སྐབས་གསར་པའི་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐོག་ཚོགས་མི་རྒྱ་སྐྱེད་དང་བཞུགས་སྒར་དྷ་རམ་ས་ལར་ཆེད་བཅར་དགོས་པ་སོགས་ཀྱི་གྲོས་མགོ་བཏོན་འདུགཁ་སང་སྦེལ་ཇམ་གྱི་རྒྱལ་ས་དང་ཡུ་རོབ་མཐུན་ཚོགས་ཀྱི་རྟེན་གནས་བྷིར་སིལ་(Brussels) དུ། ཉེ་སྔོན་འདེམས་ཐོན་བྱུང་བའི་ཡུ་རོབ་མཐུན་གྱི་གྲོས་ཚོགས་འཐུས་མི་ ༧ ལས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་Tibet Interest Group སྐབས་གསར་པའི་ལྷན་ཚོགས་དང་པོ་ཚོགས་ཡོད་པ་དང་། ལྷན་ཚོགས་ཐོག་ཅེག་སྤྱི་མཐུན་རྒྱལ་ཁབ་ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ནི་ཀུ་ལ་སི་པེག་ས་ (Mikulas Peksa) ལགས་སྤྱི་མོས་ཀྱི་ཐོག་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བདམས་ཐོན་བྱུང་ཡོད་འདུག
ཚོགས་འདུ་དེའི་ཐོག་སྐུ་ཞབས་ནི་ཀུ་ལ་སི་པེག་ས་ལགས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་བཞུག་སྒར་དྷ་རམ་ས་ལར་འགྲོ་དགོས་པའི་དགོངས་ཚུལ་བཏོན་འདུག་པ་མ་ཟད། འབྱུང་འགྱུར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་འཐུས་མི་གཞན་གསར་འཇུག་བྱས་ཏེ། ཚོགས་པ་སྔར་བས་སྲ་བརྟན་ཡོང་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ལ། ཚོགས་འདུའི་སྟེང་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཌི་སཱ་ཊར་(De Sutter) ལགས་ཀྱིས། མོ་རང་ལ་མཚོན་ན་འདས་པའི་ལོ་ ༢༠ ལྷག་གི་རིང་བོད་དོན་ནང་ཞུགས་ཡོད་པ་མ་ཟད། མུ་མཐུད་བོད་དོན་ཐད་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་དང་། མོ་རང་ལོ་ ༥ གོང་དྷ་སར་འགྲོ་མྱོང་བ་དང་། འཐུས་མི་གསར་པ་རྣམས་ཀྱང་དྷ་སར་འགྲོ་རྒྱུ་དེ་གལ་ཆེན་ཞིག་ཏུ་མཐོང་གི་ཡོད་སྐོར་བརྗོད་ཡོད་འདུག གཞན་ཡང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧེ་དྷི་ལགས་ཀྱིས། བོད་ཀྱི་གནད་དོན་དེ་འདས་པའི་ལོ་ངོ་ ༢༠ ལྟར་རྒྱལ་སྤྱིའི་སྟེང་དོ་སྣང་ཤུགས་ཆེན་སླེབ་ཐུབ་མེད་སྟབས། ལས་འགུལ་བརྒྱུད་མང་ཚོགས་ཁྲོད་བོད་དོན་ཐད་གོ་རྟོགས་སྤེལ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་ཡོད་འདུགད་ལྟའི་ཆར་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཁོངས་སུ། གྲོས་ཚོགས་འཐུས་མི་རྙིང་པ་ལྕམ་སྐུ་མོ་ལི་སི་ཁོཌ་ཁེ་ཊོ་(Molly Scott-Cato) ལགས་དང་། གྲོས་ཚོགས་འཐུས་མི་གསར་པ་སྐུ་ཞབས་ནི་ཀུ་ལ་སི་པེག་ས། ལྕམ་སྐུ་ཌི་སཱ་ཊར་ལགས། ལྕམ་སྐུ་ཨི་ས་བྷེལ་སན་ཏོ་སི་(Isabel Santos)ལགས། ཨོ་སི་ར་མལ་དྷེ་ཀེན་(Ausra Maldekeine)ལགས། མར་ཊིན་ཧོར་ཝུ་ཌི་(Martin Horwood)ལགས། ཚོགས་མི་སྐུ་ཞབས་ཧེ་དྷི་ཧེ་ནེ་སི་(Heide Hannes)ལགས་བཅས་ཡོད་འདུག
འདི་གའི་གསར་འགོད་པས་སྦེལ་ཇམ་གྱི་རྒྱལ་ས་བྷིར་སིལ་དུ་ཡོད་པའི་ཡུ་རོབ་སྐུ་ཚབ་དོན་གཅོད་ལས་ཁུངས་ལ་ཞལ་པར་ཕུལ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་དགོངས་ཚུལ་བཏོན་གནང་བ་ལྟར། དོན་གཅོད་ཁང་ནས་ཚོགས་པའི་ནང་གྲོས་ཚོགས་འཐུས་མི་གང་མང་ཞུགས་ཐུབ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་འདུག་ལ། གསར་འགོད་པས་ཞལ་པར་བརྒྱུད་ཡུ་རོབ་ཀྱི་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་མ་འོངས་ལས་འཆར་སོགས་ཀྱི་སྐོར་བཀའ་འདྲི་ཞུ་རྩིས་བྱས་ཀྱང་ཞལ་པར་མཐུད་ཐུབ་མ་སོང་།
གསར་འགོད་པ་པ་སངས་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་སོགས་ནས་བཏུས།