མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བཏོན་པའི་བསམ་འཆར་འགའ།

བོད་ཀྱི་དུས་བབ།
༢༠༢༠/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

ལ་མོ་ཚུལ་ཁྲིམས།

ད་ཡོད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་ནི་བོད་ཀྱི་ལོ་རྒྱུས་ལྡན་པའི་རྩ་ཁྲིམས (constitution) ཐོག་མ་དེ་ཡིན་ཞེས་བཤད་ན་མ་ཆོག་པ་མེད། རྩ་ཁྲིམས་འདི་ནི་ང་དགུ་ལོར་བོད་པ་ཁག་ཅིག་བཙན་བྱོལ་དུ་འབྱོར་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག གསར་ཏུ་ཡི་གེར་བཀོད་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་རེད། རྩ་ཁྲིམས་འདིའི་དམིགས་ཡུལ་ཡང་འཛམ་གླིང་སྟེང་གི་རྒྱལ་ཁབ་ཁག་གི་རྩ་ཁྲིམས་གཞན་རྣམས་དང་འདྲ་བར་རང་གི་རྒྱལ་ཁབ་ཀྱི་ཁེ་དབང་སྲུང་སྐྱོབ་དང་། སྤྱི་ཚོགས་ཀྱི་ཆབ་དཔལ་རིག་གསུམ་གོང་འཕེལ། མི་སེར་ཡོངས་རྫོགས་མཉམ་གནས་ཐུབ་པའི་དགོས་མཁོ་བཅས་ཀྱི་ཐོག་ནས་གཏན་ལ་ཕབ་ཅིང་ཡིག་གེར་བཀོད་པ་ཞིག་ཡིན། རེད་དེ། རྩ་ཁྲིམས་འདི་སྤྱི་ལོ་ ༡༩༦༣ ལོར་གསར་བཟོ་བྱས་ཤིང་ ༡༩༩༢ ལོར་བཟོ་བཅོས་ཅུང་ཟད་བྱས་པ་ལས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་བསྐྱར་བཅོས་དེ་ཙམ་བྱེད་ཐུབ་མེད། དེ་ལྟར་བསྐྱར་བཅོས་བྱེད་མ་ཐུབ་པ་འདིས་རྩ་ཁྲིམས་འདི་ལ་དེ་ཙམ་གྱིས་ནུས་ཤུགས་ཡོད་པ་ཞིག་ཏུ་ཆགས་ཐུབ་མེད། ལྷག་པར་དུ་ཁྲིམས་ཡིག་ཏུ ༧གོང་ས་མཆོག་གི་སྐུ་དབང་དང་ཁོང་གི་མཚན་མཐོང་ལ་ཁ་གསལ་མེད་པ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་དབང་ཤུགས་དང་གྲུབ་ཆ་ལ་དོ་མི་སྙོམ་ཞིང་། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལ་གྲྭ་བཙུན་རྣམས་དངོས་སུ་ཆབ་སྲིད་ཀྱི་སྡིངས་ཆའི་སྒང་ཞུགས་དགོས་པའི་ལམ་ལུགས་འདིས། ལོ་རྒྱུས་ལྡན་པའི་རྩ་ཁྲིམས་འདིའི་ནུས་བ་ལ་ཚོད་འཛིན་བྱེད་ཅིང་དེའི་མཚན་ཉིད་ལ་ཕོག་ཐུག་གཏོང་བཞིན་ཡོད་པ་གསལ་བོ་རེད། དེ་བས། རྩ་ཁྲིམས་འདི་ཉིད་མིང་དོན་མཚུངས་བའི་ཁྲིམས་ཀྱི་ནུས་པ་ལྡན་པ་ཞིག་ཏུ་ཆགས་པ་ལ་ཉུང་མཐར་ཡང་གནད་དོན་འདི་རིགས་ངེས་པར་དུ་ཐག་གཅོད་བྱེད་དགོས་པར་འདོད།

དང་པོ། ༧གོང་ས་མཆོག་གི་སྐུ་དབང་སྲུང་སྐྱོབ།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་༧གོང་ས་མཆོག་གི་སྐུ་དབང་དང་ཁོང་གི་མཚན་གནས་རྗེས་འབྲེལ་ལ་སྲུང་སྐྱོབ་བྱེད་ཐུབ་པའི་ནུས་པ་དེ་ཙམ་གྱིས་འདེང་ངེས་མེད། དཔེར་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས། ཞེས་པའི་ནང་། བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང༌། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན།

ཚང་མས་ཤེས་རྒྱུ་ཞིག་ལ། རྩ་ཁྲིམས་ནི་མི་ཐོག་གཅིག་གི་སྐད་ཆ་རང་མིན་པར་མི་རབས་མང་པོའི་ཁྲིམས་ཡིག་ཅིག་ཡིན་པ་དང་། ༧གོང་ས་མཆོག་ཀྱང་བོད་གངས་ཅན་མི་རིགས་རིག་གཞུང་དང་བཅས་པ་གོ་ལ་འདིར་ཇི་སྲིད་གནས་པ་དེ་སྲིད་དུ་ཁོང་ཉིད་སྐུ་ཕྲེང་རིམ་བྱོན་ཕེབས་རྒྱུ་ཡིན་པར་ཐེ་ཚོམ་མེད་པས། ང་ཚོས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ཞེས་སྐུ་ཕྲེང་གཅིག་པོ་མ་ཡིན་པར་ཕུགས་རྒྱང་རིང་པོར་དགོངས་བཞེས་ཀྱིས་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་ན་རིམ་ཞེས་མ་འོངས་ཕེབས་རྒྱུ་ཡོད་པའི་སྐུ་ཕྲེང་རིམ་བྱོན་དག་ཀྱང་རྩ་ཁྲིམས་འདིར་བཀོད་ན་དགེ་མཚན་ཆེ་བར་མཐོང་ལ། དེ་དང་མཉམ་དུ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་ན་རིམ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང༌། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན། ཞེས་འཁོད་ན་དོན་ལ་གནས་པ་ཞིག་རེད་བསམ།

གཉིས་པ། ༧གོང་ས་མཆོག་གི་མཚན་གནས་སྲུང་སྐྱོབ།

སྐུ་ཚབ་དོན་གཅོད་ཁག་གི་མཚན་བྱང་ལ་ ༧གོང་ས་མཆོག་གི་མཚན་གནས་བསྩལ་ཚར་རྗེས་དེ་ལ་དགའ་ལྡན་ཕོ་བྲང་གིས་སྟངས་འཛིན་བྱེད་ཐུབ་ན་ཡག་པོ་ཡོད་ཀྱི་རེད་བསམ། དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས། ༣ ནང་།  བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཆེད་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང༌། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང༌། བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ་ྋགོང་སྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ་བཅས་ཞེས་སྐུ་ཚབ་དོན་གཅོད་ཁག་ལ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་སྩོལ་རྒྱུ་དང་། མཚན་གནས་བསྩལ་ཚར་རྗེས། སྐུ་ཚབ་དོན་གཅོད་ཀྱི་ལས་དོན་བྱེད་ཕྱོགས་ལ་དགའ་ལྡན་ཕོ་བྲང་གིས་ཇུས་གཏོགས་མི་བྱེད་པར། ཚང་མ་བཀའ་ཤག་དང་ཡང་ན་མཚན་གནས་ཐོབ་མཁན་དེའི་བཀོད་པ་ཇི་ལྟ་བུ་བཞིན་འགྲོ་གིན་ཡོད་པ་ལྟར་སྣང་། ཡང་གཅིག་བཤད་ན་ ༧གོང་ས་མཆོག་གི་མཚན་གནས་གཡོར་མཁན་དང་མཚན་གནས་བེད་སྤྱོད་གཏོང་མཁན་གཉིས་ཀྱི་བར་ན་ཁ་གསལ་གྱི་གན་རྒྱ་གསལ་པོ་ཞིག་མེད་པས། སྐབས་སྐབས་སུ༧གོང་ས་མཆོག་གི་མཚན་གནས་བེད་སྤྱོད་གཏོང་མཁན་དེ་དག་གིས ༧གོང་ས་མཆོག་གི་མཚན་གནས་ལ་བར་ཆད་བཟོ་གིན་ཡོད་པ་ལྟར་འདུག དཔེར་ན། བསྟན་འཛིན་དོན་ལྡན་གྱི་རྙོག་གླེང་དང་བཙན་བྱོལ་ནང་གི་སྐད་གྲགས་ཅན་གྱི་ཁ་མཆུ་ཨང ༢༠པ་དེ་དག་ཚང་མ། ༧གོང་ས་མཆོག་གི་མཚན་གནས་བེད་སྤྱོད་གཏོང་སྟངས་ཁ་གསལ་མེད་པ་ཞིག་ལས་ཡོང་བ་ཡིན་པར་འདོད། དེའི་ཕྱིར་སུ་ཞིག་གིས༧གོང་ས་མཆོག་གི་མཚན་གནས་གཡོར་བ་དང་བེད་སྤྱོད་གཏོང་བ་ལ་དགའ་ལྡན་ཕོ་བྲང་ནས་ཁ་གསལ་གྱི་གན་རྒྱ་གསལ་པོ་ཞིག་ངེས་པར་དུ་འཇོག་དགོས་བར་འདུག་སྙམ།

གསུམ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ནུས་པ།

སྤྱི་འཐུས་ལྷན་ཚོགས་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་ནུས་པ་གཙོ་བོར་སྟོན་པའི་མ་ལག་གཙོ་བོ་དེ་ཡིན། བོད་མིའི་སྒྲིགས་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་མཐའ་དག་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབས་པའི་སྒྲིག་གཞི་རྣམས་གཞི་ལ་བཞག་ནས་སྒྲུབ་བཞིན་ཡོད། དེ་བས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་ཉིད་ཚགས་ཚུད་པོ་དང་དྲང་བདེན་ཅན་ཞིག་ཏུ་འགྱུར་རྒྱུ་དེ། བཙན་བྱོལ་བོད་མིའི་ཡར་རྒྱས་གོང་འཕེལ་དང་། རྡོག་རྩ་གཅིག་སྒྲིལ་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན། དཔེར་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་སུམ་ཅུ་པའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས། སྒྲིག་འཛུགས་ཀྱི་ལས་དོན་ཐམས་ཅད་སྲིད་སྐྱོང་གི་མིང་ཐོག་ནས་བྱ་རྒྱུ་དང༌། འཛིན་སྐྱོང་གི་ལས་དོན་བྱེད་བདེ་དང༌། ལས་དོན་ཐག་གཅོད་བྱེད་ཕྱོགས། སྲིད་སྐྱོང་དང༌། བཀའ་བློན་རྣམས་ཀྱིས་བཀའ་ཤག་དང༌། རང་འཁྲིའི་ལས་ཁུངས་ཀྱི་ལས་འགན་བྱེད་ཕྱོགས་བཅས་ཀྱི་སྐོར་ལ་བཀའ་ཤག་ནས་སྒྲིག་གཞི་ཞིབ་གསལ་བཀོད་དེ་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ལྟར་རྩ་འཛིན་བྱ་རྒྱུ། ཞེས་བཀའ་ཤག་གིས་སྤྱི་འཐུས་ཀྱི་མཛུབ་སྟོན་ལྟར་ལས་དོན་སྒྲུབ་རྒྱུ་དང་། དེ་བཞིན་ཏུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་སོ་དྲུག་པ།   ཁྲིམས་བཟོའི་དབང་ཆ། ཁྲིམས་ལུགས་བཟོ་འགོད་དང༌། གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང༌། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅའ་བ་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས། ཞེས་སྤྱི་འཐུས་ལྷན་ཚོགས་ཀྱི་དབང་ཆ་ནི་ཀུན་ལས་ཀྱང་མཐོ་བར་བསྟན་ཅིང་། བཀའ་ཤག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁག་གིས་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་སྒྲིག་གང་ཞིག་གཏན་འབེབས་བྱས་པ་དེ་གཞི་ལ་བཞག་ནས་ལས་དོན་སྒྲུབ་དགོས་ཤིང་། སྤྱི་འཐུས་ལྷན་ཚོགས་ནི་བཅའ་ཁྲིམས་བཟོ་མཁན་དང་། དེ་ལ་སྟངས་འཛིན་བྱེད་མཁན་བོད་མིའི་སྒྲིག་འཛུགས་ཀྱི་གོང་ན་མེད་པའི་ལས་ཁུངས་དེ་ཡིན་པ་གསལ་བོར་བསྟན་ཡོད།

བཞི་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ།

གོང་དུ་བསྟན་པ་བཞིན་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་དབང་ཤུགས་ནི་བཙན་བྱོལ་སྒྲིག་འཛུགས་ནང་གི་དབང་ཤུགས་ཆེས་ཆེ་ཤོས་དེ་ཡིན་ཞིང་། སྤྱི་འཐུས་ཀྱི་དབང་ཤུགས་ནི་འོས་ཤོག་ལ་བརྟེན་ནས་འགྲོ་གིན་ཡོད་ཙང་འོས་ཤོག་གི་ཡོང་ཁུངས་ནི་དེ་བས་ཀྱང་གལ་ཆེན་པོ་ཡིན། ཡིན་ནའང་། ལྷན་ཚོགས་འདིའི་འཐུས་མིའི་གྲུབ་ཆ་ནི་འཛམ་གླིང་གི་ཡུལ་གྲུ་གང་དང་ཡང་མི་མཐུན་པའི་ཡ་མ་ཟུང་གི་འགྲོ་ལུགས་ཤིག་ཏུ་གྱུར་ཡོད། དཔེར་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་སོ་བདུན་པ།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གཤམ་གསལ།

༡          ཀ         བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ།

ཁ།        རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།

ག         བྱང་ཨ་རི་དང་། ལྷོ་ཨ་རི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས།

ང་།       ཡོ་རོབ་དང་། ཨ་ཕི་རི་ཀའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས།

ཅ།        རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤ་ཡ་དང་ཨོ་སེ་ཀྲེ་ལེ་ཡའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག

༢    གོང་གསལ་ ༡ ནང་གསལ་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེའི་ནང་ནས་ཉུང་མཐར་བུད་མེད་གཉིས་རེ་དགོས་པ་ཡིན།

༣   སྤྱི་འཐུས་ལྷན་ཚོགས་ཀྱིས་དགོས་གལ་གཟིགས་མཚམས་ས་ཁུལ་གྱི་སྤྱི་འཐུས་ས་ཁོངས་སྤར་འཐུས།

འདི་ལས་ང་ཚོས་ཤེས་པ་ནི། བོད་མི་མང་ཀྱི་སྤྱི་འཐུས་དེ་ཆོལ་ཁ་དང་ཆོས་ལུགས། ས་གནས་བཅས་ཀྱི་མི་འབོར་རྣམས་གཞི་ལ་བཞག་ནས་ཡོང་གིན་ཡོད་པ་ལྟར་སྣང་། དེ་ལ་ཆོལ་ཁ་རེ་ནས་སྤྱི་འཐུས་མི་བཅུ་རེ་དང་བཅས་པ་བསྡོམས་པས་སྤྱི་འཐུས ༣༠ དང་། ཆོས་ལུགས་ཁག་ལྔ་ནས་མི་གཉིས་རེ་བསྡོམས་པས་སྤྱི་འཐུས་ ༡༠ ། བྱང་ཨ་རི་དང་ཡོ་རོབ་ནས་འཐུས་མི་ ༤། ཨོ་གླིང་ནས་འཐུས་མི་ ༡ བཅས་ཁྱོམས་བསྡོམས་འཐུས་མི་བཞི་ཅུ་ཞེ་ལྔ་ཡོད་པ་རེད།

ལམ་ལུགས་འདི་ནི་ ༡༩༦༣ ལོར་འགོ་བཙུགས་པ་ནས་ད་ལྟའི་བར་འགྱུར་བ་བཏང་མེད། དེ་དུས་བོད་པ་རྣམས་མང་ཆེ་བ་རྒྱ་གར་དུ་འདུས་སྡོད་བྱེད་གིན་ཡོད། ཡིན་ནའང་རིམ་བཞིན་བོད་པ་རྣམས་ནུབ་ཕྱོགས་སུ་གནས་སྤོར་གྱིས་ད་ལྟ་བོད་མི་ཕྱེད་ཀ་ཙམ་ནུབ་ཕྱོགས་སུ་འདུས་ཡོད། ནུབ་ཕྱོགས་སུ་བོད་པ་ཅི་ཙམ་མང་དུ་སྤོས་ནའང་སྤྱི་འཐུས་འོས་མི་སྔོན་བཞིན་འཐུས་མི་ལྔ་ ༥ ལས་ཡོད་མི་ཆོག སྤྱི་འཐུས་འོས་མི་༤༠ དེ་ད་དུང་རྒྱ་གར་ནང་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

སྤྱིར་ཕྱི་ཕྱོགས་སུ་བོད་པ་མི་འབོར་ ༡༣༠༠༠༠ ལས་ཡོད་ས་མི་འདུག དེའི་ནང་ནས་རྒྱ་བལ་འབྲུག་གསུམ་ལ་མི་འབོར་ ༧༣༠༠༠ ཡོད་པ་དང་། ཨ་རི་དང་ཁེ་ན་ཊ་ན་མི་འབོར་ ༣༡༠༠༠། ཡོ་རོབ་ན་ཁྲི་ ༡༨༠༠༠ ། ཨོ་གླིང་ན་མི་འབོར་༣༠༠༠ བཅས་བསྡོམས་ན་ནུབ་ཕྱོགས་སུ་བོད་པའི་མི་འབོར་ ༥༢༠༠༠ ཡོད་ཚོད་འདུག

སྤྱི་འཐུས་ཀྱི་འོས་ཤོག་ཡོང་སྟངས་ལ་ལྟོས་ན་རྒྱ་བལ་འབྲུག་གསུམ་དུ་མི་འབོར་༧༣༠༠༠ ཡོད་པ་ནས་སྤྱི་འཐུས ༤༠ ཡོང་ཆོག་གིན་ཡོད་པ་དང་། ནུབ་ཕྱོགས་སུ་མི་འབོར་ ༥༢༠༠༠ ཡོད་པ་ནས་སྤྱི་འཐུས་ ༥ མ་གཏོགས་ཡོང་ཆོག་གིན་ཡོད་པ་མ་རེད། གསལ་བོར་བཤད་ན། རྒྱ་བལ་འབྲུག་གསུམ་ལ་སྤྱི་འཐུས་ ༤༠ དང་། ནུབ་ཕྱོགས་སུ་སྤྱི་འཐུས་༥ བཅས་ཡོང་གིན་ཡོད། དེ་ནི་བརྒྱ་ཆའི་གྲངས་སུ་བཀུག་ན 40/45=%88 དང་ 5/45=%11 འདི་འདྲ་ཞིག་ཡིན། མི་འབོར་ཧ་ལམ་མང་ཉུང་མེད་ནའང་སྤྱི་འཐུས་ཡོང་སྟངས་ལ་རྒྱ་ཆ་བདུན་ཅུ་དོན་བདུན་གྱི་འདི་འདྲའི་ཁྱད་པར་ཆེན་པོ་ཡོད། དེ་ལས་ཀྱང་ཡ་མཚན་པ་ཞིག་ལ་ཆོས་བརྒྱུད་ཁག་ལྔ་ཙམ་གཏན་འབེབས་བྱས་ཤིང་ཆོས་བརྒྱུད་ཀྱི་སྤྱི་འཐུས་དེ་དག་ལ་གྲྭ་བཙུན་གྱིས་མ་གཏོགས་འོས་ཤོག་འཕེན་མི་ཆོག་པ་མ་ཟད། གྲྭ་བཙུན་ཚོས་ཆོལ་ཁ་དང་ས་གནས་ཀྱི་འོས་ཤོག་ཀྱང་འཕེན་ཆོག་པ་ཡིན། ཡང་གཅིག་བཤད་ན་སྐྱ་བོ་ཚོས་འོས་ཤོག་གཅིག་མ་གཏོགས་འཕེན་མི་ཆོག་ལ། གྲྭ་བ་དང་ཨ་ནེ་ཚོས་འོས་ཤོག་གཉིས་རེ་འཕེན་ཆོག་པ་ཡིན། ལུགས་སྲོལ་འདི་འདྲ་ཞིག་འཛམ་གླིང་གི་ཡུལ་གྲུ་གང་ལའང་མེད་པའི་བཙན་བྱོལ་སྤྱི་ཚོགས་ནང་གི་གསར་གཏོད་ཅིག་ཡིན།

ལྔ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་གྲུབ་ཆ་དང་དབང་ཤུགས།

སྤྱི་འཐུས་རྒྱུན་ལས་ནི་ཉིན་རེའི་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་གཉེར་མཁན་དང་། སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་འདུའི་ཁྲིམས་ཡིག་འཆར་ཟིན་ཐོག་མ་འབུལ་མཁན་དེ་ཡིན། དེ་ཡང་གསལ་བོར་བཤད་ན། སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་གྲོས་འཆར་དེ་སྤྱི་འཐུས་རྒྱུན་ལས་ཁོ་ན་མ་གཏོགས་སྤྱི་འཐུས་སྒེར་བ་བརྒྱུད་ནས་ཡོང་ས་མེད། དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང༌། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དོན་ཚན་ང་བདུན་པའི་ཐོག་འདི་ལྟར་འཁོད་ཡོད། གཞུང་འབྲེལ་ཁྲིམས་ཡིག་འཆར་ཟིན། གསར་དུ་གཏན་འབེབས་བྱ་དགོས་ཀྱི་གཞུང་འབྲེལ་ཁྲིམས་ཡིག་འཆར་ཟིན་ནམ། སྒྲིག་གཞི་འཆར་ཟིན་གང་ཡང་འབྲེལ་ཡོད་བཀའ་བློན་ནམ། སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྤྱི་འཐུས་སུ་རུང་གིས་ལས་རིམ་ཐོ་འགོད་གཞིར་བཟུང་འདོན་རྒྱུ། ཞེས་གཞུང་འབྲེལ་ཁྲིམས་འཆར་ལ་སྤྱི་འཐུས་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་རྗེས། གཞི་ནས་བཀའ་ཤག་གིས་ལག་ལེན་བསྟར་བཞིན་ཡོད་པ་གསལ་བོར་འཁོད་ཡོད་ཅིང་། སྤྱི་འཐུས་རྒྱུན་ལས་ཀྱི་དབང་ཤུགས་ནི་སྤྱི་འཐུས་ལྷན་ཚོགས་ཀྱི་དབང་ཤུགས་མཐོ་ཤོས་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གྲོས་འགོ་དེ་སྤྱི་འཐུས་རྒྱུན་ལས་ཐོན་བཞིན་ཡོད་པ་བསྟན་ཡོད།

སྤྱི་འཐུས་རྒྱུན་ལས་ཀྱི་གྲུབ་ཆའང་སྤྱི་འཐུས་ལྷན་ཁང་གི་གྲུབ་ཆ་ནང་བཞིན་བརྒྱ་ཆའི་གྲངས་འབོར་དེ་རྦད་དེ་ཕྱིན་ཅི་ལོག་ཏུ་ཕྱིན་ཡོད། དེ་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་གཉིས་པ། སྤྱི་འཐུས་ཀྱི་རྒྱུན་ལས། འདི་འདྲ་ཞིག་འཁོད་ཡོད།

༡   སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་མ་འཚོགས་པའི་སྐབས་རྒྱུན་ལས་ཚོགས་ཆུང་ཞིག་དགོས་པར་ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་དང༌། ཆོས་བརྒྱུད་རེ་ནས་སྤྱི་འཐུས་རེ་བཅས་གོང་གསལ་ཁུངས་སོ་སོས་འོས་བསྡུའམ། ཡང་ན་དམིགས་འཛུགས་གང་འོས་སྐབས་བསྟུན་བྱ་རྒྱུ་དང༌། ལོ་རེའི་མཚམས་ནས་བསྐྱར་འདེམས་བྱ་རྒྱུ།

༢    རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་དང༌། དབང་ཚད་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་ལུགས་སམ། སྒྲིག་གཞི་ལྟར་ལག་ལེན་བསྟར་རྒྱུ།

འདིར་གསལ་བོར་མཚོན་པ་ནི་སྤྱི་འཐུས་རྒྱུན་ལས་ལ་ཆོལ་ཁ་རེ་ནས་སྤྱི་འཐུས་ ༢ རེ་སྟེ་བསྡོམས་པས་སྤྱི་འཐུས་རྒྱུན་ལས་ ༦ དང་། ཆོས་བརྒྱུད་རེ་ནས་སྤྱི་འཐུས་ ༡ རེ་བཅས་བསྡོམས་པས་སྤྱི་འཐུས་ལྔ་༥ སྟེ་བསྡོམས་པས་རྒྱུན་ལས་སྤྱི་འཐུས་ ༡༡ བཅས་རེད། གནས་སྟངས་འདི་བརྒྱ་ཆའི་གྲངས་ལ་ཕབས་ན་ཆོལ་ཁའི་སྤྱི་འཐུས་སུམ་ཅུ་ཡོད་པ་ནས་རྒྱུན་ལས་ཁོངས་སུ་སྤྱི་འཐུས་དྲུག་མ་གཏོགས་ཡོང་མི་ཆོག་པ་དང་ 6 / 30= %20   ཆོས་ལུགས་སྤྱི་འཐུས་ལ་མཚོན་ན་ཆོས་ལུགས་སྤྱི་འཐུས་བཅུ་ཡོད་པ་ནས་སྤྱི་འཐུས་རྒྱུན་ལས་ཁོངས་སུ་སྤྱི་འཐུས་ལྔ་ཡོང་ཆོག་གིན་ཡོད 5/10=50%འདི་ལས་ང་ཚོས་གསལ་བོར་ཤེས་པ་ནི་ཆོལ་ཁའི་བརྒྱ་ཆ་ %20 མ་གཏོགས་རྒྱུན་ལས་ཁོངས་སུ་ཡོང་མི་ཆོག་ཅིང་། ཆོས་ལུགས་ཀྱིས 50% རྣམས་ཚང་མ་རྒྱུན་ལས་ཁོངས་སུ་འཛུལ་ཆོག་པ་རེད། འདི་ལས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཁོངས་ལ་བརྒྱ་ཆ་བདུན་ཅུ་ཡི་ཁྱད་པར་ཆགས་ཡོད།

མཐའ་དོན།

ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྩ་ཁྲིམས་འདི་ཉིད་དོན་དང་ལྡན་པ་ཞིག་ཡོང་བ་ལ། ༧གོང་ས་མཆོག་གི་སྐུ་དབང་དང་མཚན་གནས་ལ་བསྐལ་བ་མ་སྟོང་བར་དུ་སྲུང་སྐྱོབ་བྱེད་ཐུབ་རྒྱུ་ནི་བཅའ་ཁྲིམས་འདིའི་ཐོག་མའི་འགན་འཁུར་ཡིན་ཞིང་། དེ་བཞིན་ཏུ་བོད་པ་རྣམས་རིམ་བཞིན་ནུབ་ཕྱོགས་སུ་བཞུད་འགྲོ་གིན་ཡོད་པའི་གནས་སྟངས་འདི་ལ་ལྟོས་ནས། གོང་གི་གྲངས་ཚད་མི་སྙོམས་པའི་སྤྱི་འཐུས་ཀྱི་གྲངས་འབོར་ལ་འགྱུར་བ་ཞིག་ངེས་པར་དུ་གཏོང་དགོས་པར་འདུག་ལ། སྤྱི་འཐུས་རྒྱུན་ལས་ཀྱི་གྲུབ་ཆ་ལའང་དེ་བཞིན་གྱིས་སྙོམས་སྒྲིག་བྱེད་པའི་དུས་ལ་བབ་འདུག་སྙམ། ཡང་གཅིག་བཤད་ན། རྩ་ཁྲིམས་ཀྱི་གཞུང་ལུགས་དང་། མང་གཙོའི་ལམ་ལུགས་གཉིས་ཀྱི་རིག་པའི་གཞུང་ལུགས་ལྟར་ཇི་ལྟ་བ་བཞིན་འགྲོ་རྒྱུ་ཡིན་ན་ཐོག་མར་བཏང་སྙོམས་དང་། དྲང་བདེན། ཕྱི་གསལ་ནང་གསལ། ཐུན་མོང་གི་ངོས་ལེན་ཡོད་པ་བཅས་ཀྱི་རྩ་ཁྲིམས་ཀྱི་རྨང་གཞི་ཞིག་ལ་འཇུས་ཏེ་འགོ་འཛུགས་དགོས། དེ་དང་མཉམ་དུ་རྩ་ཁྲིམས་དེ་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་བགྲོད་དགོས་པ་ཞིག་ཡིན་པ་ལས། སྤྱི་ཚོགས་ལ་འགྱུར་བ་ཇི་ལྟར་ཕྱིན་རུང་རྩ་ཁྲིམས་ལ་འགྱུར་བ་མ་ཕྱིན་ན་རྩ་ཁྲིམས་དེས་དེ་ཙམ་གྱིས་ཕན་མི་ཐོགས་པའམ་ཡང་ན་གནོད་པའི་རྒྱུ་རུ་འགྱུར་འགྲོ་བའི་ཉེན་ཁ་ཡང་ཡོད་པ་ཞིག་ཡིན།

ཁྲིམས་གཞུང་དུ་རྒྱུན་པར་ཚད་གཞི་དང་མཐུན་མིན་དང་། རྒྱུན་ལྡན་ཞིག་ཡིན་མིན་བཅས་གཙོ་བོར་བཤད་ལ། དེ་ལས་ཀྱང་གལ་ཆེ་བ་ནི་གནས་ལུགས་རྒྱུ་མཚན་ལྡན་པ། ལུགས་སྲོལ་དང་མཐུན་མིན་དེ་གཙོ་བོར་བཤད། ང་ཚོའི་རྩ་ཁྲིམས་འདིའི་ནང་ཚད་གཞི་དང་མི་མཐུན་ཞིང་ལུགས་སྲོལ་ལའང་འབྲེལ་བ་མེད་པའི་སྐྱོན་ཆ་མང་དག་ཅིག་ད་དུང་ཡང་ལྷག་ཡོད་པ་གསལ་བོ་རེད། དེའི་ནང་གི་གལ་ཆེ་བ་གཅིག་དེ་གྲྭ་བཙུན་རྣམས་ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་དངོས་སུ་ཞུགས་པ་འདི་རེད།  ང་ཚོའི་ཆབ་སྲིད་འདི་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ཅིག་ཡིན་པ་བདེན་དུ་ཆུག་མོད། ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་གྲྭ་བཙུན་རྣམས་དངོས་སུ་ཞུགས་དགོས་པའི་རྒྱུ་མཚན་གང་ཡང་མེད། དེ་ནི་བོད་རང་གི་ལུགས་སྲོལ་དང་། མང་གཙོའི་གཞུང་ལུགས་དང་ཡང་མི་མཐུན། དེ་ལས་ཀྱང་ཞེད་སྣང་ཚ་བ་ནི། གྲྭ་བཙུན་འདི་དག་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཁོངས་ནས་སླེབས་རྗེས། ཆོལ་ཁ་གཅིག་གི་ལ་རྒྱ་རྐྱང་རྐྱང་བཤད་དེ་ཆོལ་ཁའི་དཔུང་ཁག་དེ་ཛ་དྲག་ཅན་ཏུ་སྒྱུར་བཞིན་ཡོད་པ་ལས། ཁོང་ཚོར་ཆོས་སྲིད་ཟུང་འབྲེལ་གྱི་ངོ་བོ་དང་ཆོས་བརྒྱུད་ཁག་གི་ལས་དོན་གང་ཡང་བྱེད་རྒྱུ་མེད། དྲང་བོར་བཤད་ན། འདི་ནི་གྲྭ་བཙུན་སྤྱི་འཐུས་རྣམས་ལ་དམིགས་བསལ་གྱི་ཐོབ་ཐང་སྤྲད་བའི་མཇུག་འབྲས་དང་། བོད་པའི་ཆིག་སྒྲིག་ལ་གཏོར་སྐྱོན་གཏོང་བའི་གཞི་མར་གྲུབ་ཡོད། དངོས་གནས་བཤད་ན། ཆོས་སྲིད་ཟུང་འབྲེལ་གྱི་མཚོན་རྟགས་ལ་གྲྭ་བཙུན་རྣམས་དངོས་སུ་ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་ཕེབས་དགོས་དོན་མེད་པར། ཆོས་ལུགས་ལ་དད་མོས་བྱེད་མཁན་སུ་ཞིག་ཡིན་ཡང་དེས་ཆོས་སྲིད་ཟུང་འབྲེལ་གྱི་ངོ་བོ་མཚོན་ཐུབ་པ་ཡིན། མ་གཞི་ནས་བོད་པའི་མི་སྐྱ་ཕོ་མོ་ཚང་མ་ནང་ཆོས་ལ་དད་མོས་བྱེད་མཁན་ཤ་སྟག་ཡིན་པས་ཁོང་ཚོས་ནང་ཆོས་ཀྱི་ཚབ་ཅི་ལ་མཚོན་མི་ཐུབ། དེ་བས་གྲྭ་བཙུན་གྱི་དམིགས་བསལ་ཐོབ་ཐང་འདི་ད་ནས་བཟུང་སྟེ་མཚམས་འཇོག་དགོས་པར་འདུག་ལ། ད་ཡོད་སྤྱི་འཐུས་ནང་ཡོད་པའི་གྲྭ་བཙུན་འདི་དག་གི་སྤྱོད་སྟངས་ལ་ལྟོས་ན། ཁོང་ཚོ་ལ་དམིགས་བསལ་གྱིས་ཐོབ་དབང་ཞིག་སྤྲོད་དགོས་པའི་རྒྱུ་མཚན་གང་ཡང་ལྷག་མི་འདུག་ལ། འདི་ནི་འཛམ་གླིང་ཡོངས་ལ་ངོམས་སུ་ཆོག་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་རྒྱུད་འཛིན་དང་བཅས་པའི་མཚན་གནས་རྗེས་འབྲེལ་དང་། མཚན་མཐོང་ལ་རྒྱ་ལ་སྐྱོན་བཟོ་ངེས་མ་ཟད། བོད་མིའི་ཆབ་སྲིད་ཀྱི་གཞི་རྩ་ཆིག་སྒྲིལ་ལའང་ཕན་ཐོགས་པ་ལས་གནོད་པའི་རྒྱུ་རུ་འགྲོ་བཞིན་འདུག་པས་ངེས་པར་དུ་དགོངས་པ་བཞེས་དགོས་པར་འདུག་གོ །

མཆན། གོང་དུ་བཀོད་པའི་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

Chinese Embassy at Delhi
Mobile App

དྷ་རམ་ས་ལར་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་ཡོང་ནས་སོ་ཉུལ་བྱས་འདུག

ཆུ་ཚོད་ ༡ སྔོན་ལ།
༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་གཏོང་བའི་ཚོགས་མགོན་དུ་ཕེབས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

ཆུ་ཚོད་ ༡༩ སྔོན་ལ།
བོད་ཁྲི་ཀ་རྫོང་ཁོངས་ནས་ཡིན་པའི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་ལོ་གཅིག་བཙོན་འཇུག་ཁྲིམས་ཐག་བཅད། འདི་གར་མཁོ་སྤྲོད་བྱས་པའི་པར།
Mobile App

ཚེ་རིང་མཚོ་ལགས་ལ་ལོ་གཅིག་གི་ཁྲིམས་ཐག་བཅད།

ཆུ་ཚོད་ ༢༠ སྔོན་ལ།
རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་གནང་། ༢༠༢༥།༡༢།༡༨ བོད་ཀྱི་དཔེ་མཛོད་ཁང་ག་ིཔར།
གསར་འགྱུར།

རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་སྤེལ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Glimpses of the Program’s proceedings; Dignitaries observing Indian & Tibetan National Anthem, Lighting of Lamp, and a group photo of Dignitaries on the Dias with students of the Arya Mahila P.G. College, Varanasi
Mobile App

བོད་དང་གངས་རིན་པོ་ཆེའི་ནང་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
Activists call for a boycott of the 2022 Beijing Winter Olympics due to concerns over China's human rights record, in front of the Chinese Consulate in Los Angeles, California, Nov. 3, 2021. Representative Image
གསར་འགྱུར།

ཨ་རིའི་སློབ་ཆེན་ཁག་ཏུ་བོད་ཡིག་སློབ་ཚན་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༢༠ སྔོན་ལ།

མཆན། 0

  1. བསྟན་པ་ལེགས་ཚོགས་ says:
    ལོ་ 6 སྔོན།

    ༄༄། ང་ཚོའི་རྩ ཁྲིམས་འདི་གནས་དུས་ལ་ཞིག་པའི་རྒྱུར་བ་གཏོང་དགོས་པ་ཡིན་རུང་ཧ་ཅང་ཁག་པོ་ཡིན་པ་རེད་གང་ལ་ཞེ་ན་རྩ་ཁྲིམས་རྒྱུ་བ་གཏོང་མཁན་གང་ཟག་དེ་རྣམས་བློ་བཟོ་བོར་གནས་པ་དགོས་པ་ལས་རང་རང་གི་ཐོབ་ཐང་དང་ཆོལ་ཁ་ཆོས་ལུགས་ཀྱི་ཐེན་ཁྱེར་མེད་པ་ཞིག་དགོས་པ་ནི་དེ་བས་གལ་གནས་ཆེ་བ་ཞིག་ཡིན་དུས་ད་ལྟའི་སྤྱི་འཐུས་གྲོས་ཚོགས་ནང་དེ་འདྲ་ཞིག་ཡོད་མིན་ཚང་མས་མཁྱེན་གསལ་རེད་ ལྷག་པར་ཆོས་ལུགས་ཁག་གི་སྤྱི་འཐུས་རྣམས་པ་ཆབས་སྲིད་ཐོག་སྐུ་དབང་ཡོད་པ་འདི་ཕལ་ཆེར་རང་རེའི་སྤྱི་ཚོགས་ནང་མ་རྟོགས་ཡོད་མི་སྲིད་པ་མ་ཟད་འབྲུག་རྒྱལ་ཁབ་ནང་ཆོས་ལུགས་ཀྱི་འཐུས་མི་མེད་པ་འདིས་གནས་འགག་ཞིག་མཐོང་བ་དང་ མ་ཟད་རང་རེའི་བོད་རྒྱུད་ནང་བསྟན་འདི་དཔལ་ཎ་ལན་ཌའི་ཆོས་རྒྱུད་ཡིན་པ་༧གོང་ས་མཆོག་གི་ལུང་འདྲེན་གནང་གྱིས་ཡོད་པ་དང་དེ་བཞིན་ཆོས་ཟེར་དུས་སེམས་ཅན་ཐམས་ཅད་ཀྱིས་འདི་ཕྱིའི་ལེགས་ཚོགས་སྒྲུབས་པའི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དེ་ཆབས་སྲིད་དང་མཉམ་སྲེད་བྱས་ན་བསྟན་པའི་ཞབས་འདེག་ལ་འགྲོ་མི་སྲིད་པ་མ་ཟད་སྐབས་རེ་གྲོས་ཚོགས་ནང་ཆོས་རྒྱུད་ཁག་གི་སྤྱི་འཐུས་ཚོས་སྐུ་གསུང་གི་མཛད་སྤྱོད་མ་མཛེས་པ་དེ་འདྲ་མཇལ་དུས་ཕྱི་ནང་གི་མི་ཚོར་འཚོ་བ་ངན་པ་དེ་འདྲ་ཡོང་གི་ཡོད་པ་མཐོང་ཐོས་འདུག་ན་འདིའི་ཐོག་སངས་རྒྱས་བསྟན་པ་ལ་གནོད་འགལ་མི་ཡོང་བའི་དགོང་པ་བཞེས་ཏེ་འགྱུར་བ་གཏོང་དགོས་པ་རེད་བསམ་པ་འདུག་།།

    Reply
  2. Cchogyur says:
    ལོ་ 6 སྔོན།

    ལ་མོ། ཨ་ཁ། ཁྱེད་རང་གིས་རྩོམ་ཡིག་ཐེང་ཁ་ཆས་ངེས་མཐོང་ཡག་གོ།
    འོན་ཀྱང་ཁྱེད་རང་དམར་པོ་གུང་ཁྲན་གྱི་བལྟ་བ་འདྲ་། བཅའ་ཁྲིམས་ནང་ལ་གོང་ས་མཆོག་ལ་མཆེ་མཐོང་དང་ སྤྱི་མཐུན་ནང་ལ་གྲ་བཙུན་ ཡོད་པ་རྣམས་མ་འགྲིགས་པ་ཞིེག་མཐོང་འདྲ་། རྒྱུ་མཚན་བཀོད་པ་ཞུ།

    Reply
  3. འཚུབ་ཐེལ། says:
    ལོ་ 6 སྔོན།

    མ་འོངས་པའི་སྐྱབས་མགོན་སྐུ་ཕྲེང་ཡོད་ཚད་ལ་ད་ལྟའི་སྐུ་ཕྲེང་འདི་བཞིན་རྩ་ཁྲིམས་ཀྱི་ཐོག་ནས་ཐོབ་ཐང་གཏན་འབེབ་བྱེད་དགོས་ཟེར་བ་འདིར་མོས་མཐུན་བྱེད་དཀའ། རྒྱུ་མཚན་ནི་སྐུ་ཕྲེང་འདི་ལྟ་བུའི་སྐྱེས་སུ་ཞིག་མུ་མཐུད་ནས་འཁྲུངས་ན་ལོས་བཟང་སྟེ། དེ་ནི་འདས་པའི་སྤྲུལ་སྐུའི་ལོ་རྒྱུས་ཁག་ལ་བལྟས་པས་ཀྱང་ཤེས་ཐུབ་པའི་གནས་ཚུལ་ཞིག་རེད། དེ་ལས་༧སྐྱབས་མགོན་རིན་པོ་ཆེའི་དགོངས་པ་ལྟར་ཆབ་སྲིད་དང་འབྲེལ་བ་གཏན་ནས་མེད་པར་བླ་བྲང་ཞིག་གི་ངོ་བོར་གནས་ན་ཤིན་ཏུ་ལེགས།

    Reply
  4. ངག་དབང says:
    ལོ་ 6 སྔོན།

    ཆོས་བརྒྱུད་སྤྱི་མཐུས་ངེས་པར་མེད་པ་བཟོ་དགོས།

    Reply
  5. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    རྩ་ཁྲིམས་དང་བཅའ་ཁྲིམས་ནོར་མི་ཉན།
    རང་བཙན་དང་རང་དབང་ནོར་མི་ཉན།
    མང་གཙོ་དང་དམངས་གཙོ་ནོར་མི་ཉན།
    ཡུལ་མིའི་རྒྱལ་ཁབ་དང་ཡུལ་མིའི་སྲིད་སྐྱོང་ནོར་མི་ཉན།

    Reply
  6. ཡར་ངོའི་ཟླ་བ། says:
    ལོ་ 6 སྔོན།

    གོང་གི་རྩོམ་ཡིག་དེའི་ནང་རྩ་ཁྲིམས་དང་བཅའ་ཁྲིམས་གཉིས་ངོ་བོ་གཅིག་མཚུངས་ལྟ་བུ་ཡང་ནས་ཡང་དུ་གསུངས་འདུག་ཀྱང་། དོན་དངོས་ཐོག་ང་ཚོས་མ་འོང་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་བྱས་པ་ཙམ་དང་། བཙན་འབྱོལ་གྱི་གནས་སྐབས་སུ་བཅའ་ཁྲིམས་གཏན་འབེབས་ལག་ལྟར་དགོས་པ་སོགས་ཀྱི་ཁྱད་པར་ཆེན་པོ་ཡོད་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་བཀའ་སློབ་གནང་བ་དྲན་པའི་ནང་ཅུང་ཙམ་འདུག་པས་ཞིབ་འཇུག་གནང་རོགས།

    Reply
  7. Tashi says:
    ལོ་ 6 སྔོན།

    ལ་མོ་ཚུལ་ཁྲིམ་ཁྱོད་ཀྱི་ཁ་ནང་སྐྱ་པ་ལུགས་་་མོས་ཐུན་མེད་་་

    Reply
  8. Tashi says:
    ལོ་ 6 སྔོན།

    ལ་མོ་ཚུལ་ཁྲིམ་ཁྱོད་ཀྱི་ཁ་ནང་བོད་ཆོལ་ཁ་གསུམ་གི་གོ་ཐལ་ཐོབ་

    Reply
  9. ཇ་ཚེ། says:
    ལོ་ 6 སྔོན།

    ཆོས་བརྒྱུད་ཁག་གི་སྤྱི་འཐུས་གྲྭ་བཙུན་དགོས་པར་རྩོད་མེད་རེད་བསམ། གང་ཡིན་ཟེར་ན། སྙིང་རྗེ་དང་སྤྱི་སེམས་ཀྱི་ལྷག་བསམ་ཡོད་པ།

    ཁོག་ཡངས་དང་དྲང་བདེན་བཅས་ཡོད་པས་སོ། དེ་ལས་ཆོལ་ཁའི་སྤྱི་འཐུས་ཉུང་འཕྲི་བྱེད་ན་ལེགས། གང་ཡིན་ཟེར་ན། ཆོལ་ཁའི་སྤྱི་འཐུས་ཁ་ཤས་

    ཀྱིས་རང་ཕྱོགས་དང་ང་རྒྱལ། སྤྱི་སེམས་མེད་པའི་རང་བློའི་གང་ཤར་བྱེད་མཁན་དང་། དགྲ་དགའ་གཉེན་སྡུག་གི་ལས་བྱེད་མཁན་ཡང་འདུག་གོ

    Reply
    • ངག་དབང says:
      ལོ་ 6 སྔོན།

      བོད་སྤྱི་ལ་བསམ་བློ་བཏང་ནས་སྐད་ཆ་བཤད་རོགས།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese