མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་དང་དེས་བསྐྱེད་པའི་འདུ་ཤེས།

བོད་ཀྱི་དུས་བབ།
༢༠༡༩/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

སྒང་པ་དགེ་ལེགས།

ཆེས་སྤྱིར་བཏང་གི་རྒྱུན་ཤེས་ཤིག་སྟེ། ཉེས་པ་ཅན་ལ་ཉེས་པ་དང་བསྟུན་པའི་ཆད་ཞིག་འབབ་པ་དེ་རེད། ཆད་པ་དེ་ཡང་རྒྱལ་ཁབ་དང་སྒྲིག་འཛུགས་ཆེ་གེ་མོའི་བཅའ་ཁྲིམས་ཀྱིས་གཏན་འབེབ་བྱས་པའི་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཉེས་པའི་ལྗིད་ཚད་ལ་དཔག་ནས་ཆད་པ་འབེབ་པ་རེད། ཁྲིམས་ཀྱིས་སྐྱོང་བའི་མང་གཙོའི་རྒྱལ་ཁབ་ཅིག་ལ་མཚོན་ན་ཁྲིམས་ཡིག་གིས་རྒྱལ་ཁབ་དང་མི་མང་མཚོན་པ་ཡིན་ཏེ། ཁྲིམས་ཡིག་དེ་དག་ནི་མི་མང་གིས་འོས་འདེམས་བྱས་པའི་འཐུས་མི་ལྷན་ཚོགས་སམ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབ་བྱས་པ་ཞིག་རེད། དེས་ན་དེ་ལྟ་བུའི་ཁྲིམས་ཡིག་དང་ཁྲིམས་ཁང་གིས་ཆད་པ་བཅད་པ་ནི་རྒྱལ་ཁབ་དང་མི་མང་གིས་ཆད་པ་བཅད་པ་རང་རེད་ལ། དེ་དང་ལེན་མི་བྱེད་པ་ནི་ཚབ་ཆུང་ས་ནས་བཤད་ན་རང་གིས་རང་སྤྱི་ཚོགས་དེ་ནས་ཕུད་པ་རེད་ལ་ཚབ་ཆེ་ས་ནས་བཤད་ན་རྒྱལ་ཁབ་དང་མི་མང་ལ་བརྙས་བཅོས་བྱས་པའང་རེད། བཅའ་ཁྲིམས་ནི་སྤྱི་ཚོགས་དང་མི་སྒེར་རེ་རེའི་བདེ་འཇགས་སྲུང་མཁན་གྱི་སྲུང་མ་དེ་རེད་ལ་བདེན་པ་སྲུང་མཁན་གྱི་དཀོན་མཆོག་དེ་ཡང་རེད། ཅི་ལྟར་ཆོས་ལུགས་ཀྱིས་གདམས་པ་བཞིན་དཀོན་མཆོག་ལ་བློ་ལོག་པ་ནི་ལོག་ལྟ་ཡིན་ལ། ལོག་ལྟ་ནི་མཚམས་མེད་པའི་ལས་དག་ལས་ཀྱང་ཉེས་པ་ལྕི་བར་གསུངས་པ་བཞིན། མགོ་མཚུངས་ཀྱི་རིག་པ་ཞིག་གིས་བལྟས་ན་ཁྲིམས་ཡིག་དང་ཁྲིམས་ཁང་ལ་བརྙས་ཤིང་བསྡིག་པ་ནི་སྲིད་ལུགས་ཀྱི་ལྟ་ལོག་པ་སྟེ། མི་ཆོས་ཀྱི་ཉེས་པ་སྣ་ཚོགས་ལས་ཀྱང་འདི་ཉིད་ཉེས་པ་ཤིན་ཏུ་ནས་ལྕི་བའང་ཤེས་དགོས་པ་ཞིག་རེད།

སྤྱི་དམངས་རེ་རེ་ལ་རྒྱལ་ཁབ་དེའི་མི་སེར་གྱི་ཁེ་དབང་ཡོད་པ་ཅི་བཞིན་འགན་ཁུར་ཀྱང་ཡོད་པ་ཡིན་པས། ཁེ་དབང་ལེན་པ་ལས་འགན་ཁུར་མི་ལེན་པའི་རིགས་ནི་རྒྱལ་ཁབ་དེའི་མི་སེར་ཚད་ལྡན་ཞིག་མ་ཡིན་པར་ཁུར་བོ་དང་ལན་ཆགས་རེད། དེས་ན་ཁྲིམས་ཀྱིས་གནང་བའི་ཐོབ་ཐང་ལོངས་སུ་སྤྱད་པའི་དུས་མཚུངས་སུ་ཁྲིམས་ཀྱིས་བསྐུལ་བའི་འོས་འགན་རྣམས་ཀྱང་སྒྲུབ་དགོས་པ་ཡིན་ཏེ། མི་སྒེར་རེ་རེའི་འགན་ཁུར་གྱི་འདུ་ཤེས་ལས་རྒྱལ་ཁབ་ཅིག་གི་ཁྲིམས་སྐྱོང་དང་བདེ་འཇག་འགྲུབ་པ་ཡིན་ལ། དེས་མི་སྒེར་རེ་རེའི་འཚོ་བ་ལ་དྲང་བདེན་གྱི་རྨང་གཞི་ཞིག་ཀྱང་འདེངས་ཐུབ་པ་ཡིན།

ཉེ་ཆར་བྱུང་བའི་བཀའ་ཤག་དང་དོན་ཟུར་དབར་གྱི་རྙོག་གླེང་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅད་པའི་ཁྲུན་ཐག་གིས་གནས་ཚུལ་མང་པོ་ཞིག་ལྷང་ལ་ཕུད་ཡོད་ཅིང་། གནས་ཚུལ་དེ་དག་ནི་བདེན་རྫུན་བར་གྱི་འགལ་བ་ཞིག་ཡིན་པར་མ་ཟད་སྤྱི་སྒེར་བར་གྱི་དབྱེ་ཞིབ་ཞིག་ཀྱང་རེད་ཅེས་བཤད་ཆོག རྒྱུན་ཏུ་ནས་སྤྱི་བ་དང་སྒྲིག་འཛུགས་ལྕེ་ཡི་རྩེ་མོར་བསྐྱོན་ཏེ། གོམ་པ་གང་རེ་ལས་མ་སོང་ན་ཡང་། མི་གཅིག་རེ་ལས་མ་འཕྲད་ན་ཡང་། སྤྱི་བ་དང་ཆིག་སྒྲིལ་གྱི་སྐད་ཆ་རྐྱང་པ་བཤད་དེ་ཡིན་ཡིན་བདེན་བདེན་གྱི་རྣམ་འགྱུར་སྟོན་མཁན་འགའ་ཞིག་ནི་ཁྲུན་ཐག་འདིས་གཅེར་བུར་ཕུད་ཟིན་པ་དེ་ལྟ་ན་ཡང་། ཁྲིམས་ཀྱིས་འབུམ་རམས་པའི་ལག་འཁྱེར་ཅན་དེ་དག་གིས་ཆེས་ཐོག་མར་ཁྲིམས་ཁང་ནས་ཁས་ལེན་དམ་བཅའ་བྱས་པ་ཐ་དག་འཕོང་ཕྱིས་ཀྱི་རྡོ་བཞིན་དོར་སྟེ། སྤྱི་ཚོགས་ཁྲོད་རྙོག་ཟིང་སློང་བའི་སྐད་ཆ་གཡུག་ཐབས་ཁོ་ན་བྱས་ཤིང་། ཁྲིམས་ཀྱི་ལུགས་ལ་ཤིན་ཏུ་རྨོངས་པ་འགའ་ཞིག་གིས་སྤྱི་བའི་ཁྲིམས་ཁང་གི་ཆེ་མཐོང་ལས་སྒེར་གྱི་ལུང་ཚན་གྱི་མགོ་རྣ་ཁོ་ན་གཙུག་ཆེན་ཏུ་བཟུང་སྟེ་ཁྲིམས་ཁང་དང་ཁྲིམས་ཞིབ་པ་ལ་མི་ཡ་རབས་ཤིག་གིས་རང་གི་ཕ་གསོད་ཀྱི་དགྲ་ལའང་མི་བཀོལ་བའི་ཚིག་ངན་སྐྱུག་བྲོ་བ་མང་པོ་སྤྱད་དེ་སྤྱི་ཚོགས་དྲ་ལམ་ཁག་ཏུ་འགྲེམ་སྤེལ་བྱེད་བཞིན་འདུག་ཅིང་། དེ་ལས་ཀྱང་ཚབ་ཆེ་བ་ཞིག་ནི་ཞུ་སྦྱོར་བ་དང་ཁྲིམས་དཔོན་གྱི་སྲོག་ལ་ལག་འཇོག་རྒྱུ་ཡིན་པའི་འཇིགས་སྐུལ་ཀྱང་བྱས་འདུག

དེ་ལྟའི་ཡ་ང་ཞིང་ཡི་མུག་པའི་གནས་སྟངས་ཐ་དག་བཀའ་ཤག་གིས་བཤད་པའི་གཡོ་བྱུས་ཀྱི་གསལ་བསྒྲགས་དེ་དག་ལས་བྱུང་བ་ཡིན་ཞིང་བཀའ་ཤག་གིས་ཀྱང་འབྲས་བུ་དེ་འདྲ་ཞིག་ལ་དམིགས་ནས་ཁྲིམས་ཁང་སྒོ་འགྲམ་དང་བཀའ་ཤག་གི་ཁྱིམ་ཕུག་ནས་སྐད་ཆ་དེ་དག་བཤད་པ་རེད། བཀའ་ཤག་དང་དེའི་ཁྲིམས་རྩོད་པས་ཤེས་བཞིན་ཁྱད་གསོད་བྱས་པ་ལ་དེའི་རྗེས་འཇུག་པ་དག་གིས་མི་ཤེས་བཞིན་ཏུ་རྨོངས་འཇུག་བྱས། ད་ནི་སུས་ཀྱང་གནས་ལུགས་ལ་ཉན་མི་སྲིད་པར་ཡོད་ཚད་ས་ཁུལ་ཆུང་ཆུང་ཞིག་གི་ཞེན་ཁོག་སྐམ་པོའི་དབང་དུ་ཤོར་ཏེ། གནས་ལུགས་ལ་མི་རྟོན་གང་ཟག་ལ་རྟོན་པའི་ལུགས་ལྡོག་གི་ལྟ་བ་ངན་པས་ཡོངས་སུ་ཟིན་འདུག

ཁྲིམས་ནི་སྤྱི་ཚོགས་ཤིག་གི་བདེ་འཇགས་ཀྱི་སྲོག་ཤིང་ཡིན་པ་གང་ཞིག་ཁྲིམས་ལུགས་ཆེད་ལས་པ་ནི་ཁྲིམས་ཡིག་གཟུགས་ཅན་ཏུ་གྱུར་བའི་ཚབ་མཚོན་ལྟ་བུ་ཡིན་པས། ཁོང་ཅག་གིས་ནམ་ཡང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་འགན་འཁུར་དགོས་ཤིང་རང་ཉིད་ཀྱི་ཆེད་ལས་ལ་བརྩི་བཀུར་བྱེད་དགོས། ཁྲིམས་ལུགས་ཆེད་ལས་པའི་བསམ་བློའི་ལྗིད་ཚད་ཀྱི་ཐད་ནས་འུ་ཅག་གིས་རྒྱ་ནག་གི་ཁྲིམས་རྩོད་པ་འགའ་ཞིག་ལ་མིག་དཔེ་ལྟ་ཆོག་སྟེ། དཔེར་ན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཁྲིམས་རྩོད་པ་དང་སྐད་ཡིག་སྲུང་སྐྱོབས་པ་བཀྲ་ཤིས་དབང་ཕྱུག་གི་ཁྲིམས་རྩོད་པ། ད་དུང་ཉེ་ཆར་གྱི་ཨ་ཉ་སེང་སྒྲ་ཡི་ཁྲིམས་རྩོད་པ་ལྟ་བུ་རེད། ཁོ་ཅག་དྲང་བདེན་གྱི་དཔང་པོ་བྱས་ཏེ་རང་ཉིད་དང་ཤ་རུས་དང་ཡུལ་ཕྱོགས་སོགས་ཀྱི་འབྲེལ་བ་ཅི་ཡང་མེད་པའི་ཉམས་ཆུང་དག་གི་རྒྱབ་ཏུ་ལངས་ཤིང་། ཆེས་སྟོབས་ཤུགས་དང་གདུག་གཙུབ་ཆེ་བའི་ཁྲམ་ཇག་གི་སྲིད་གཞུང་ཞིག་ལ་ཁ་གཏད་བཅག་པ་རེད། དེས་དབང་གིས་དོ་བདག་ཞུ་སྦྱོར་བ་ཙམ་དུ་མ་ཟད་ཁྲིམས་རྩོད་པ་རང་ཉིད་ལའང་གྱོང་གུད་བློས་མི་བཟོད་པ་མང་པོ་འབྱུང་བཞིན་ཡོད་དེ། ཐ་ན་རང་གིས་ལུས་ཚེགས་དང་རྒྱུ་ཚེགས་ཡོད་ཚད་བཏང་སྟེ་ཐོབ་པའི་ཁྲིམས་རྩོད་པའི་ལག་འཁྱེར་དེ་ཡང་གཞུང་གིས་ཕྱིར་བསྡུ་བྱས། འདི་དག་གིས་ཅིའི་ཕྱིར་རང་གི་འཚོ་བ་དང་བདེ་འཇག་བློས་བཏང་བ་རེད་དམ། ཅིའི་ཕྱིར་རྒྱས་སྤྲོས་དང་བག་ཡང་གི་འཚོ་བ་བློས་བཏང་བ་རེད་དམ། དེ་ནི་གདོན་མི་ཟ་བར་རང་ཉིད་ཁྲིམས་རྩོད་པ་ཞིག་ཡིན་པའི་འགན་འཁྲིའི་འདུ་ཤེས་ཀྱིས་གཅུན་ཡོང་བ་རེད། ཁྲིམས་ལུགས་བློ་སྦྱོང་གི་ངེས་ཤེས་ཀྱིས་བཙིར་ཡོང་བ་རེད། ཁོང་ཅག་གིས་རང་གི་ཆེད་ལས་ལ་བཅང་བའི་ཡིད་ཆེས་དང་དད་པ་འདི་ལྟ་བུས་ད་གཟོད་ཁྲིམས་ལུགས་ཟེར་བ་འདི་ཡིག་ཐོག་ནས་ལག་ཐོག་ཏུ་འབེབ་ཐུབ་པ་ཡིན་གྱི། ཁྲིམས་ལུགས་ཆེད་ལས་པའི་ལག་འཁྱེར་ཙམ་གྱིས་ཁེ་ཕན་ནག་པོ་འགའ་ཞིག་བཙལ་ཐུབ་ན་ལས་གཞན་ཏུ་ཅི་ཞིག་ནུས། ཁྲིམས་ལ་མི་བརྩི་བའི་ཁྲིམས་ལུགས་འབུམ་རམས་པའི་ལག་འཁྱེར་ཅན་འདི་དག་ནི་ཆོས་ལུགས་ཀྱི་ཐ་སྙད་ཀྱིས་བཤད་ན་ཁྲིམས་ལུགས་ཀྱི་དམ་ཉམས་རེད་ལ་འཇིག་རྟེན་ལུགས་ཀྱིས་བཤད་ན་ཁྲིམས་ལུགས་ཀྱི་ཁྲམ་པ་རེད།

འོ་ན་ང་ཚོའི་ད་ལྟའི་བཀའ་ཤག་འདི་ཅི་ཞིག་རེད་དམ། ཅིའི་ཕྱིར་ང་ཚོའི་བཀའ་ཤག་དང་དེའི་ཁྲིམས་རྩོད་པས་ཁྲིམས་ཁང་དང་བཅའ་ཁྲིམས་ལ་གུས་བརྩི་མ་བྱས་པ་རེད་དམ། ཅིའི་ཕྱིར་དྲང་བདེན་དང་གནས་ལུགས་ལ་རྟོན་པའི་བློ་མིག་མེད་སོང་བ་རེད་དམ། ཅིའི་ཕྱིར་ཁྲིམས་ཁང་ལ་གདན་དྲངས་ཤིང་ཁྲིམས་ཁང་ལ་མ་བརྩིས་པ་རེད་དམ། དྲི་བ་འདི་དག་གི་ལན་སུས་ཀྱང་ཤེས་ན་ཡང་ཀུན་ལ་འདྲི་དགོས་པ་ཞིག་རེད།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 0

  1. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་ says:
    ལོ་ 6 སྔོན།

    དྲི་ལེན་། ད་ལྟའི་ང་ཚོའི་བཀའ་ཤག་གམ་གཞུང་འདི་ནི་༧གོང་ས་མཆོག་གི་དབུ་འཁྲིད་ལམ་སྟོན་འོག་ཤར་བསྐྱོད་དང་གཞིས་བྱེས་བོད་མི་ཡོངས་ཀྱིས་ཡིད་མཆེས་གུས་བརྩི་ཞུ་ས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་རེད་།
    འཛམ་གླིང་འདིའི་ནང་མི་སྒེར་ཞིག་གིས་གཞུང་ལ་ཁ་མཆུ་གཙུག་པ་དང་གཞུང་དེའི་ཁྲིམས་ཁང་ནས་ཁ་མཆུ་ངོས་ལེན་ཐོག་མི་སྒེར་དེ་ལ་རྒྱལ་ཁ་སྤྲད་པ་བྱུང་མྱོང་མེད་ལ་སྲིད་ཀྱི་ཡང་མ་རེད་།
    ང་ཚོ་བོད་པའི་སྤྱི་ཚོགས་གནས་ཚུལ་དེ་འདྲ་བྱུང་ནས་སྤྱི་ཚོགས་ནང་ཧ་ཅང་གི་ཐབས་སྡུག་དང་མཐའ་ཤལ་གྱི་གནས་སྟངས་ཆེད་དུ་བཟོས་པ་ལྟར་དེ་བཞིན་ཆགས་ནས་ཁ་མཆུ་ཨང་ ༢༠ ཟེར་བ་དེས་བཟོས་བཟོས་ང་ཚོ་བོད་ཀྱི་རྒྱལ་རབས་ལོ་སྒྱུས་ནང་བྱུང་མ་མྱོང་བ་ཞིག་རེད་།
    ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལ་བདེན་པ་གཏིལ་འབྲུ་ཙམ་ཡང་མེད་མོད་ཀྱང་བདེན་པ་བདེན་ཀྱང་བཟོས་པ་མ་ཟད་དགོས་འདུན་ཇི་སྟོན་མ་ལུས་པར་ཆ་ཚང་དཔྱད་ཁྲའི་ནང་གསལ་པོ་བཀོད་ཡོད་པ་རེད་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བདེན་པ་གཅིག་ཀྱང་མེད་པ་བཟོས་པ་མ་ཟད་ཁུངས་སྐྱེལ་ཡིག་ཆ་ཁག་དང་དཔང་པོ་ཚང་མ་རྩིས་མེད་བཏང་སྟེ་ཐག་གཅོད་བྱས་པ་འདི་ནི་ཆེ་མཐོའི་ཁྲིམས་ཞིབ་ཁང་ལ་ཆེ་མཐོང་ལོས་ཡོད་འོན་ཀྱང་ཁྲིམས་ཐག་གཅད་མཁན་གང་ཟག་མི་ཡིན་པའི་ཆ་ནས་ནོར་འཕྲུལ་ཡོངས་སྲིད་པ་ལྟར་གནས་ཚུལ་འདི་རང་གིས་གསལ་པོ་ཤེས་ངེས་རེད་། ཁ་མཆུ་ཨང་ ༢༠ ཟེར་བ་འདིས་དགྲ་དགའ་གཉེན་སྡུག་དང་དགྲ་བོ་རྒྱ་དམར་གྱི་དགོས་འདུན་ཆེན་པོ་བསྒྲུབ་པ་ལྟར་འགྲུབ་ཡོད་པ་མ་ཟད་རྒྱལ་གཅེས་ལྷག་བསམ་ལྡན་བོད་མི་རྒྱ་ཆ་ ༩༠ ལྷག་ཀྱི་སེམས་ནང་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་པ་ལྟར་གནས་སྟངས་འདིས་ཁ་ཕྱོགས་གང་ཞིག་འགྱུར་མིན་བརྗོད་དཀའ་ཡང་ད་ལྟའི་བྱ་རིམ་ལ་བལྟས་ན་ཉིན་རེ་བཞིན་སྡུག་དུ་འགྲོ་གི་ཡོད་པའི་ཚོར་སྣང་དང་སེམས་འཚབས་ཆེན་པོ་འདུག་།

    Reply
  2. འཚུབ་ཐེལ། says:
    ལོ་ 6 སྔོན།

    བཅད་ཁྲའི་ནང་དོན་ལ་ལྟ་མི་ཤེས་པའི་ཞེན་ཁོག་རིང་ལུགས་པ་འགའ་ཞིག་གིས་སྐད་ཅོར་རྒྱག་རྒྱུ་ལས་རྒྱུ་མཚན་ལ་ཉན་མི་ཤེས་ལ་བཤད་དེ་བས་ཀྱང་མི་ཤེས། གལ་སྲིད་ཁྲིམས་ཁང་གིས་མ་དྲང་བ་བྱས་ཡོད་ན་བློ་གྲགས་ཁྲིམས་ཁང་གིས་གསལ་བཤད་བྱེད་པར་འབོད་འགུག་གནང་སྐབས་བཅར་དགོས་པ་རེད། ཁོ་བཅར་མ་ཐུབ་པ་དེས་ཁྲིམས་ཁང་གི་བཅད་ཁྲ་དྲང་བདེན་ཡིན་པ་གསལ་སྟོན་བྱས་ཚར་བ་རེད། ད་ཞེན་ཁོག་རིང་ལུགས་པ་ཚོས་སྡིག་པ་མིག་བཙུམ་དང་ཤེས་བཞིན་དུག་འཐུང་བྱེད་རྒྱུ་ལས་ཅི་ཡོད།

    Reply
  3. བསྟན་པ་ལེགས་ཚོགས། says:
    ལོ་ 6 སྔོན།

    ༄༄།།། ང་ཚོ་བོད་རིགས་རྣམས་ཆོས་ཕྱོགས་ནས་ལྟས་ན་ད ལྟའི་མི་རབས་རྣམས་ལས་དགས་པའི་སེམས་ལྡན་ཞིག་ཡིན་པ་མ་ཟད་༧གོངས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པའི་ཕྲིན་ལས་ལ་རྟེན་ཏེ་འདི་ཕྱིའི་ལེགས་ཚོགས་སྔར་ནས་མ་བྱུང་བ་ཞིག་ང་ཚོས་ལོང་སྤྱོད་ཐུབ་འདི་ང་ཚོའིསྤྱི་མཐུན་གྱི་ལས་བཟང་པོ་ཡིན་པ་ཚང་མས་མཁྱེ་ན་དང་མཁྱེན་ཡིན་ནའང་ ང་ཚོའི་ཆབས་སྲིད་ཐོག་སངས་རྒྱས་ལ་འདྲེན་པའི་ལྕགས་ཁྱུ་ཡོད་ཀྱང་སེམས་ཅན་ལ་དེ་འཁོན་པའི་ཨ་ལོང་མེད་པ་ལྟར་༧གོང་ས་མཆོག་གི་ང་ཚོར་ལོ་མང་སྐུ་ངལ་འཛེམས་མེད་ཀྱིས་མ་འོང་བོད་མིའི་སྤྱི་ཚོགས་འདི་མང་གཙོའི་ལམ་སྲོལ་ཡང་དགས་པ་ཞིག་ལ་འགྲོ་ཐུབཔར་ཁོང་གི་སྐུ་དབང་རྣམས་མི་མང་གིས་འདེམ་པའི་སྲིད་སྐྱོང་ལ་བརྩལ་རུང་བོད་མིའི་བསོད་ནམས་ཀྱི་མ་ཁྱོགས་པའམ་ནང་ཁུལ་མདོགརྩ་གཅིག་སྒྲིལ་མེད་པ་དང་ ལྷག་པར་དབུ་ཁྲིད་རྣམས་པས་ལྷག་བསམ་དང་བབས་ལྷིང་བརྟན་གསུམ་མེད་པ་སོགས་མདོར་ན་ཞལ་ནས་ག་རེ་གསུང་གིས་ཡོད་རུང་དོན་དུ་༧གོང་ས་མཆོག་གི་དགོང་གཞི་སྒྲུབས་པ་དང་རང་རེའི་མང་གཙོའི་སྒྲིགས་ཚུགས་འདི་སྲ་བརྷན་ཡོང་ཐབ་ཀྱི་དགོང་པ་ཞེས་མ་ཐུབ་པ་ལ་རྟེན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ལ་རྩིས་འཁུར་མ་གནང་བ་འདིས་བོད་མིའི་ཆབས་སྲིད་ཉམས་དམས་སུ་འག྄ོ་བ་མ་ཟད་ མ་འོང་པར་རང་རེའི་རྐ་བ་གསུམ་ལྡན་གྱི་མང་གཙོ་འདི་ཁྲིམས་ཀྱི་དབང་ཚད་མེད་པ་ཆགས་ན་༧གོང་ས་སྐྱབས་མགོན་པོ་ཧ་ཅང་ཐུགས་ཕམ་ཡོང་བ་དང་ དེབཞིན་འཛམ་གླིང་ནང་ང་ཚོའི་མང་གཙོ་འདི་ལ་ལྟ་སྟངས་ག་འདྲ་ཞིག་ཆགས་མིན་ཆ་མ་རྟོགས་ན་གཙོ་བོ་བོད་མིའི་སྒྲིགས་ཚུགས་ཀྱི་དབུས་བོད་མི་ཡོད་དོ་ཅོག་ནས་ཆོལ་ཁ་དང་ཆོས་ལུགས་ལུང་ཚན་སོགས་ཀྱིས་ལང་ཕྱོགས་དོར་ཏེ་ཚང་མས་རྩ་ཁྲིམས་རིན་པོ་ཆེ་ངེས་པར་སྲུང་རྩིས་ཞུ་དགོས་པ་མཐོང་།།

    Reply
  4. Cchogyur says:
    ལོ་ 6 སྔོན།

    དྲི་ལན་། དྲང་བདེན་མེད་པའི་རྒྱ་ནག་གུང་གིས་ཁྲིམས་དཔོན་བཅད་ཁྲ་འཚུངས་། དོན་གཅོད་གནས་དབྱུག་ཕོག་མཁན་སྤེན་ཚེ་གི་བོད་ཁྲིམས་ཞིབ་ཁང་ལ་གང་ལབ་ངོས་བཞེས་དང་། བོད་འཛིན་སྐྱོང་བཀའ་ཤག་གི་ཁྲིམས་རྩོད་པའི་ཁྲིམས་ཐོག་ནས་དཔང་མི་དང་དཔང་ཡིག་ཚང་མ་སྤེན་ཚེ་གིས་འདོད་བློ་བཞིན་བཅད་ཁྲ་བཏང་ཟིན། ཉེ་འཆར་སྤེན་ཚེ་གི་ཁྲིམས་དཔོན་ལ་བཀའ་བཏང་ནས་། བློ་གྲགས་གི་ཁྱད་གསོད་ནག་ཉེས་བཀོད་དགོས་སྙན་ཞུ་ཞེས་དང་་་ཁྱབ་སྒྲགས་གི་ངོ་གདོན་ལ་བལྟ་སྐབས་སྤེན་ཚེ་གི་བཀའ་ཡིག་ཅིག་ཁྲིམས་དཔོན་འབྱོར་དེ་དེ་བཞིན་ནོ་བཅད་ཁྲ་། བློ་གྲགས་ལག་འཁྱེར་ནུས་མེད་ཡིན་ཞེས་པ་ནི་རྒྱ་ནག་གུང་ཁྲན་བྱས་ལས་རང་རེད་། ངོས་ལས་བྱེད་ཐབས་བྲལ་བ་རེད་དོ།

    Reply
  5. Tashi says:
    ལོ་ 6 སྔོན།

    ཁྲིམ་ཁྲིམ་དཔོན་གྱི་ནོར་ན་ཁྲིམ་ལོག་བཅད་དགོས་ཟེརབ་་བཞིན་་་ཡང་སྐྱར་རྒྱ་གར་གི་ཁྲིམ་ཁང་ནང་ཁྲིམ་ཞིབ་བྱེད་དགོས་རེད་་་བཀའ་བརྒྱུ་དོན་འགྲུབ་ཁྲིམ་བཏུག་བྱེད་དགོས་རེད་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese