུ་འཛུགས་གནང་འདུག

    Reply
  4. dhon drup says:
    ལོ་ 6 སྔོན།

    འདྲ་མ་འདྲ་འབྲི།འདྲ་མ་འདྲ་མ་བཤད་ན་ཡག་པོ་ཡོག་རེད་དྲན་གྱི་ཡོད།བོད་པའི་སྤྱི་ཚོགས་ནང་ཞི་བདེ་ལྷན་འཇགས་ཡོང་ཡ་ལ་འབད་བརྩོན་བྱེད་ན་ཡག་པོ་ཡོག་རེད་དྲན་གྱི་ཡོད།རང་དབང་ཅན་རྒྱལ་ཁབ་དུ་ཡོད་པའི་བོད་མི་རྣམས་དམངས་གཙོ་དང་རང་དབང་ཁ་ལ་ཁྱེར་ནས་གང་བྱུང་བྱེད་དྲགས་ན་བོད་ནང་བོད་མི་དེ་དག་རྣམས་ཤུགས་རྐྱེན་ཐེབས་ངེས་ཡིན་ལ་གནས་ཡུལ་དང་ཁོར་ཡུག་དབང་གི་ཕྱིར་ཡོད་པའི་བོད་མི་རྣམས་བསམ་བློ་གུས་ཡང་པོ་མེད།གཞི་རྒྱ་ཆེ་སར་ལ་དགོངས་པ་བཞེས་ན་ཡག་པོ་ཡོག་རེད་དྲན་གྱི་ཡོད།དེ་འདྲའི་དགོངས་པ་མ་བཞེས་ན་ཁྱད་པ་རྩ་བ་ཉིད་ནས་མེད་ཟེར་ཞུ་རྒྱུ་ཡིན།ཤར་ཕྱོགས་གུང་ཁྲན་གྱི་ཁུག་རྟ་ལགས་ཧ་གོ་པ་བགྱི།ཅི་བྱེད་ན་ཁྱེད་རང་ལ་དགོས་ཡ་དེ་ཡིན་རྒྱུ་རེད།

    Reply
  5. ཇ་ཚེ། says:
    ལོ་ 6 སྔོན།

    ཤར་ཕྱོགས་རྒྱ་ནག་དམར་ཤོག་གིས་གཏོང་བའི། དྷ་སའི་སྒྲིག་འཛུགས་ལ་ཁུག་ལྟ་བྱེད་མཁན། ཤར་ཁུག་གི་ལས་དབང་ངོ་།

    Reply
  6. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    བོད་ས་མ་ཤོར་ཙམ་ལ་ཉི་མའི་ལྷ་སའི་གླིང་ལ་མི་མང་གི་གླུ་
    གཞས་འདི་འདྲ་ལེན་འདའ།
    རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད།
    དངུལ་དཱ་ཡང་ཆར་པ་བབས་བབས་རེད།
    ཟེར་འདའ།

    དུས་དེང་སང་རྡ་སའི་གངས་སྐྱིད་དུ།
    བཙན་རྒྱལ་ཨ་མེ་རི་ཀའི་བོད་མིར་རོགས།
    ཌོ་ལར་ས་ཡ་མང་པོ་རྩིས་མེད་བུམ་པ་འདྲ།
    ཟེར་འདའ།ཧཧཧཧཧ

    Reply
  7. ཚེས་བཅུ་སྒྲོལ་མ says:
    ལོ་ 6 སྔོན།

    ཉི་ཧོང་གི་རྩོམ་པ་པོ་དང་ཆབ་སྲིད་རིག་པའི་དགེ་རྒན་ཆེན་མོ་ཡཱ་བྷད་ཐེས་ཇིས་གསུངས་པ་དངོས་གནས་རེད་འདུག
    ཁོང་གི།
    ཆབ་སྲིད་གཞུང་ལུགས་ཀྱི་ནང་། སྲིད་དོན་པ་མང་དག་ཞིག་གིས་རང་ལྟ་མཆོག་འཛིན་དང་རང་རྒྱལ་གཞན་ཕམས་ཀྱི་བསམ་བློའི་ཀུན་སློང་འོག་དོན་དངོས་དང་མ་ཐུན་པའི་རྫུན་གཏམ་མང་པོ་རྗོད་པ་དང་། ཁེ་ཕན་ལ་དམིགས་ཏེ་སྐད་ཆ་གཅིག་ལ་འབྲེལ་བཤད་མི་འདྲ་བ་དུ་མ་རྒྱག་པ། རང་ཕྱོགས་ཀྱི་ཁེ་ཕན་ལ་དམིགས་ནས་དངོས་ཡོད་ལ་འཁྱོགས་བཤད་བྱེད་པ། འཆར་གཞི་ལྡན་པའི་ཐོག་ནས་སྐྱག་རྫུན་བཤད་པ། སྒྲུང་བཟོ་བ། དོན་རྐྱེན་བཟོ་བ། རྫུན་གཏམ་དྲིལ་བསྒྲགས་བྱེད་པ། མང་ཚོགས་ལ་སྐུལ་སློང་བྱེད་པ། ཆབ་སྲིད་ཀྱི་མདུན་ངོས་སུ་ཅི་འདྲའི་ཡིད་དབང་འཕྲོགས་པའི་སྐད་ཆ་བཤད་རུང་། དེའི་རྒྱབ་ལ་གྲལ་རིམ་རང་བཞིན་དང་། ཤོག་ཁག་རང་བཞིན། ཕྱོགས་རིས། སྒེར་དོན། ཧམས་སེམས། རེ་ངན་བཅངས་བ་སོགས་ཧ་ཅང་མང་བ་དང་། དབང་ཆ་བརྟན་སྲུང་དང་དབང་ཆ་འཕྲོག་རྒྱུའི་དམིགས་ཡུལ་བཅངས་ཡོད་པ་ཉུང་ཉུང་མིན།
    དེ་འདྲ་བའི་ཆབ་སྲིད་པའི་སྐད་ཆ་དང་བྱ་བའི་རྒྱབ་ལོགས་ན་སྦས་པའི་དོན་དམ་གྱི་བདེན་པ་ཤེས་རྟོགས་བྱེད་པར་ཆབ་སྲིད་ཐོག་ལོ་ཚད་ངེས་ཅན་ཞིག་དང་མི་ཚེའི་ཉམས་མྱོང་གང་ཙམ་ཞིག ཤེས་ཡོན་གྱི་གནས་ཚད་ངེས་ཅན་ཞིག་ཡོད་དགོས།

    Reply
  8. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    སྐད་ཆ་ལ་དོན་སྙིང་འདུག་མཚོན་ཆ་ཡུ་བ་འདུག་ཟེར་བའི་དཔེ་ལྟར་བོད་ཀྱིས་
    ཐེབ་རྩ་དང་ཨ་རི་དོན་ཁང་བར་གྱིས་གནས་དོན་དེ་ཚོ་གནས་ཡུལ་ལུང་པའིི་
    ཁྲིམས་ཐོག་ནས་ཐག་གཅོད་དགོས་པ་ལས་གསར་ཤོག་སྟེང་བཀོད་ཐུབ་པ་ཙམ་གྱི་
    གནས་དོན་གསལ་པོ་ཆགས་མི་ཐུབ་པ་དང་རྐུན་རྒྱབ་ཇག་ལངས་མ་ཡིན་པ་བདེན་
    པ་དང་དྲང་བདེན་ཡོད་ན་ཡུལ་ཁྲིམས་ཐོག་ནས་གསལ་པོ་བཟོ་དགོས་པ་ནི་ཁྲིམས་ཀྱིས་
    དབང་བསྒྱུར་ཟེར་བའི་གོ་དོན་ལ་འགན་འཁུར་ནས་བཙན་བྱོལ་སྤྱི་ཚོགས་ནང་ལྐོག་
    ཟ་རུལ་སྲུང་ནམ་ཡང་མི་ཡོང་བའི་འགན་དེ་མང་གཙོའི་ཁྲིམས་ཀྱིས་ཁྱེར་དགོས་པ་
    བཅས་བདེན་པ་རྫུན་མ་ཁྲིམས་ཀྱི་བཅད་ཆུ་དང་འོ་མ་རུས་སྦལ་དབྱེ་ཟེར་བ་ལྟར་མ་
    རེད་དམ།

    Reply
  9. མཚོ་པདྨ། says:
    ལོ་ 6 སྔོན།

    བཀུར་འོས་སྤྱི་འཐུས་ཤར་ཁུག་ལགས། དོན་གནད་ལྷག་མ་གསུམ་པོའི་དཔྱད་བརྗོད་གང་མྱུར་འདོན་གནང་རོགས། ཉིན་ཤས་ནས་སྒུག་ནས་བསྡད་ཡོད། ཏོག་མགྱོགས་ཙམ་ཡིན་ད། བཀྲིན་ཆེ།

    Reply
  10. ཐབས་མཁས says:
    ལོ་ 6 སྔོན།

    ག་ཚདདཀྲུག་ཐུབ་ཐུབ་དཀྲུག་དང།རྒྱ་ནག་གཞུང་ལས་བོད་པ་ནང་ཁུངས་འགལ་ཟླ་དེ་འཁོན་འཛིན་ཆེ་རུ་ཡོད་ན་དཞུ་ཡ་ག་ཡང་མེད།

    Reply
  11. བདེན་པའི་རྒྱབ་ལངས། says:
    ལོ་ 6 སྔོན།

    དྲང་བདེན་དང་བག་ཡོད་བསྟེན་མཁན་གྱི་སྤྱི་ཚོགས་ཤིག་ལ་མཚོན་ན་ཤར་ཁུག་ལགས་ཀྱི་འབྲི་རྩོམ་འདིས་སྤྱི་ཚོགས་ཀྱི་འཐོམ་ཞྭ་ནག་པོ་འབུད་རྒྱུར་ཕན་འབྲས་ཆེན་པོ་ཡོང་རྒྱུར་ཡིད་ཆས་བྱེད་ཀྱི་ཡོད། ཁྲིམས་དང་ལམ་ལུགས་གང་ལའང་ལྟོས་མེད་ཀྱི་མིའི་བྱད་གཟུགས་ལྡན་ལ་ཕྱུགས་ཀྱི་འདུ་ཤེས་ཅན་ཀླ་ཀློ་རང་སྣང་གང་དྲན་བྱ་རྒྱུར་དགའ་མོས་ཡོད་མཁན་འདི་གི་སྣང་ངོར་སྤྱི་ཚོགས་དཀྲུག་པའི་རྒྱུ་རུ་འདོད་མཁན་དེ་དག་ནི་ཆ་འཇོག་བྱ་སའི་འོས་བབ་གཏན་མེད་པར་སོང་ཤར་ཁུག་ལགས་ནས་རྩོམ་འཕྲོ་མུ་མཐུད་འགྲེལ་སྤེལ་ཡོང་བའི་རེ་བསྐུལ་ནན་པོ་བྱེད་ཀྱི་ཡོད་ན་དེ་བཞིན་དོན་འཁྱོལ་ཡོང་ཞུ་ཞུ།

    Reply
  12. རུ་དམར། says:
    ལོ་ 6 སྔོན།

    ཁ་བརྡའི་བསམ་ཚུལ་འགོད་ས་ལས་འཁྱེར་ཡོང་བ་ཡིན། བསམ་ཚུལ་ཡག་པོ་རེད། སྤྱི་ལ་ཕན་ཐོགས་པ་ཞིག་རེད་སྙམ་བྱུང་།།

    #20 ཇོ་པ་སངས། ་ལགས་ཀྱིས་སྤེལ་དོན།:
    August 27th, 2019 at 2:40 am
    ཁམས་པ་ཨ་མདོ་མ་ཟེར། ཁམས་པའི་ནང་ཇག་པ་ཁ་ཤས་ཤིག་མ་གཏོགས། ཁམས་པ་བྱིངས་ལ་བོད་སྤྱི་དོན་ཧ་ཅང་བློ་དཀར་གཞུང་དྲང་རེད། འཇུ་ཆེན་ཐུབ་བསྟན་བཀུར་མཁན་རྣམས་ལམ་ནོར་བསྡད་ཡོད་རེད། དེ་གྲངས་ཀ་ཧ་ཅང་ཉུང་ཉུང་རེད། དཔེར་ན། སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་རྣམས་འཇུ་ཆེན་ཡག་པོ་མེད་པ་མཁྱེན་མཁན་རེད། ལྡི་ལི་ཆུ་སྒང་གི་རྒྱུན་ལས་ཁ་ཤས་དང་། མདོ་སྟོད་སྤྱི་འཐུས་ཁ་ཤས་ལས་བྱིངས་ལམ་ཡག་པོ་འགྲོ་གི་ཡོད་རེད། ཡིན་ནའང་། མི་ཁ་ཤས་ཀྱིས་ཁམས་པ་མི་མང་ལ་འདས་དང་ད་ལྟ་གཉིས་ཀར་མགོ་སྐོར་བཏང་དྲག མཉམ་དུ་ཁམས་པའི་ཞེན་ཁོག་རྫུན་མ་བསླངས་པས། མང་ཆེ་བ་སློབ་སྦྱོང་མེད་ཙང་། ཁོ་ཚོ་ཁ་ཤས་ཤིག་གི་ཇུས་ངན་ལམ་དུ་འགྲོ་གི་ཡོད་པ་འདྲ་ཡང་། དེང་སང་ཁམས་པ་མང་པོ་སློབ་སྦྱོང་ཡག་ཏུ་དང་དོ་སྣང་ཆེ་རུ་འགྲོ་གི་འདུག་པས། འཇུ་ཆེན་ཐུབ་བསྟན་གྱི་རྗེས་འབྲང་ཁ་ཤས་ཡོད་པ་རྣམས་དང་། དོལ་རྒྱལ་ཚོགས་པའི་ཁམས་པ། རྒྱ་ནག་གཞུང་ཚབ་ཁང་གི་སྐུ་མགྲོན་ཁམས་པ་རྣམས། བོད་གཞུང་དེ་སྔའི་ན་ཚ་རྙིང་པའི་འཁོན་འཛིན་བྱེད་མཁན་ཚང་མ་དུས་ཡུན་ཐུང་ངུའི་ནང་འབོ་ལུག་འགྲོ་གི་རེད། ཁོ་ཚོས་ཁུངས་འཁྱོལ་གི་མ་རེད། ད་ལྟ་ཁམས་པ་མི་མང་མང་ཆེ་བ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལྟ་བུ། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ལྟ་བུའི་ཁམས་པ་ཚད་ལྡན། ས་ལ་གྲགས་པ། གནམ་ལྟ་བུ། རྒྱ་མཚོ་ལྟ་བུའི་རླབས་ཆེན་མི་སྣ་དག་གི་རྗེས་སུ་ཡོང་གི་ཡོད་པ་གསལ་བོ་རེད། དེའི་ཆ་ནས་རྫུན་མ་དང་ཁྲམ་ལས། ཞེན་ཁོག་སྡུག་ཅག་གིས་རྒྱུ་བྱས་པའི་ལས་དོན་དེ་དུས་ཡུན་ཐུང་ངུའི་ནང་རྐུབ་བརྡོལ་འགྲོ་གི་རེད། བློ་སེང་ལའང་ཁམས་པ་རྒྱ་ཆེ་མི་མང་ཚང་མས་རྒྱབ་སྐྱོར་ཡོད་པ་མ་རེད། འཇུ་ཆེན་གྱི་ཨ་ཕྲུག་ཚོས་ཀྱང་སོ་སོའི་ངན་འདོད་སྒྲུབ་ཆེད་རྒྱབ་སྐྱོར་བྱེད་པ་ལས། རྒྱབ་སྐྱོར་ངོ་མ་དེ་ཡོད་པ་མ་རེད། ཚུར་ཕྱོགས་འབའ་བ། ལི་ཐང་། ཏྲེ་ཧོར་གྱི་མི་མང་གང་འཚམས་འབའ་བ་དང་ལི་ཐང་གི་མི་སྣ་ཁ་ཤས་ཀྱིས་ཐབས་བྱུས་ལྡན་པའི་ངང་ཟིང་སློང་ཐུབ་གི་ཡོད་རེད། འོས་བསྡུའི་སྐབས་མང་ཆེ་བ་དེ་དག་རེད། ལྷག་པར་ལི་ཐང་གི་ཁ་ཤས་སྨྱོན་པ་ཆགས་གྲབས་བྱས་ཡོད་རེད་མ་གཏོགས། ཁམས་པ་རྒྱ་ཆེ་མི་མང་ཚང་མ་དེ་འདྲ་སྡུག་ཅག སྡིག་པ་མིག་བཙུམ་བྱེད་མཁན་མ་རེད། གཙོ་བོ། མི་མང་གི་གནས་ཚད་ད་དུང་མ་ལོངས་པས། མགོ་སྐོར་འོག་ཚུད་དྲག་པའི་དཀའ་ངལ་རེད། དེ་ཤེས་དགོས་པ་རེད།

    #21 ལྷག་པ། ་ལགས་ཀྱིས་སྤེལ་དོན།:
    August 27th, 2019 at 8:40 am
    གོང་དུ་དྲ་གྲོགས་མང་པོས་དགོངས་ཚུལ་ལེགས་པོ་གསུངས་འདུག་ཐུགས་རྗེ་ཆེ།
    ད་སྐབས་བློ་སེང་དང་ཁོ་པའི་རྗེས་འབྲངས་དང་བཅས་པས་ཁམས་པའི་ཞེན་འཁོགས་བསླངས་ནས་གནས་ཚུལ་ཆུང་ངུ་མང་པོ་ཞིག་ཆེན་པོ་བཟོ་ཡི་འདུག
    ཆབས་ཅིག་ཚོགས་ཟུར་སྤེན་ཚེ་ལགས་ཀྱི་རྒྱབ་སྐྱོར་དུ་རློམས་པའི་དེ་སྔོན་ཨ་རིའི་བོད་ཀྱི་དོན་གཅོད་དུ་ངན་སྨྲས་བྱེད་མཁན་བུད་མེད་ཅིག་འདུག འགན་འཁུར་མེད་པའི་ཚིག་རྩུབ་བརྗོད་སྟངས་དེ་ཡང་ནོར་འཁྲུལ་ཚབས་ཆེ་རེད། འགོར་སྡོད་མཁན་བློ་སེང་གིས་སྡོད་ཚུགས་མ་སོང་བས་ད་ལྟའི་གནས་སྟངས་འདི་འདྲར་གྱར་པ་རེད། ཁམས་པའི་མི་དམངས་ཀྱིས་ཀྱང་ག་ལེར་གནས་ཚུལ་སྤྱི་ཡོངས་ངོས་འཛིན་བྱེད་ཐུབ་ཀྱི་རེད། ང་ནི་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད་དོ།། ཁམས་པ་འགའ་ཤས་ཀྱིས་མི་ལེགས་པ་བྱས་པར་ཀུན་ལ་སྐྱོན་བརྗོད་བྱེད་རྒྱུ་མི་འདུག ཁམས་པའི་ནང་ཕྱག་འཚལ་འོས་པའི་མི་མང་པོ་ཡོད།

    Reply
  13. བསམ་འགྲུབ says:
    ལོ་ 6 སྔོན།

    དེ་རིང་གི་ཁ་མཆུ་དེ་དང་རྩོམ་ཡིག་འདི་རིགས་བོད་མི་ནང་ཁུངས་ལ་མཐུན་སྒྲིལ་ལས་འགལ་ཟླ་མང་ཙམ་འགྲོ་བའི་རྒྱུ་རུ་འགྲོ་ཡི་ཡོད་པ་ཧ་གོ་ཡང་
    ད་དུས་མུ་མཐུད་ནས་དེ་རིགས་ལ་འབད་བརྩོན་བྱེད་བཞིན་པ་ནི་བོད་མི་ནང་ཁུངས་གཞི་རྩ་ལ་འགལ་ཟླ་ཆགས་བའི་རྒྱུ་དང་རྩ་དོན་ལ་ནུས་པ་མེད་རུ་འགྲོ་རྒྱུ་གཏན་འཁེལ་རེད།

    Reply
  14. རུ་དམར། says:
    ལོ་ 6 སྔོན།

    སྐུ་ངོ་ཤར་ཁུག་ལགས།

    རྩོམ་འདི་གྲོས་ཚོགས་ནང་ཅི་ནས་ཀྱང་གཏམ་བཤད་དུའང་སྤེལ་རོགས་ཞུ། དམིགས་བསལ་རྩོམ་མཇུག་གྲོས་ཚོགས་ནང་གསུངས་རྗེས་སྤེལ་རོགས་ཞུ། ང་ཚོ་དྲང་བདེན་ལ་དགའ་བའི་མི་མང་མང་པོས་འཛམ་གླིང་ཕྱོགས་མཐའ་ཁག་ཏུ་སྒུག་བསྡད་ཡོད། དཀོན་མཆོག་དང་། རྒྱུ་འབྲས། དྲང་བདེན། ང་ཚོ་མི་མང་བཅས་ནམ་ཡང་ཁྱོད་དང་མཉམ་དུ་ཡོད། ཁྱོད་ལ་དབྱེར་མེད་དུ་འདྲེས་ནས་ཡོད།།

    Reply
  15. སྐལ་ཚེ། says:
    ལོ་ 6 སྔོན།

    གསུམ། སྲིད་སྐྱོང་བློ་བཟང་སེང་གེ་དང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་རྣམ་གཉིས་ནས་ཨ་རིའི་རོགས་དངུལ་ལེན་ས་གཞན་ཞིག་བཟོ་འཆར་གནང་དོན་ཅི་ཡིན་ནམ། ཟེར་བར།
    ལན།
    ༡ བློ་བཟང་སྙན་དང་རིན་ཆེན་དར་ལོ་སོགས་བོད་ཀྱི་ཐེབས་རྩའི་འབྲེལ་ཡོད་རྣམས་རྩ་མེད་བཟོས་ཏེ། བོད་ཀྱི་ཐེབས་རྩའི་མདུན་ལམ་མེད་པ་བཟོ་རྒྱུ།
    ༢། སྲིད་སྐྱོང་དང་སྐལ་རྡོར་གངས་སྐྱིད་ནས་ལས་འཁྱུར་རྗེས་ཀྱི་ལས་གནས་བརྟན་སྲུང་བཟོ་བ།
    ༣། རོགས་དངུལ་དེ་དག་དང་འབྲེལ་བའི་ལས་འཆར་བརྒྱུད་སྐབས་རྗེས་མའི་འོས་བསྡུའི་ནང་ཤུགས་རྐྱེན་བཟོ་བ།
    ༤། མ་འོངས་པར་སྲིད་སྐྱོང་གང་འདྲ་ཞིག་ཐོན་ཡང་བློ་སེང་དང་སྐལ་རྡོར་ལ་རོགས་དངུལ་སློང་དགོས་པ་བཅས་ཡིན།

    Reply
  16. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་ཨ་དོན་ཟུར་པ་དང་སྲིད་སྐྱོང་བར་
    གྱིས་དཀའ་སྙོགས་མ་ཡིན་པར་བཙན་བྱོལ་བོད་མིའི་ཁ་དབང་དང་འབྲེལ་
    བ་ཡོད་པའི་གཞུང་དངུལ་འདུ་འགོད་དང་སྔོན་རྩིས་བཏང་འཛིན་གྱིས་སྒྲིག་
    གཞི་དངུལ་རྩིས་གཏོང་ལེན་དང་འབྲེལ་བ་གཏིང་ཟབ་ཡོད་པ་ནས་དཔལ་འབྱོར་
    གྱིས་འགྲོ་ལུགས་དང་ཕྱོགས་མཐུན་བྱུང་མེད་ཐོག་ཁྲིམས་བཟོ་སྤྱི་འཐུས་གྲོས་
    ཚོགས་ནས་ཞིབ་འཇུག་ཚོགས་ཆུང་བཙུགས་ནས་ཐོག་མཐའ་བར་གསུམ་
    གྱིས་བྱུང་རིམ་ལ་ཞིབ་འཇུག་གནང་དགོས་པ་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད།

    Reply
  17. གནམ་ས་སྐེ་གོན། says:
    ལོ་ 6 སྔོན།

    གྱེན་ལོག་པ། ཁྱེད་ཀྱི་མིང་དེ་ཏག་ཏག་འགྲིག་འདུག ཡིན་ཡང་གདོང་པ་སྟོན་མི་ཐུབ་པའི་གྱེན་ལོག་གིས་ནུས་པ་ཐོན་དཀའ་བ་རེད། རང་ཉིད་ཀྱིས་རང་ཉིད་ལ་འགྲེལ་ཡག་ཙམ་བརྒྱབ་འདུག དོན་གྱི་ས་ཡ་དྲུག་དང་ཕྱེད་ཀྱི་གནད་དོན་དེ་གཞུང་ཡིག་གལ་ཆེན་ཟེར་བ་དེས་ལྐོག་ཟ་ཡིན་པ་གསལ་བོར་བཤད་འདུག ཚིག་དྲིས་ན་མེད་ཀྱང་ཞར་ན་ཡོད་ཟེར་བ་ཅི་འདྲ་དྲང་བའི་མདའ་མོ་ཞིག་རེད།

    Reply
  18. གནམ་ལྕགས་ཐོག་མདའ། says:
    ལོ་ 6 སྔོན།

    ས་ཡ་གཅིག་དང་ཕྱེད་ཀ།
    ས་ཡ་དྲུག་གི་ཡིན་པས།།
    ས་ཡ་དྲུག་གི་དཔོན་པོ།།
    ས་དེར་ཟ་སེམས་ཆེ་ཡིན།།

    Reply
  19. བསྟན་འཛིན says:
    ལོ་ 6 སྔོན།

    སྐུ་ངོ་ལགས བཀའ་དྲིན་ཞུ་?????

    Reply
  20. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    ང་ཚོ་རྒྱ་གར་ལུང་པར་བསྡད་ཡོད་པ་དང་ལུང་པའི་ཁྲིམས་ཀྱིས་འོག་ང་ཚོ་འཚོ་
    དགོས་པ་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་སྐོར་གྱིས་གནས་ཚུལ་དེ་གནས་
    ཡུལ་རྒྱལ་ཁབ་ཀྱིས་ཁྲིམས་ཐོག་ནས་གཙང་མ་བཟོ་དགོས་པ་ནི་ང་ཚོའི་ཡུལ་
    ཁྲིམས་ལ་བརྩི་དགོས་པ་མ་རེད་དམ།

    Reply
  21. རུ་དམར། says:
    ལོ་ 6 སྔོན།

    ཆེས་མཐོའི་ཁྲིམས་ཁང་ནས་ཐག་གཅོད་གསལ་བོ་གནང་བ་ཞུ་མ་དགོས་ཀྱང་། བློ་སེང་ཁྲམ་པ་དང་སྐལ་རྡོར་རྒྱ་གར་ཁམས་པ་དེ་གཉིས་ནས་བོད་མི་རིགས་ཀྱི་མཚན་བཙོང་ནས་གཡོ་ལས་སྣ་མང་བྱ་ཐབས་བྱས་པའི་བརྒྱུད་རིམ་འདི་རྣམས་ངེས་པར་དུ་མི་མང་གིས་མཁྱེན་དགོས་པ་རེད།

    དེ་མཁྱེན་པ་ཡིན་ན། མ་འོངས་པར་བློ་སེང་ལྟ་བུའི་ཁྲམ་པ་ཞིག་སྲིད་སྐྱོང་ལ་སླེབས་གི་མ་རེད་ལ།

    Reply
  22. སྣང་ཤེས། says:
    ལོ་ 6 སྔོན།

    དེང་སང་ནི་བདེན་པ་སུ་ཆེར་མི་ལྟ་བར་སྐད་མགོ་སུ་མཐོ་ལྟ་བའི་དུས་ཚོད་ཅིག་ཏུ་གྱུར་ཚར་འདུག ད་ཁ་ཡོད་ཚད་ཀྱིས་སྐད་མགོ་སུ་མཐོ་དང་ཁ་སུ་མགྱོག་གིས་འུར་རྒྱོབས་ཤོག་འ།

    Reply
  23. གནམ་ལྕགས་ཐོག་མདའ། says:
    ལོ་ 6 སྔོན།

    སྐུ་ངོ་ཤར་ཁུག་གི་སྐད་ཆ་ཐོག་རེད།།
    འདི་ན་ཕྱོགས་ཞེན་གྱི་བྲག་རི་བརྟན་ས་མེད།།
    སྐུ་ངོ་ཤར་ཁུག་གི་སྐད་ཆ་མདུང་རེད།།
    འདི་ན་གཤིས་གྱོང་གི་ཀོ་བ་བརྟན་ས་མེད།།
    སྐུ་ངོ་ཤར་ཁུག་གི་གནས་ལུགས་མེ་རེད།།
    འདི་ན་ལོག་འཁྱོག་གི་ངག་སྒྲོ་བརྟན་ས་མེད།།
    སྐུ་ངོ་ཤར་ཁུག་གི་སྨྱུ་གུ་འོད་རེད།།
    འདི་ན་བཀའ་ལོག་གི་མུན་པ་བརྟན་ས་མེད།།
    སྐུ་ངོ་ཤར་ཁུག་གི་བློ་ཁོག་གནམ་རེད།།
    འདི་ན་གླེང་འགེལ་གྱི་སྤྲིན་ནག་བརྟན་ས་མེད།།

    Reply
  24. ཚུལ་ཁྲིམས says:
    ལོ་ 6 སྔོན།

    ཞེ་དྲག་ཡིན་མདོག་བྱས་ནས་བྲིས་འདུག
    ཤ་ཁུག་ལོ་རྒྱུས་ཤེས་སོང་ན་ཡག་པོ་ཡོག་རེད་ལ་མི་དམངས་ཀྱིས་ཤེས་ཐུབ་ན་ཡག་པོ་ཡོག་རེད་།དེ་རི་འདི་འདྲ་པོ་འབྲི་དགོས་དོན་ག་རེད་ཡིན་མིན་ཧ་གོ་ཡི་རེད།

    Reply
  25. གནམ་ས་སྐེ་གོན། says:
    ལོ་ 6 སྔོན།

    ཤེས་སོང་། ཡིན་ཡང་རུ་ཡོང་རིག་ལོ་ཅན་པོས་འདི་གོ་མི་ཐུབ་པ།

    Reply
  26. གནམ་ལྕགས་ཐོག་མདའ། says:
    ལོ་ 6 སྔོན།

    ཧ་ཝ་ཌི་ཁྲིམས་ཀྱི་འབུམ་རམས་བློ་སངས་ལགས།།
    སྤེན་ཚེ་ལགས་ཤར་ནས་སླེབས་ཚེ་ནུབ་ལ་བྲོས།།
    ཁྲིམས་ལུགས་ནི་མི་ཤེས་ཁྲིམས་རྩོད་བློ་གྲགས་ལགས།།
    ཁྲིམས་ཁང་གི་མདུན་ནས་དམག་ཆེན་སྐུལ་སློང་བྱས།།

    Reply
  27. གནམ་ལྕགས་ཐོག་མདའ། says:
    ལོ་ 6 སྔོན།

    སྤྱི་འཐུས་རེད་ཁྱི་འཐུས་མ་རེད། བྱས་ཙང་བཀའ་ཤག་དང་མི་མང་ལ་འགན་འཁྱེར་དགོས་པ་རེད། འགན་ཁྱེར་ན་བྱེད་སྟངས་དེ་ག་རང་རེད། རི་བོ་རྡོ་བརྫུས་བྱས་ན་ལས་རྒྱུ་འབྲས་དང་མཐུན་གི་མ་རེད། ཁྱི་འཐུས་ཡིན་ན་ཇ་མངར་མོ་ཤེལ་ཕོར་གང་སུས་སྤྲད་ན་དེའི་རྗེས་སུ་འབྲང་གི་རེད། ཤར་ཁུག་ཁྱོད་གངས་ཅན་ལ་མཁོ་བའི་མྱི་དེའི་རིགས་རེད། ཤུགས་རྒྱོབ། ཕ་བཟང་གི་བུ། བཙན་པོའི་གཉའ་ནས་གནོན་མཁན་དང་གཉོམ་ཆུང་གི་འདབས་ནས་སྐྱོར་མཁན་ཞེས་པ་དེ་ཁྱོད་ལྟ་བུའི་མི་འདིའི་རིགས་ལ་ཟེར་བ་རེད།

    Reply
  28. རུ་དམར། says:
    ལོ་ 6 སྔོན།

    སྤེན་ཚེ། ཤར་ཁུག་གཉིས་ལ་དཔུང་སྒྲིག་ཀྱང་གླགས་ཁེལ་གི་མ་རེད། ད་བར་ཨྱོན་སྟོབས་རྒྱལ་གྱིས་དཔུང་སྒྲིག་ནས་་རུ་དྲངས་པ་རེད། གླགས་མ་ཁེལ་པ་རེད། སྤེན་ཚེ་ལྟ་བུ་ཆེན་པོ་ཚོའི་ནང་ཧ་ཅངདཀོན། ཆེན་པོ་མང་ཆེ་བ་རང་དོན་ཁོག་བཅུག འཛེམ་སོན་ཅན། ལྐོག་ནས་སྒེར་དོན་རྐྱང་རྐྱང་སྒྲུབ་མཁན་ཡིན། མིང་འབོད་མི་དགོས་པ་བྱས། ཅིག་གཟིགས་དང་ཧ་གོ་གི་རེད།

    ཤར་ཁུག་སྟེང་གྲོས་ཚོགས་ནང་བོན་པོའི་སྤྱི་འཐུས་སྨོན་ལམ། ཆོལ་ལོག་བང་ཚུལ། དམ་ཉམས་བསྟན་ཡར་སོགས་དཔུང་སྒྲིག་ཀྱང་གླགས་མ་ཁེལ་པ་རེད། རང་བཙན་པ་ཚོས་དཔུང་སྒྲིག་ཀྱང་གླགས་མ་ཁེལ་པ་རེད། བློ་སེང་གི་ཨ་ཕྲུག་ཚོས་དཔུང་སྒྲིག་ཀྱང་ག་ནས་གླགས་ཁེལ། དེའི་ཆ་ནས།

    སྤེན་ཚེ་དང་ཤར་ཁུག་གཉིས་བཙན་བྱོལ་བོད་མི་ཚོར་དངོས་གནས་དྲང་གནས་མེད་དུ་མི་རུང་བའི་མི་གཉིས་ཡིན་པ་ཚང་མས་མཁྱེན་ན་དགའ།།

    Reply
  29. བསམ་འགྲུབ says:
    ལོ་ 6 སྔོན།

    བོད་མི་ནང་ཁུངས་རྙོག་གླེང་མང་དག་ཞིག་བཟོས་ནས་བོད་མི་སྒྲིག་འཛུགས་དེར་གཏོར་ཐུབ་པ་ཡིན་ན་ཤ་ཁུག་ལགས་བློ་སེམས་བདེ་ཡི་རེད།ཤ་ཁུག་ལགས་ཀྱི་བསམ་དོན་འགྲུབ་པ་རེད་ལ།རྒྱ་ནག་གི་ལས་འགན་སྤྲད་པ་དེར་བསྒྲུབ་རེད།རྒྱ་དངུལ་ཡོད་ཡོད་པ་རེད་བ།

    Reply
  30. སྐལ་བཟང says:
    ལོ་ 6 སྔོན།

    ཁ་གསལ་གོ་བདེ་ཞིག་བྲིས་འདུག
    བོད་པའི་སྤྱི་ཚོགས་ནང་འདི་འདྲ་འབྲི་ཐུབ་མཁན་ཧ་ཅང་ཉུང་ཉུང་ཡིན་རྒྱུ་རེད།
    བཀའ་དྲིན་ཆེ།

    Reply
  31. བསམ་འགྲུབ says:
    ལོ་ 6 སྔོན།

    གནས་དོན་དེ་དག་རྣམས་གང་ཞིག་ཡིན་མིན་སྐོར། ཁྲིམས་ཁང་ནས་ཐག་གཅོད་ཀྱི་རེད། ཕྱོགས་གཉིས་ཀས་དེ་བཞིན་ཁས་ལེན་ཞུ་གི་ཡོད་པས། བསྐྱར་བཤད་ཡང་བསྐྱར་ལ་དགོས་པ་མེད། འདིས་སྤྱི་ཚོགས་ཆུང་ཆུང་དེ། དེ་ལས་ཆུང་བ་དང་། དེ་ནས་མེད་པ་འགྲོ་བའི་རྒྱུ་ཞིག་ལས་ཅི་ཡང་དགེ་མཚན་ཅི་ཡང་མེད། ཡག་ཤོས་དེ་ནང་ཁུལ་གྱི་སྙིང་ནད་སྤྱི་དོན་སྒང་སྤུངས་རྒྱུ་མེད།

    Reply
  32. གྱེན་ལོག་པ། says:
    ལོ་ 6 སྔོན།

    ངོ་ཚ་དགོས་ཡ་རེད།

    Reply
  33. གྱེན་ལོག་པ། says:
    ལོ་ 6 སྔོན།

    སྤེན་ཚེ་དཀར་འདོན་ཡོང་ཆེད་དབུས་བོད་མའི་སྒྲིག་འཛུགས་ཀྱི་གཞུང་གི་ཡིག་ཆ་གལ་ཆེན་ཕྱིར་བསྒྲགས་དང་ལོག་འགྲེལ་རྒྱབ་པ་ནི་སྤྱི་དམངས་ཀྱི་བོད་མི་དམངས་ཀྱི་སྤྱི་འཐུས་ཤིག་གི་མིང་ཡོད་པའི་མྱི་དེས་ནོར་རྫོལ་རྫབ་ཆེན་བཟོས་པ་རེད། བློ་སྤེན་གཉིས་ཀྱི་རྙོག་གླེང་ཐོག་མ་བཟོས་མཁན་དེ་སྐུ་སྒེར་ཡིག་ཚང་རེད། རྡ་སར་ད་བར་མི་རྨོངས་ཅན་ཚོ་ཤར་ལ་རྒྱུག་ལབ་ན་ཤར་ལ་དང་ནུབ་ལ་རྒྱུག་ལབ་ནུབ་ལ་རྒྱུག་རྐྱང་བྱས་ཏེ་བཀའ་དགོངས་འོག་ཤར་སྐྱོད་ཡིན་ཟེར་བའི་དྲི་སྒྲགས་འོན་ནས་བོད་མི་དམངའམས་སྡུག་གྱོང་ཚད་མེད་མྱོང་དགོས་བྱུང་བ་ནི་ལོ་རྒྱུས་ཀྱིས་ཁ་གྲགས་པ་མ་གཏོགས་ཆོས་ལུགས་ཀྱིས་བཟི་ཚར་བ་རེད། མི་དམངས་ཀྱི་ཁེ་དབང་དང་སེམས་ཁམས་ཀྱི་རིན་ཐང་རྡོག་རོལ་བཏང་ཡོད། ད་བར་ སྐུ་སྒེར་ཚང་གི་གསོས་ཕྲུག་རྩེ་གྲས་འགའ་ཡོད་པའི་ནས་རྒྱ་ཁུག་ནི་རྒྱ་ནག་དམར་གཞུང་བོད་ལ་རིག་གནས་བརྗེ་སྐབས་སུ་ཧུལ་རྩོན་ཅན་གྱི་མི་སྣ་དང་འདྲ་བ་ཡིན།

    Reply
  34. ཚུལ་ཁྲིམས says:
    ལོ་ 6 སྔོན།

    ཤ་ཁུག་ལགས་ཀྱི་བོད་མི་དམངས་སྤྱི་འཐུས་ཀྱིས་མཚན་གནས་ཁུར་ནས་འབར་རྫས་དེ་བོད་མི་ནང་ལ་གཡུགས་ན་མ་གཏོགས་རྒྱ་ནག་ལ་གཡུགས་པ་(ཚད་ལྡན)ཞིག་མཐོང་མ་སོང།
    བོད་མི་དམངས་ཁྲིམས་ཁང་གྱོད་གཞི་དེ་འགྲོ་དང་འགྲོ་བཞིན་པ་རེད།དེ་ཁྱེད་རང་གི་ཧ་གོ་ཡོད་མདོག་ཁག་པོ་རེད།ད་ཁྱེད་རང་གི་མགོ་སར་བཙུགས་ནས་འགྲོ་ནས་འདྲ་བརྐུ་གནམ་ལ་བསྟན་ནས་སྡོད་ཀྱི་ཡོད་ན་ཁྱེད་རང་ཤེས།

    Reply
  35. སྐལ་བཟང་། says:
    ལོ་ 6 སྔོན།

    སྤྱི་འཐུས་ཟེར་ན་འདི་འདྲ་དགོས་རེད།
    འཛིན་སྐྱོང་གི་ལས་དོན་བྱེད་ལ་འཐུས་ཤོར་འགྲོ་ཡི་ཡོད་ས་དེར་མང་ཚོགས་ལ་གསལ་འདེབས་དང་དེ་རིགས་གོ་རྟོགས་སྤེལ་རྒྱུ་གལ་ཆེན་མོ་རེད།
    དེ་མིན་སྒེར་གྱི་ཁེ་ཕན་ཆེད་གཞན་ལ་ཕོག་ཐུག་འགྲོ་བར་དོག་ནས་སྤྱི་འཐུས་ཚོའི་ངག་བཅད་བྱས་བསྡད་ན་མི་མང་བཅའ་ཁྲིམས་ལ་འགན་མ་ཁུར་བ་རེད།

    རྒྱལ་ཁ་རང་ལ་འབུལ་བ་ཡིས་གྱོང་ཁ་གཞན་ལ་འབུལ།

    Reply
  36. ཀིརྟིའི་ནང་བ། says:
    ལོ་ 6 སྔོན།

    ད་ནི་ལོང་པ་དང་འོན་པ་ཞིག་མིན་ཚེ་སློབ་བཟང་སངས་རྒྱས་དད་དབུ་སྐར་རྡོར་གཉིས་ཀྱི་རུལ་སུངས་ཀྱི་བྱས་ཉེས་སྐྱུག་བྲོ་དག་ལྷང་ལ་ཕུད་འདུག

    Reply
  37. བོད་པ་ says:
    ལོ་ 6 སྔོན།

    བོད་ཀྱི་ཐེབས་རྩ་ནས་བུ་ལོན་ཡིན་པ་གསལ་བོ་གསལ་རྐྱང་བཟོས་ཚར་བ་རེད་ སྲིད་སྐྱོང་དང་དབུ་སྐར་གཉིས་འདོད་རྔམ་ཆེ་དྲགས་ནས་ཁྲིམས་ཁང་མི་ཚེ་ནག་པོ་བཟོས་ཚར་སོང་ དབུ་སྐར་དེ་སྔོན་ཨ་རའི་དོན་ཁང་ནང་ཡོད་སྐབས་རྙོགས་གླིང་བྱུང་ཚར་བ་རེད། ཡིན་ཡང་ད་དུང་སྲིད་སྐྱོང་གི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཟེར་བའི་འགན་འཛིན་དུ་བཀོད་དོན་ཅི་ཡིན། ཡང་ན་མི་མ་རགས་པ་རེད་པས། གང་ལྟར་སྲིད་སྐྱོང་ཚོས་བོད་མི་མང་གི་མི་ཐོག་ནས་ལྐོག་ཟ་བྱེད་རྒྱུའི་ངན་ཇུས་སྔ་ས་ཏིང་ཚར་བ་རེད། ཡིན་ཡང་ལམ་འགྲོ་ནམ་ཡང་འགྲོ་གི་མ་རེད།

    Reply
  38. མི་ཆུང་། says:
    ལོ་ 6 སྔོན།

    ད་འུར་མ་རྒྱག། གནས་དོན་དེ་དག་རྣམས་གང་ཞིག་ཡིན་མིན་སྐོར། ཁྲིམས་ཁང་ནས་ཐག་གཅོད་ཀྱི་རེད། ཕྱོགས་གཉིས་ཀས་དེ་བཞིན་ཁས་ལེན་ཞུ་གི་ཡོད་པས། བསྐྱར་བཤད་ཡང་བསྐྱར་ལ་དགོས་པ་མེད། འདིས་སྤྱི་ཚོགས་ཆུང་ཆུང་དེ། དེ་ལས་ཆུང་བ་དང་། དེ་ནས་མེད་པ་འགྲོ་བའི་རྒྱུ་ཞིག་ལས་ཅི་ཡང་དགེ་མཚན་ཅི་ཡང་མེད། ཡག་ཤོས་དེ་ནང་ཁུལ་གྱི་སྙིང་ནད་སྤྱི་དོན་སྒང་སྤུངས་རྒྱུ་མེད།

    Reply
  39. རུ་དམར། says:
    ལོ་ 6 སྔོན།

    སྐུ་ངོ་ཤར་ཕྱོགས་ཆོས་འབྱོར་ལགས། བཀའ་དྲིན་ཆེ། མི་མང་གི་ཆེད་དུ་ཁྱེད་ཀྱིས་ནམ་ཡང་རང་ཡལ་བར་དོར། སྤྱི་གཙོ་བོར་བཟུང་བ་མི་མང་པོས་ཧ་གོ་གོ་པ་རེད། ཐུགས་རྗེ་ཆེ། སྐུ་ཚེ་རིང་། དོན་འགྲུབ། རྟག་ཏུ་མི་མང་གི་སྐུ་ཚབ་ཁྱོད་ཡིན།།

    Reply
  40. སྐལ་བཟང་། says:
    ལོ་ 6 སྔོན།

    སྤྱི་འཐུས་ཤིག་གི་འགན་ཁུར་ནས་མི་མང་ལ་གསལ་འདེབས་བྱས་པ་ཧ་ཅང་ལེགས།
    ད་སྐབས་སོ་སོའི་ཁེ་ཕན་ཆེད་གཞན་ལ་ཕོག་ཐུག་འགྲོ་བར་དོག་ནས་སྤྱི་འཐུས་ཚོ་ངག་བཅད་རེད།

    Reply
  41. kalsang dawa says:
    ལོ་ 6 སྔོན།

    ༄། ཤར་ཕྱོགས་ཁུག་རྟ་ལགས་ཨ་སྒོར་ས་ཡ་གཅིག་དང་ཕྱེའི་གནས་དོན་འདི་ཁྲིམས་ཞིབ་ཁང་དུ་འགྲོ་བཞིན་པའི་ཁ་མཆུ་ཡིན་པས་ཆེ་མཐོ་ཁྲིམས་ཞིབ་ཁང་གི་ཐག་བཅད་མ་གནང་གོང་། ཁྱོད་བོད་མི་མང་སྤྱི་འཐུས་ཞིག་ཐུགས་ལྷོད་ལྷོད་བཞུགས་མ་ཐུབ་པ་འདི་ལྟ་བུའི་རྔམས་སྐྲགས་དང་ངག་རྒྱུན་རིང་པོ་ཞེས་འབྲི་བཞིན་དུ་བོད་མི་མང་སྤྱི་འཐུས་ཁྱོད་ཀྱི་བྲེལ་བྲེལ་ཚུབ་ཚུབ་གནང་དོན་ཅི་རེད། ཆེ་མཐོ་ཁྲིམས་ཞིབ་ཁང་གི་སྔོན་དུ་རྒྱུགས་དགོས་དོན་ཅི་རེད། གསར་འགོད་པའི་སྔོན་དུ་ཐོན་དགོས་དོན་ཅི་རེད། དོན་ཟུར་སྤན་པ་ཚེ་རིང་སྔོན་དུ་མཆོང་དགོས་དོན་ཅི། ཐུགས་ལྷོད་ལྷོད་དང་ངག་རྒྱུན་རིང་པོ་ཟེར་བའི་ཚིག་འདི་རང་ཉིད་སྟེང་དུ་འཇོག་མ་ཤེས་པ་ཅི། ཐུགས་བསམ་རེ་བཞེས་དང་བོད་མི་མང་སྤྱི་འཐུས་ལགས།།

    Reply
    • Lhatse says:
      ལོ་ 6 སྔོན།

      འདི་ངོ་མ་རེད། ཁྲིམས་ཞིབ་ཁང་ནང་ཁ་མཆུ་འགྲོ་བཞིན་དུ་སྤྱི་འཐུས་ཁྱེད་ཀྱི་ཇུས་རྟོགས་བྱས་ནས་ཐག་གཅོད་གསལ་སྒྲགས་བྱ་དགོས་དོན་ཅི། གལ་སྲིད་ཁྲིམས་ཞིབ་ཁང་གི་ཐག་གཅོད་ཟིན་པར་དྲང་བདེན་མ་འབྱུང་ན་གཞི་ནས་མི་མང་གི་ཚབ་བྱས་ནས་ཐེར་སྟོན་བྱ་དགོས། དེ་མིན་སྤྱི་འཐུས་གཅིག་གི་སོ་སོའི་ཁྲིམས་ཞིབ་ཁང་ལ་སྣང་མེད་གཏང་བའི་མཐོང་ཚུལ་ཡོང་གི་འདུག དེ་མིན་དེས་ད་ལྟ་ནས་མི་མང་ནང་བསམ་ཚུལ་འདྲ་མིན་བཟོ་ཡི་འདུག ཐུགས་བསམ་བཞེས་རོགས།

      Reply
  42. ཤམ་བྷ་ལ། says:
    ལོ་ 6 སྔོན།

    དངུལ་ངེ་བླང་ཚུལ་དེ་ལྟར་བྲིས་དགོས་ཡོད་པ་འདྲ་ཡིག་ཆ་ལྟ་འདི་བཞིན་མ་བྲིས་་ན་བླང་མི་ཐུབ་ཡིན་པ་གནས་ཚུལ་སྔོན་མ་ནས་གསལ་བཤད་བྱས་ཚར་སོང་་བས་འདི་ལ་ཧ་ལས་དགོས་པ་མི་འདུག། ཧ་ལས་དགོས་ས་ཤར་ཁུག་ཁྱིད་ཀྱིས་གུ་རུ་རིན་པི་ཆེ་དང་ཆོས་རྒྱལ་གཉིས་པོ་ལ་བཀུར་འདེབས་བྱས་པ་དེ་ཧ་ལས་དགོས་པ་ཞིག་ཡིན།

    Reply
  43. གནམ་ལྕགས་ཐོག་མདའ། says:
    ལོ་ 6 སྔོན།

    ངས་རང་ཉིད་སད་ཡོད་བསམ་ཡོད། འོན་ཀྱང་དེ་རིང་གི་རྩོམ་འདི་བཀླགས་པས། ངས་ད་གཟོད་རང་ཉིད་སད་ཡོད་པ་མ་ཡིན་པར་གཉིད་ཡོད་པ་རྟོགས། ཅོང་བརྡ་ཆེན་པོ་ཞིག་དང་འདྲ་བའི་རྩོམ་འདིས་ང་དངོས་གནས་སད་དུ་བཅུག གངས་སྐྱིད་ནི་བཞུར་ས་མེད་པའི་འཁྱིལ་ཆུ་ཞིག་དང་འདྲ་བར་རུལ་ཞིང་རླན་ཆགས་ནས་སྔོ་ནག་ཏུ་གྱུར་འདུག ད་གཙང་མ་བཟོ་རན་པར་མ་ཟད། ཕྱིས་དྲགས་འདུག ད་གཙང་མ་མ་བཟོས་ཚེ། རུལ་ཆུ་འདི་བསྐམས་ནས་ཤུལ་དུ་རྩྭའང་མི་སྐྱེས་པའི་ཚྭ་སྒོ་ཅན་ཞིག་ཏུ་འགྱུར་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese