མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆ་མ་ཚང་བའི་བཙན་བྱོལ་བོད་ཀྱི་ཤེས་ཡོན་སྲིད་ཇུས།

བོད་ཀྱི་དུས་བབ།
༢༠༡༩/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྡོ་སྦིས་ཟླ་བ་ཚེ་རིང།

ངས་དེ་རིང་སྐད་ཆ་འདི་ལྟར་བཤད་ནས་མགོ་སྐུ་ངོ་དེ་ཚོ་སུན་པོ་བཟོ་བའི་ཆེད་མིན་ལ།         འོག་ཕ་མ་དེ་ཚོའི་སེམས་ཤུགས་གཅོག་པའི་ཆེད་དེ་ལས་ཀྱང་མིན་མོད།  ཡིན་ནའང།    ངས་བདེན་པ་ཞིག་ལ་རྒྱབ་བརྟེན་ནས་སྐད་ཡིག་ཅིག་གི་ལས་དབང་ལ་གདོང་གཏད་ནས་འདི་ལྟར་དྲང་གཏམ་མི་བཤད་ཀ་མེད་བྱུང་།

སྤྱིར་སྲིད་ཇུས་སམ་སྒྲོམ་གཞི་སོགས་གང་ཞིག་ཡིན་རུང་།        སྤྱི་ཚོགས་ཀྱི་དགོས་མཁོ་དང་དུས་ཚོད་ཀྱི་དགོས་དབང་ལ་བརྟེན་ནས་ཁ་སྣོན་དང་འགྱུར་བཅོས་གཏང་དགོས་པ་ཞིག་ཡིན་པ་ཁ་སང་དེ་རིང་གི་མིའི་རིགས་ཀྱི་འདོད་བློ་དང་སྤྱི་ཚོགས་ཀྱི་དགོས་མཁོ་ཡིས་སྒུལ་བའི་གནད་དོན་ཞིག་ཡིན་པ་ལྟར། འུ་ཚང་གི་ཤེས་ཡོན་སྲིད་ཇུས་ཀྱི་སྒྲོམ་གཞི་དེ་ཡང་དེ་ག་རང་ཡིན་པ་བཤད་ཅི་ལ་དགོས།  ལྷག་པར་དུ་སྟོང་ལོ་ལྔའི་ནང་ལག་བསྟར་གནང་བའི་ཤེས་ཡོན་སྲིད་ཇུས་འདི་ནི་གཞི་རིམ་འོག་མའི་ཤེས་ཡོན་སྒྲོམ་གཞི་ཞིག་ཡིན་པ་མ་གཏོགས་གཞི་རིམ་བར་མ་དང་གོང་མ།      དེ་ནས་མཐོ་སློབ་དང་གཙུག་ལག་མཐོ་སློབ་སོགས་ཀྱི་ཤེས་ཡོན་སྒྲོམ་གཞིའི་ཚབ་བྱེད་ག་ལ་ཐུབ།     འདི་ལ་མཁས་པའི་དབང་བོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་“ཤེས་ཡོན་སྲིད་ཇུས་འདི་དར་རྒྱས་གཏང་མིན་ནི་བཀའ་ཤག་སྐབས་རྗེས་མའི་ཕྱག་ལས་གནང་ཕྱོགས་ལ་རག་ལས་ཡོད་”ཅེས་མུ་མཐུད་ནས་དར་རྒྱས་དང་རྒྱ་ཆེར་གཏང་དགོས་པའི་བཀའ་གསུང་གནང་ཡོད་པ་འདི་རེད།

ཡིན་ནའང།     བཙན་བྱོལ་བོད་ཀྱི་ཤེས་ཡོན་སྲིད་ཇུས་འདི་བཙུགས་ནས་ལོ་ཡི་འཁོར་མོ་བཅུ་བཞི་ཙམ་འགྲོ་ཡི་ཡོད་ནའང།    གོང་སྐུ་ངོ་ཚོས་བོད་མི་རིགས་དང་འབྱུང་འགྱུར་གྱི་དགོས་མཁོ་ལ་དཔག་ནས་ཁ་སྣོན་དང་ཡར་རྒྱས་གཏོང་བའི་བྱ་བཞག་ཅི་ཡང་བརྩམས་མེད་པར་མ་ཟད།   མཁས་དབང་ཟམ་གདོང་རིན་པོ་ཆེས་སྐུ་ལས་བརྒྱ་ཕྲག་བསྐྱོན་ནས་བཏབ་པའི་མེ་ཏོག་གི་མགོ་བོ་བལྟས་བལྟས་རིག་རིག་ལ་བཏུམ་སེར་བཅད་ཡོད་དེ།    སྟོང་ལོ་བཅུ་དྲུག་གི་གྲོས་ཚོགས་སྟེང་དུ་ཤེས་རིག་བཀའ་བློན་ཟུར་བ་དངོས་གྲུབ་ཚེ་རིང་ཟེར་བ་དེ་ཡིས་དཔེ་སྟོན་སློབ་གྲྭའི་ཁོར་ཡུག་དང་རྒྱ་གར་གྱི་རྩ་ཁྲིམས་ལ་ཁ་གཡར་ཏེ་འཛིན་རིམ་བཅུ་བ་དང་དགུ་པ་མེད་པར་བཟོས་སོང་མོད།      རྒྱ་གར་གྱི་རྩ་ཁྲིམས་དང་མཐུན་པའི་ཁོར་ཡུག་ཅིག་ཀྱང་བསྐྲུན་མི་ཐུབ་པའི་སྐུ་ངོ་དེ་དག་གིས་ཅི་ཞིག་བྱའམ།     ཁྱོད་སྐུ་ངོ་ཚོ་གངས་སྐྱིད་ཀྱི་རྐུབ་བཀྱག་དེ་དག་སྲུང་གི་སྐད་བཏང་བར་མ་རེད་ལ།      རྫིག་རྫིག་ཉམས་ཉམས་ཀྱི་ཚོགས་འདུ་རེ་བསྐོང་ནས་སྟོང་བཤད་རེ་རྒྱག་གི་སྐད་བཏང་བར་དེ་ལས་ཀྱང་མ་རེད། ཁྱོད་ཚོ་སྐད་བཏང་བ་དེ་སྤྱི་ཚོགས་ཀྱི་དཀའ་ངལ་བསལ་བ་དང་དར་རྒྱས་གཏང་བར་སྣེ་འཁྲིད་མཁན་ཞིག་དང་མདུན་སྐྱོད་བྱེད་མཁན་ཞིག་གདན་འདྲེན་ཞུས་པ་རེད་མ་གཏོགས་དཀའ་ངལ་ལ་ཐུག་ཚེ་ཁ་གཡར་མཁན་ཞིག་དང་མགོ་སྒུར་རེ་འདུག་མཁན་ཞིག་སྐད་བཏང་བ་དེ་ལས་ཀྱང་ག་ལ་ཡིན།        མ་གཞི་ནས་འུ་ཚང་གི་སྐུ་ངོ་འདི་ཚོ་ནི་མགོ་སེར་བོའི་བསམ་བློའི་གཡོག་པོ་རྐྱང་ཡིན་པ་ལས་རང་གི་རིག་གཞུང་དང་སྐད་ཡིག་གི་སེམས་བྱུང་བརྟན་པའི་བསམ་བློ་ཞིག་མེད་པའི་ན།   ཁོང་ཚོའི་མིག་ལམ་དུ་ཤེས་ཡོན་སྲིད་ཇུས་ནི་མང་ཚོགས་ཀྱི་ཁ་འགོག་བྱེད་ཀྱི་ལག་ཆ་ཞིག་དང་ཤེས་ཡོན་པའི་སྡེ་གྲལ་དུ་འཆད་རྩལ་ངོམས་བྱེད་ཀྱི་གཏམ་བརྗོད་ཅིག་རེད་མ་གཏོགས།   ཤེས་ཡོན་སྲིད་ཇུས་འདི་དར་རྒྱས་བཏང་ནས་འདིའི་སྟེང་ནས་བོད་མི་ཡང་དག་ཅིག་སྐྱེད་སྲིང་བྱ་བར་བསམ་བློ་དབེན་ལ། ཤེས་ཡོན་སྲིད་ཇུས་འདིའི་སློབ་མ་དང་སློབ་གྲྭའི་གྲངས་འབོར་མང་དུ་གཏང་བར་སེམས་ཤུགས་དེ་ལས་ཀྱང་ག་ལ་ཡོད། ཁོང་ཚོའི་བསམ་བློ་རུ་བོད་ཕྲུག་འདི་ཚོ་བོད་མིན་རྒྱ་མིན་དང་ཚོར་མེད་ཤུགས་མེད་ཀྱི་མི་རབས་ཞིག་བཟོ་བར་རྔམ་ནས་བསྡད་ཡོད་པ་འདི་རེད།   རྒྱུ་རྐྱེན་འདིའི་དབང་གིས་ཤེས་ཡོན་སྲིད་ཇུས་ལག་བསྟར་གནང་སའི་སློབ་གྲྭ་སྟེ་དཔེ་སྟོན་སློབ་གྲྭར་ཡར་རྒྱས་ཅི་ཡང་བཏང་མེད་པར་མ་ཟད།     ཡོད་པ་དེའང་མེད་པར་བཟོ་སྟངས་འདི་ལ་བོད་ཀྱི་ཁ་དཔེ་ལ་‘བཞེངས་མཁན་ལྷ་དང་བཤིག་མཁན་འདྲེ་ཡིན་’ཟེར་བའི་སྐད་ཆ་འདི་དག་དག་རེད།

སྐད་ཆ་དྲང་མོ་བཤད་ན།        དེང་སྐབས་ཀྱི་དཔེ་སྟོན་སློབ་གྲྭའི་ཁོར་ཡུག་ཆུང་དྲགས་པའི་དཀའ་ངལ་གྱིས་ཁོང་ཚོའི་བུ་ཡི་ཉལ་ཁང་ཕྱེད་ཅིག་དང་བུ་མོའི་ཉལ་ཁང་ཕྱེད་ཀ་ཞིག་གཏུབ་ནས་འཛིན་ཁང་བཟོས་བའི་གཏམ་རྒྱུད་ཡོད་ལ།      ལོ་རྗེས་མར་ཁོང་ཚོའི་ཞལ་ལག་མཆོད་སའི་གསོལ་ཚིགས་ཁང་དེ་ཡང་འཛིན་ཁང་དུ་བསྒྱུར་བར་འཆར་གཞི་ཡོད་པར་བཤད།    ལོ་དེའི་རྗེས་མར་ཁོང་ཚོའི་ཐབ་ཚང་ཡང་འཛིན་ཁང་དུ་བསྒྱུར་མི་སྲིད་པ་མིན་པས།    མགོ་སྐུ་ངོ་བཀའ་བློན་གཙོ་བྱས་པའི་བཀའ་སྤྱི་གཉིས་ཀྱིས་ཀྱང་སེམས་ཁྲལ་བྱ་རན་རེད།      ཡང་གཅིག་བཤད་ན།   སྐུ་ངོ་དེ་ཚོས་ཨ་སྒོ་ས་ཡ་ས་ཡ་བྱས་ནས་མི་མེད་ལུང་སྟོང་དེ་བ་རུ་སྤོ་ལོ་རྩེད་ཐང་དང་ལམ་ཁ་བཟོ་བ་ལས་མི་འཛོམས་རིག་རྩལ་གྱིས་ཁེངས་པའི་ས་ཆ་ཞིག་ལ་ཤེས་ཡོན་སྲིད་ཇུས་ཀྱི་སློབ་གྲྭ་ཞིག་བཞེངས་ན་མི་ལེགས་སམ།      རླབས་ཆེ་ཞིང་གཟི་བརྗིད་ལྡན་པའི་ཕྱག་ལས་འདི་དག་ནི་མི་རབས་ཚ་རྒྱུད་རྣམས་ཀྱི་ཁྱེད་ཅག་གི་བཀའ་དྲིན་བརྗེད་མི་སྲིད་ལ། བོད་ཀྱི་ལོ་རྒྱུས་ཡིག་ཚགས་སུའང་ཁྱེད་ཅག་གི་བཀའ་དྲིན་བཀོད་ངེས་ཡིན་མོད།        འོན་ཏེ། སྐུ་ངོ་འདི་དག་གིས་འཇོན་ས་ཞིག་དང་ཐག་ཉེ་ས་ཞིག་གི་གནད་དོན་བཞག་ནས་མི་འཇོན་ས་ཞིག་དང་ཐག་རིང་ས་ཞིག་ལ་ལག་པ་འཆང་རྒྱུར་དགའ་སྟེ།         ཁོང་ཚོས་བཙན་བྱོལ་ནང་གི་སློབ་གྲྭའི་གནས་སྟངས་དང་བོད་སྐད་ཡིག་གི་གནས་བབ་ཡ་མེད་བཏང་ནས་ནུབ་ཕྱོགས་ཀྱི་བོད་སྡེ་ཐར་ཐོར་ཁག་ཅིག་གི་གཟའ་མཇུག་སློབ་གྲྭའི་གནས་སྟངས་ལ་དོད་འཁུར་བྱ་མདོག་གིས་ཕྱག་ལས་གནང་སྟངས་འདི་ལ་གད་མོ་མི་ཤོར་རམ།  སྐད་ཆ་དྲང་མོ་བཤད་ན།        ཁོང་ཚོ་ནི་བོད་ཡིག་མེད་ས་ཞིག་དང་བོད་མི་མེད་ས་ཞིག་ལ་བཙན་ཚུགས་ཀྱི་འཚང་བ་རེད་མ་གཏོགས་ང་ཚོས་ཨུ་ཚུགས་ཀྱིས་དེད་པ་ཞིག་མ་རེད།        ལྷག་པར་དུ་ཁོར་ཡུག་དེ་བ་ཞིག་ནས་བོད་སྐད་ཡིག་གི་ཚེ་སྲོག་བསྐྲུན་རྒྱུ་ཡིན་ཟེར་ན་རྡོ་ཐོག་ཏུ་ས་བོན་འདེབས་མཁན་གྱི་སོ་ནམ་པ་ལྐུགས་པ་ཞིག་དང་ཁྱད་ཅི་ཡོད།      དེ་ལས་བཙན་བྱོལ་ནང་གི་སློབ་གྲྭ་ཁག་ལ་བསམ་བློ་ཐོངས་དང་། དཔེ་སྟོན་སློབ་གྲྭ་འདྲ་བའི་དཀའ་ངལ་ཅན་གྱི་སློབ་གྲྭ་གང་མང་མང་ཞིག་གིས་སྐུ་ངོ་ཁྱེད་ཅག་ལ་སྒུག་ནས་བསྡད་ཡོད་ལ། སློབ་གྲྭ་དེ་དག་གི་ནང་དུ་ཤེས་ཡོན་སྲིད་ཇུས་ལག་བསྟར་གནང་ཨེ་ཐུབ་ལ་བསམ་དགོས་པ་རེད་མ་གཏོགས།    སློབ་གྲྭ་གཅིག་རང་གཅིག་གིས་ཤེས་ཡོན་སྲིད་ཇུས་ལག་ལེན་བསྟར་བ་ཡིན་ན་ཤེས་ཡོན་སྲིད་ཇུས་འདི་ཆ་ཚང་དུ་སྒོམ་པ་ནི་བྱིས་བློའི་སེམས་བྱུང་ཡིན་ནོ།།  ལྷག་པར་དུ་རྒྱབ་ཁབ་ཅིག་དང་མི་རིགས་ཤིག་ལ་ཆ་མཚོན་ན་གཞི་རིམ་འོག་མའི་ཤེས་ཡོན་སྲིད་ཇུས་ཀྱི་སྒྲོམ་གཞི་ཞིག་གིས་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་དགོས་མཁོ་ཆ་ཚང་བ་ཞིག་སྒྲུབ་དཀའ་བའི་ན།     གཞི་རིམ་གྱི་ཤེས་ཡོན་སྲིད་ཇུས་འདི་གཞི་རྐང་དུ་བཟུང་ནས་གཞི་རིམ་གོང་མ་དང་མཐོ་རིམ་བར་དུ་མུ་མཐུད་ནས་འགྲོ་སའི་ཁོར་ཡུག་ཅིག་གམ་སྒྲོམ་གཞི་ཞིག་བཟོ་མ་ཐུབ་ཚེ་ཤེས་ཡོན་སྲིད་ཇུས་འདི་བཟང་ཚུལ་དང་ཡག་ཚུལ་ཇི་ལྟར་བཤད་རུང་རྒྱལ་ཁབ་ཅིག་ལ་ཆ་མཚོན་ནས་བཤད་ན་ཆ་མ་ཚང་བ་རེད་དོ།།                 མ་ཟད་ཤེས་ཡོན་ཟེར་བ་འདི་སྤྱི་ཚོགས་ཤིག་གིས་ངོས་ཐད་བལྟས་ན་ཁྲོམ་རའི་ནང་གི་ཚོང་རྫས་ལྟ་བུ་ཡིན་པས།         ཚོང་རྫས་དེའི་བེད་སྤྱོད་ཀྱི་ཁོར་ཡུག་ཇི་ལྟར་རྒྱ་ཆེ་ན་དེའི་རིན་ཐང་དེ་བཞིན་དུ་རྩ་ཆེན་པོ་དང་ཤུགས་ཆེ་རུ་འགྲོ་རྒྱུ་ནི་ནམ་ལངས་ཉི་ཤར་གྱི་དཔེ་ཡིན་པའི་ན།    གོང་སྐུ་ངོ་ཚོས་འབྱུང་འགྱུར་མི་རབས་ཚ་རྒྱུད་རྣམས་བོད་མི་གཙང་མ་ཞིག་གམ་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་ངོ་མ་བོད་སྐད་ཡིག་འདིའི་ཆེད་དུ་རང་གི་རྫིག་ཉམས་དང་མཁས་ཉམས་བློས་བཏང་ནས་སྐུ་ལས་བསྐྱོན་དགོས་པར་མཐོང་ངོ་།།

ཡང་ཁ་ཤས་ཀྱིས་འདི་ལྟར་བྱས་ན།      རྒྱ་གར་མཐོ་སློབ་ནང་དུ་སློབ་ཕྲུག་ཚོར་དཀའ་ངལ་འདི་དང་དེ་འཕྲལ་ཚུལ་གྱི་རྒྱུ་མཚན་ཡ་མ་ཟུང་གང་མང་བཤད་སྲིད་མོད།       འོན་ཀྱང་ཤེས་ཡོན་སྲིད་ཇུས་གསར་བའི་ར་བ་ནས་ཐོན་པའི་སློབ་ཕྲུག་ཚོ་ནི་དུས་ད་ལྟ་རྒྱ་གར་གྱི་སློབ་ཆེན་སྐད་གྲགས་ཅན་གང་མང་གི་ནང་དུ་<ཁྲིམས་ལུགས>དང<སེམས་ཁམས་རིག་པ><གློག་ཀླད>སོགས་ཀྱི་སྡེ་ཁག་ཏུ་རྩེར་སོན་གྱི་སློབ་མ་གསུམ་བཟང་ཅན་རྐྱང་རྐྱང་ཡིན་པའི་གནད་དོན་འདི་ལ་ཞིབ་འཇུག་བྱས་ན་སྲིད་ཇུས་གང་ཞིག་གི་གྲུབ་འབྲས་ཡག་པོ་དང་སྲིད་ཇུས་གང་ཞིག་གི་གྲུབ་འབྲས་སྐྱོ་བ་ཡོད་པ་ཤེས་ངེས་ཡིན།  མ་གཞི་ནས་ཤེས་ཡོན་སྲིད་ཇུས་གསར་བའི་མཐར་ཐུག་གི་དགོངས་པ་ནི་བོད་སྐད་ཡིག་གཙོར་བཟུང་གིས་གཞན་སློབ་ཚན་རྣམས་རང་སྐད་ཡིག་གི་སྒང་ནས་ཐོན་པའི་མཐོ་རིམ་མི་སྣ་སྐྱེད་སྲིང་བྱ་རྒྱུ་དེ་རེད་མ་གཏོགས་རྒྱ་གར་གྱི་ལག་འཁྱེར་རྒྱལ་སྒོ་འདྲ་བོ་ལེན་པའི་ཆེད་མ་རེད། དཔེར་ན།       རྗེ་ཁི་རིན་ཤིན་མི་ཏི་J KRISHNAMURTIགིས་བཙུགས་གནང་བའི་སློབ་གྲྭ་སྟེ་The Valley School ལྟར་ཡིན་པའི་ན།         ཕ་ཤུལ་བུ་འཛིན་གྱི་དཔེ་ལྟར་རྗེ་ཟམ་གདོང་རིན་པོ་ཆེའི་རླབས་ཆེན་གྱི་བྱ་བཞག་རྣམས་གོང་སྐུ་ངོ་ཚོས་མཇུག་སྐྱོང་རན་རེད་ཟེར་བ་འདིའོ།།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༨ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 0

  1. ཚེ་བརྟན་འགྱུར་མེད། says:
    ལོ་ 6 སྔོན།

    ༑ ཤེས་ཡོན་སྲིད་བྱུས་དེ་རྒྱ་གར་ནང་རང་གཞུང་གི་ཁྱབ་ཚད་ཡོད་པའི་སློབ་གྲྭ་ཚང་མིའི་ལག་ལེན་བལྟར་བཞིན་ཡོད་དགོས་རེད། དཔེ་སྟོན་སློབ་ཁང་དེ་དེའི་ནང་ནས་གཅིག་རེད། སློབ་གྲྭ་མང་དུ་གཏོང་རྒྱུ་ཕར་བཞག་ད་ཡོད་ནས་ཀྱང་སྒོ་རྒྱབ་དགོས་འདུག་པ་ད་ལྟའི་དཀའ་ངལ་རེད། ཤེས་ཡོན་སྲིད་བྱུས་ལག་བལྟར་ཞུ་གི་མེད་པའི་སྐྱོན་མང་དག་ཅིག་བཀོད་འདུག་ཀྱང་ཁྱེད་ཀྱི་བཀོད་པའི་ཉལ་ཁང་འཛིན་ཁང་དུ་འགྱུར་བཅོས་ཞུས་པ་དེ་ཤེས་ཡོན་ལ་དངོས་སུ་ཞབས་ཞུ་མ་རེད་དམ། སློབ་གྲྭའི་ནང་བོད་ཡིག་ནས་སློབ་འཁྲིད་ཞུ་རྒྱུའི་ལས་འཆར་དེ་སྔོན་ཚུད་ནས་དལ་གྱི་འཆར་ལྡན་ལག་ལེནའགྲོ་བཞིན་ཡོད། རྡ་ས་བོད་ཁྱིམ་ནས་དམིགས་སུ་ཕྱག་འགན་བཞེས་གནང་ཡོད།་ བོད་པའི་སློབ་གྲྭའི་ནང་བོད་སྐད་དང་ལྷག་དོན་བཞེས་ས་དང་བཅས་པའི་ལམ་དེའང་ཕྱི་ལོ་དྲུག་ཅུའི་ནང་ནས་མ་སུ་རི་བོད་ཁྱིམ་གྱི་ཉིན་རེའི་ལམ་ཞིག་རེད།
    ༸གོང་ས་མཆོག་གི་བཀའ་བསློབ་དགོངས་དོན་དང་རང་གཞུང་གི་རྟ་ཚབ་བོང་བུའི་དཔྱད་པའི་གཞུང་གི་ཞུ་རིམ་ནང་སློབ་གྲྭའི་རྗེས་བོད་ཡིག་སྦྱང་སའི་ཁོར་ཡུག་ཀྱང་མཚན་འདྲ་མིན་དཔེ་ན་མཁས་དབང་ཆགས་སའི་མཐོ་སློབ་ཅན་སོགས་རང་རེའི་མགོ་ལ་འཁེབ་པའི་ཞྭ་མོའི་དཔེ་ལྟར་མ་ཉུང་བ་ཐབས་བྱུས་གནང་མིན་འདུག་གམ།
    ༸གོང་ས་མཆོག་གི་ཐུགས་འོད་ལས་ང་ལྟ་བུའི་མི་རབས་སྒོ་ང་ལྤཌ་པ་ཤུས་ནས་ཟ་མི་ཤེས་མཁན་གྱིས་རང་སྐད་དང་དེ་མིན་སྐད་ཡིག་གཉིས་ཙམ་གོ་སྤྱོད་ཐུབ་པ་བྱུང་ཡོད། དེའི་མུ་འཐུད་པའི་མི་རྩ་རྣམས་ཕ་མ་ལས་བུ་རྫིག་བུ་ལས་ཡང་ཚ་རྫིག་པའི་དཔེ་བཞིན་བྱུང་བ་ཤེས་ཡོན་སྲིད་བྱུས་དབུས་པའི་ང་རང་ཚོ་ཚང་མའི་ཕྱར་ར་མཉམས་འདེགས་ལས་བྱུང་བ་བཀྲིས་བདེ་ལེགས་རེད།
    གནས་དུས་གསར་པར་མཚམས་པའི་དེང་ཆ་རང་གཞུང་ནས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་དཔེ་ལྟར་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཕྲུག་རྣམས་སུའང་བོད་པའི་སྐད་ཡིག་སློབ་འཁྲིད་ཚགས་ཚུད་འབྱུང་ཐབས་སུ་ལས་གཞི་སྤེལ་བཞིན་ཡོད་ལགས། ཁྱེད་ཀྱིས་ཤེས་ཡོན་སྲིད་བྱུས་ནང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་ཁྲུག་རྣམས་སུ་བོད་ཀྱི་སྐད་ཡིག་སློབ་མི་དགོས་པ་མཇལ་བ་ནི་ག་ལ་སྲིད། གཙོ་ཆེན་༸གོང་ས་མཆོག་དང་དེ་མིན་བོད་ཡིག་འབྲི་ཀློག་མི་ཤེས་པའི་པོ་པོ་རྨོ་རྨོ་སོགས་ཚུན་ནས་ཕྱི་རྒྱལ་ཡོད་པའི་བོད་ཕྲུག་ཚོར་བོད་ཡིག་ལ་དོ་སྣང་སྦྱོང་བརྡར་དགོས་པའི་མངགས་བྱ་ནན་པོ་གནང་བཞིན་ཀྱང་ཁྱེད་ཀྱིས། ཁོང་ཚོ་ནི་བོད་ཡིག་མེད་ས་ཞིག་དང་བོད་མི་མེད་ས་ཞིག་ལ་བཙན་ཚུགས་ཀྱི་འཚང་བ་རེད་མ་གཏོགས་ང་ཚོས་ཨུ་ཚུགས་ཀྱིས་དེད་པ་ཞིག་མ་རེད། ལྷག་པར་དུ་ཁོར་ཡུག་དེ་བ་ཞིག་ནས་བོད་སྐད་ཡིག་གི་ཚེ་སྲོག་བསྐྲུན་རྒྱུ་ཡིན་ཟེར་ན་རྡོ་ཐོག་ཏུ་ས་བོན་འདེབས་མཁན་གྱི་སོ་ནམ་པ་ལྐུགས་པ་ཞིག་དང་ཁྱད་ཅི་ཡོད། ཅེས། རྫིག་རྫིག་ཉམས་ཉམས་སྐད་ཆ་འདི་རེད། རྡོ་ཐོག་ཏུ་ས་བོན་འདེབས་མཁན་གྱི་སོ་ནམ་པ་ལྐུགས་པ་དེ་ལྐུགས་པ་མ་རེད་ལ་དེ་ནི་གང་ཡང་ཡོང་མི་སྲིད་པ་མ་རེད་ཟེར་པའི་གཏམ་དཔེ་ལ་འབད་པ་ཞུ་མཁན་གྱི་བསམ་རྒྱ་ཡངས་པའི་སྐྱེ་བོ་དེ་མིན་ནམ།
    ཡང་ཤེས་བཀའི་མཚན་སྨྲོས་ནས་ལས་འགན་ཞུ་མ་ཐུབ་པའི་སྐྱོན་ཆེན་ཞུས་ཡོད། དཔེ་སྟོན་སློབ་གྲྭ་ལོ་ ༡༤ འཁོར་བའི་དུས་བྲན་ཞུས་འདུག ཁྱེད་ཀྱི་གཟིགས་པའི་ཤེས་ཡོན་སྲིད་བྱུས་དེ་དེ་ལས་ལོ་མཐོ་པ་ཡིན་སྲིད། དེ་ལྟའི་ལོ་དུས་ནང་མཚན་བཀོད་གནང་པའི་ཤེས་བཀའ་ནས་ལོ་འགའ་ཤས་ལས་འགན་འཁུར་ཞུས་མེད་སྙམས། ཁྱེད་ཀྱི་སྐྱོན་འཛུགས་དེ་ལ་བདེན་ནུས་དེ་ཙམ་ངས་མི་མཐོང། ཁྱེད་ལ་གནད་དོན་དུ་སེམས་ཚབ་ཡོད་ན་ངས་ལྐུག་འཆར་ཞིག་ཞུས་ཆོག ཁྱེད་ཀྱི་ཐབས་ཤེས་ཞིག་གནང་ན་སྐྱོན་འཛུགས་ཞུས་པའི་གོ་ཆོད། རྡ་སར་སློབ་སྟོན་ཞུ་ཡུལ་དེ་སྔའི་ཤེས་བཀའ་སྐུ་ངོ་ཐུབ་བསྟན་ལུང་རིག་ལགས་དང་ལྷག་དོན་བཀའ་ཁྲི་ཟུར་བ་མཁས་དབང་རིན་པོ་བཞུགས་ཡོད།

    དཔེ་འོས་ཞུས་པའི་Valley སློབ་གྲྭ་དེ་ངས་མི་ཤེས་ལ་ཤེས་དགོས་པའང་དེ་ཙམ་མི་མཐོང། ལེགས་ཆ་ཕན་ཚུན་ལེན་རྒྱུ་ཡོད་ལ་ང་ཚོའི་སློབ་གྲྭ་ནས་མང་བ་ལེན་རྒྱུ་ཡོད་པ་ངས་ཞུ་ཐུབ། སློབ་གྲྭ་དེར་དབྱིན་ཡིག་རྩིས་པས་རྒྱ་གར་གྱི་སྐད་ཡིག་ཅིག་ནང་ཤེས་ཡོན་སྤྲོད་གཤའ་ལ། ཁྱེད་ཀྱི་མཚན་འབོད་ཞུས་པའི་ཤེས་དཀའི་སློབ་གྲྭ་ནང་བོད་སྐད་དུ་བསླབ་དགོས་ཡོད་སྟབས་ཁྱད་པར་དེ་རེད་བསམ། བྱས་ཙང་ཁོང་ཚོས་མཆོང་ས་ལ་ང་ཚོས་མཆོང་མ་ཐུབ་པ་དེ་རེད། མདོར་བསྡུས་ན་ལས་དོན་དེ་མིང་ཡོད་མིན་ལ་མ་བལྟོས་པར་ང་ཚོ་ཚང་མས་འགན་འཁུར་རེད་ལ་བྱང་ཐང་སྟོང་པའི་དཔེ་དེ་ཁྱེད་ཚོར་ཕུལ་ཡོད་དོ་དོ་དོ་དོ།
    བསམ་འཆར་འབུལ་རྒྱུ་དམངས་གཙོའི་ཁེ་དབང་རེད་ཀྱང་འབུལ་ལམ་བཟང་ན་གཉིས་ཕན་མཁས་པའི་ལམ་མ་རེད་པས། དོན་གཅོད་དགོས་པ་ལས་རྒྱག་གཏམ་དང་འདྲན་སེམས། བཞེད་སྡང་། འཁོན་འཛིན། དོན་ལས་སྤྱོད་ཡུལ་ལ་སྨོད་རྒྱུ་མངོན་བསྟོད་ན་ ཕན་རྒྱུ་ཕར་བཞག་ང་ལྟ་བུའི་བོད་ཡིག་ནང་ལན་འདེབས་ཞུས་པའི་ལས་འདི་ཡང་བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་ལས་ཞབས་འདྲེན་དུ་གྱུར་དུ་ཉེའོ།།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    ལུང་པ་མེད་པའི་མི་རིགས་ཞིག་ལ་ཟུར་དུ་ཤེས་ཡོན་སྲིད་ཇུས་དང་ཤེས་
    ཡོན་སློབ་གསོ་རྒྱུད་ནས་བག་ཆགས་ཆེན་པོ་འཇོག་རྒྱུ་ཡོད་མེད་མི་ཤེས་
    ཀྱང་གལ་ཆེ་ཤོས་དེ་ང་ཚོའི་འཛམ་གླིང་ལ་ཁ་ཕྱོགས་ནས་མི་མང་གི་འཚོ་
    བ་ལ་འགན་འཁུར་ཐུབ་པའི་འཛམ་གླིང་སྤྱི་དང་མཐུན་པའི་ཤེས་ཡོན་སློབ་
    གསོ་རྒྱུད་ནས་མི་མང་གི་འཚོ་བའི་མདུན་ལམ་ལ་ནུས་པ་ཐོན་པའི་ལེགས་
    སྐྱེས་འབུལ་དགོས་པ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་འགན་ཆེ་
    ཤོས་དེ་ཡིན་པ་ལས་མི་ཡུལ་དུ་མི་ལོ་དྲུག་བཅུ་རྫོགས་ནས་ད་དུང་ཤེས་ཡོན་
    སྲིད་ཇུས་དང་ཤེས་ཡོན་སྲིད་ཇུས་ཟེར་བའི་ཐ་སྙད་ལ་འགན་འཁུར་ནས་ད་དུང་
    དུས་ཚོད་སྐྱལ་ནས་མི་ཡུལ་དུ་སྡོད་རྒྱུ་ཨ་ཡིན།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    ང་ཚོ་རང་ཉིད་ལ་ས་ཆ་ལག་ཐིལ་ཙམ་ཡང་མེད་པར་མི་ཡུལ་དུ་
    སྐྱབས་བཅོལ་ནས་བསྡད་ཡོད་ན་སྐྱབས་བཅོལ་སྤྱི་ཚོགས་ཞིག་ལ་
    ཤེས་ཡིན་སྲིད་ཇུས་ཇི་ཙམ་ཡོད་ཀྱང་སྲིད་ཇུས་དེའི་འོག་ནས་ང་
    ཚོའི་མངོན་འདོད་དམ་དགོས་འདུན་ཇི་ཙམ་འགྲུབ་ཐུབ་བམ།

    Reply
  4. བསྟན་འཛིན་པདྨ། says:
    ལོ་ 6 སྔོན།

    རྡོ་སྦིས་ཟླ་བ་ཚེ་རིང་ལགས་ཀྱིས་སྤེལ་གནང་བའི་རྩོམ་ཡིག་ནས་ཁོང་གི་བོད་མི་རིགས་ཀྱི་སློབ་གསོའི་ཐོག་སེམས་འཚབ་དང་སེམས་ཤུགས། བོད་མི་རིགས་ལ་ཤ་ཚ་དང་བརྩེ་བ་ཡོད་པ་མངོན་གསལ་རེད་འདུག དེར་བརྟེན་ཟླ་བ་ཚེ་རིང་ལགས་ལ་རྩོམ་ཡིག་འདི་ཉིད་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་གསལ་བཤད་གཅིག་ཞུ་འདོད་པ་དེ་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ནི་གཞི་རིམ་གོང་མའི་འཛིན་རིམ་བཅུ་གཉིས་བར་གྱི་ཆེད་དུ་ཡིན་པ་དེ་དོན་དགོངས་འཇགས་ཡོང་བ་ཞུ། ཟླ་བ་ཚེ་རིང་ལགས་ལ་སླར་ཡང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    Reply
    • རྡོ་སྦིས། says:
      ལོ་ 6 སྔོན།

      བཀུར་འོས་ཀློག་མཁན་རྣམས་ལ་བཀའ་དྲིན་ཆེ་ཞུ་བ་དང་མཉམ་དུ་བསྟན་འཛིན་པདྨ་ལགས་ཀྱིས་གསུངས་པ་དེ་བདེན་པ་རང་ཡིན་པས་ཐུགས་རྗེ་ཆེ་ཞུ་འདོད་བྱུང། ཡིན་ནའང། སྒྲིག་གཞིའམ་ཡིག་ཆ་ཙམ་ཞིག་ཡོད་པ་ཙམ་གྱིས་གཞི་རིམ་ཤེས་ཡོན་སྲིད་ཇུས་འདི་གཞི་རིམ་གོང་མ་བར་དུ་ཡིན་བསམས་ན་ནི་ཁ་བཤད་ཆུའི་ཝུ་བའི་ཚུལ་དུ་སོང་འདུག་པས་ན་མེད་པ་དང་གཅིག་མཚུངས་རེད། ད་ལྟ་འུ་ཚང་གིས་ཤེས་ཡོན་སྲིད་ཇུས་འདི་ལག་ལེན་བསྟར་སའི་ས་ཆ་ནི་དཔེ་སྟོན་སློབ་གྲྭ་གཅིག་པོ་རེད། གནས་དེ་ན་འཛིན་རིམ་བརྒྱད་པ་བར་དུ་མ་གཏོགས་འཛིན་རིམ་བཅུ་གཉིས་བར་དུ་ཡོད་པའི་གཏམ་ཞིག་ཐོས་མྱོང་མེད། གཅིག་བྱས་ན། གུས་པ་ང་རང་མཐོང་རྒྱ་ཆུང་བའི་རྐྱེན་གྱིས་མཐོང་མེད་ཀྱང་སྲིད། གང་ལྟར་ངས་འདི་ནས་ཞུ་བཞིན་ཡོད་པ་ནི་ཤེས་ཡོན་སྲིད་ཇུས་ལག་ལེན་གྱི་ཐོག་ན་ཡོད་མེད་ཞུ་བཞིན་ཡོད་པ་མ་གཏོགས་ཡིག་ཆའི་སྒང་ན་ཡོད་མེད་མ་རེད། གལ་སྲིད་ཡོད་ན། ཚན་རྩིས་སྤྱི་གསུམ་གྱི་ཀློག་དེབ་གང་ཞིག་འཛིན་རིམ་བཅུ་གཉིས་བར་དུ་རང་སྐད་ཐོག་ཏུ་བསྒྱུར་ཡོད་དམ། དེ་བསྒྱུར་ནས་སློབ་གྲྭ་གང་ཞིག་གིས་ལག་ལེན་བསྟར་བཞིན་ཡོད་དམ།????????? གང་ལྟར་བསྟན་འཛིན་པདྨ་ལགས་ཀྱིས་གསལ་བཤད་གནང་བར་ངས་འདི་ནས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུའོ།།

      Reply
  5. kalsang dawa says:
    ལོ་ 6 སྔོན།

    ༄། ཤེས་ཡོན་སྲིད་ཇུས་གཞི་རིམ་གོང་མ་དང་མཐོ་རིམ་བར་བཟོ་དགོས་ཞེས་འབྲི་ཐུབ་པ་ཙམ་ལས་ཇི་ལྟར་བཟོ་དགོས་མིན་འབྲི་མ་ཤེས་པ་འདིའི་ཁྱོད་ཀྱི་རྩོམ་རྙོག་དེ་ལ་རིན་ཐང་ཇི་ཡང་མི་འདུག་གོ །

    Reply
  6. ལྷག་པ་དོན་གྲུབ། says:
    ལོ་ 6 སྔོན།

    རྩོམ་ཡིག་ཆ་ཚང་བཀླགས་པ་ཡིན། རྩོམ་ཉམས་ལས་བོད་མི་རིགས་དང་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་ལ་ཞེ་ཐག་པ་ནས་གཅེས་ཞེན་ཡོད་མཁན་ཞིག་དང་། བོད་མི་རིགས་ཀྱི་སོན་རྩ་ཞེས་བརྗོད་པ་ཙམ་མིན་པར་སོན་རྩ་གསོ་སྐྱོང་བྱེད་མཁན་ཤེས་ལྡན་མི་སྣ་ཞིག་གིས་ལྷག་བསམ་བཟང་པོས་བྲིས་པའི་བྲོ་བ་སྟེར། འབྲི་མཁན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  7. Lobsang Wangdu says:
    ལོ་ 6 སྔོན།

    ཆ་མ་ཚང་བའི་བཙན་བྱོལ་བོད་ཀྱི་ཤེས་ཡོན་སྲིད་ཇུས། ??? རྡོ་སྦིས་ཚེ་རིང་ལགས། ཅོ་ དཀོན་མཆོག་འགྲིག་ག ? Good ? Good ? Very Good བོད་ལ་ཡོད་པའི་བོད་མི་ཚོའི་་་ བོད་རྒྱལ་ཁབ་ཀྱི་འཐབ་རྩོད། བཙན་བྱོལ་ལ་ཡོད་པའི་སྐུ་ངོ་ ཨ་རི་དོན་གཅོད་རྐུབ་ཀྱག་གི་འཐབ་རྩོད། ✊ ???

    Reply
  8. ཁ་བའོ་ཕོ་ཉ། says:
    ལོ་ 6 སྔོན།

    བདེན་ནོ་བདེན་ནོ་ཤིན་ཏུ་བདེན།།

    Reply
  9. རྫ་ཆུ་བསིལ་མ། says:
    ལོ་ 6 སྔོན།

    ཡག་པོ་གསུངས་འདུག ངོ་མ་སྤྱི་ཚོགས་ཀྱི་གནས་བབ་རང་བཤད་ཡོད་འདུག བཀའ་དྲིན་ཆེ་རྒན་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese