མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕན་བདེ་གླིང་ལ་ཕེབས་ཤོག

བོད་ཀྱི་དུས་བབ།
༢༠༢༠/༠༡/༣༡
Share on FacebookShare on TwitterShare on EmailShare on Whatsapp

དོན་འགྲུབ་བཀྲ་ཤིས།

“དེང་སྐབས་དྷ་རམ་ས་ལའི་སྐུ་ངོ་ཚོ་མན་སྤར་ཕན་བདེ་གླིང་ལ་ཕེབས་སྐབས་ཡིད་སྨོན་མི་བྱེད་མཁན་གཅིག་ཀྱང་མི་འདུག”བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལས་སྐད་གྲགས་ཆེ་ཤོས་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་དང་བདེ་སྐྱིད་སླར་གསོ། དེ་བཞིན། མོན་གྷོ་འདོད་རྒུ་གླིང་དང་ལྡེ་ར་ལྡུན་བདེ་སྐྱིད་གླིང་སོགས་རེད། འོན་ཀྱང་ངས་ད་རེས་སྦེལ་ཀོབ་དང་ལྡེ་ར་ལྡུན་སོགས་ལས་ལྷག་གི་གནམ་གཤིས་ཡག་པོ་དང་། ཁོར་ཡུག་སྐྱིད་པོ། མཐུན་རྐྱེན་འཛོམས་པའི་གཞིས་ཆགས་ཤིག་མཐོང་སོང་། དེ་ནི་རྒྱ་གར་ཡུལ་དབུས་བོད་མིའི་གཞིས་ཆགས་གསུམ་གྱི་ཡ་གྱལ། ཆཱ་ཏི་སི་གྷར་མངའ་སྡེ་ (Chhattisgarh)ནང་གི་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་འདི་རེད། ཡུལ་སྐོར་སྤྲོ་འཆམ་པ་ཚོས་ས་ཆ་འདི་ལ་ཆཱ་ཏི་སི་གྷར་ནང་གི་སིམ་ལ་(Shimla Of Chhattisgarh)དང་། སུད་སི་ཆུང་བ་(Small Switzerland)ཞེས་ཀྱང་འབོད།

སྔོན་ཆད་མན་སྤར་ཕན་བདེ་གླིང་དང་སྦན་ད་ར་ནོར་རྒྱས་གླིང་། ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་གསུམ་ནི་ས་ཆ་ཁུག་ཀྱོག་དང་ཆ་རྐྱེན་སྐྱོ་བོའི་གྲས་སུ་བརྩི་ཡང་། དེང་སྐབས་ས་འདིའི་མཛེས་སྡུག་ཡིད་དུ་འོང་པའི་རང་བྱུང་ཁོར་ཡུག་དང་། གནམ་གཤིས་དྲོད་གྲང་སྙོམས་པའི་དྭངས་གཙང་ཁ་དབུགས། འབྲུ་རིགས་སྣ་དགུ་སྨིན་པའི་གསེར་ལྡན་ཞིང་ས། གཞུང་བཟང་གཤིས་ཀ་འཇམ་པའི་ཉམས་ཆུང་ཡུལ་མི་སོགས་ཀྱིས་རྒྱ་གར་ཤར་ནུབ་ཀྱི་མི་སུ་ཞིག་སླེབས་ཀྱང་ཡིད་དབང་འཕྲོག་འགྲོ་བ་དང་། དེང་སྐབས་དྷ་རམ་ས་ལའི་སྐུ་ངོ་ཚོ་ཕེབས་སྐབས་ཀྱང་ཡིད་སྨོན་མི་བྱེད་མཁན་གཅིག་ཀྱང་མི་འདུག་ཅེས་ས་གནས་མི་མང་གིས་རྗོད་བཞིན་འདུག

ང་སྔོན་ཆད་གསར་འགོད་སྐོར་སྐྱོད་དང་། རྗེས་སུ་སྤྱི་འཐུས་ཕྱོགས་སྐྱོད་སོགས་ཀྱི་སྐབས། རྒྱལ་བལ་འབྲུག་གསུམ་ནང་གི་གཞིས་ཆགས་ཕལ་ཆེ་བར་ཕྱིན་མྱོང་། ཉེ་ལམ་སྦན་ད་ར་ནོར་རྒྱས་གླིང་དང་མན་སྤར་ཕན་བདེ་གླིང་། དེའི་ཁྱབ་ཁོངས་དགུན་ཚོང་རྒྱག་ས་ཁག་བཅས་སུ་སྐྱོད་སྐབས། མན་སྤར་ཕན་བདེ་གླིང་འདི་ད་སྔ་ཡོངས་སུ་མ་གྲགས་པའི་གཞིས་ཆགས་སྐྱིད་ཤོས་སུ་མཐོང་སོང་།

སྔོན་ཆད་ས་འདིར་ལམ་ཁ་དེ་ཙམ་ཡག་པོ་མེད་ཀྱང་ལོ་ཤས་གོང་ནས་ལམ་ཁ་བཟོས་ཏེ། དེང་སྐབས་ཨམ་བྷེད་ཀ་པུར་གྲོང་ཁྱེར་ནས་གཞིས་ཆགས་བར་རླངས་འཁོར་ནང་སྐར་མ་ ༤༠ ཡིས་སླེབས་པ་དང་། རི་འདབས་དེར་གནམ་ཐང་གསར་པ་ཞིག་ཀྱང་རྒྱག་བཞིན་འདུག ཕན་བདེ་གླིང་ནས་རྒྱ་གར་ལྡི་ལིར་མེ་འཁོར་ནང་ཉིན་ཞག་གཅིག་དང་། རྒྱ་གར་ལྷོ་ཕྱོགས་བྷིང་ལོར་ལའང་ཉིན་ཞག་གཅིག་གིས་སླེབས་ཀྱི་ཡོད་འདུགས་འདིར་མནན་ན་ནེམ་ཞིང་བཏེགས་ན་འཕར་བའི་ན་གཞུང་(Jaljali)ཞེས་པ་དང་། རྒྱ་སྟག་གནས་རིའི་རྦབ་ཆུ་(Tiger Point Water Fall)ཞེས་པ། དེ་བཞིན། ངོ་མཚར་ཅན་གྱི་གྱེན་འབབ་ཆུ་(Ulta Pani Stream – Water Flows Uphill)ཞེས་པ་སོགས་སྐད་གྲགས་ཅན་གྱི་ཡུལ་སྐོར་སྤྲོ་འཆམ་ལྟེ་གནས་དང་། ལྷག་པར་དུ་བོད་མིའི་གཞིས་ཆགས་དང་དགོན་པ་སོགས་ལ་རྒྱ་གར་བ་ཚོས་བོད་ཆུང་ཆུང་(Mini Tibet of India)ཞེས་འབོད་ཅིང་། བོད་མི་ཚོའི་སྲོལ་རྒྱུན་སོ་ནམ་འདེབས་ལས་དང་སྲོལ་རྒྱུན་ཟས་རིགས་ལ་དགའ་མོས་ཆེན་པོ་བྱེད་བཞིན་ཡོད་འདུག

ཕན་བདེ་གླིང་གཞིས་སྒར་དེ་རི་སྟེང་ཞིག་ཏུ་ཆགས་ཡོད་ཅིང་། རི་འདབས་ནས་རླངས་འཁོར་ནང་ཚང་ཚིང་གཡུ་ལོ་རྒྱས་པའི་ནགས་ཚལ་བརྒྱུད་དེ་སྐར་མ་ ༡༥ ཙམ་སྐྱོད་ན་རི་སྟེང་དུ་སླེབས་ཐུབ། རི་སྟེང་དེ་ཡངས་ཤིང་རྒྱ་ཆེ་ཞིང་མཛེས་སྡུག་ཡིད་དུ་འོང་པའི་སྤང་ལྗོངས་མཐའ་སྐོར་ཤིང་ནགས་ཀྱིས་བརྒྱན་པ་ཞིག་རེད། བཤད་སྲོལ་ལ། བོད་ཨ་མདོའི་ཕྱོགས་ཀྱི་མཚོ་སྔོན་པོའམ་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་དཀྱིལ་གྱི་མཚོ་སྙིང་མ་ཧཱ་དེ་ཝ་ཞུ་བ་དེའང་གནའ་སྔོ་མོ་ཞིག་ལ་ཨོ་རྒྱན་པད་མས་རྫུ་འཕྲུལ་གྱིས་མན་སྤར་གྱི་རི་མགོ་འདི་ནས་བཅད་དེ་འཁྱེར་བར་བཤད།

མཚོ་སྙིང་མ་ཧཱ་དེ་ཝའི་སྐོར་ལ་གཏམ་རྒྱུད་མང་པོ་ཡོད། སྔོན་ཆད་ས་ཆ་དེ་མཐའ་ཡས་པའི་རྩྭ་ཐང་ཆེན་པོ་ཞིག་ཡིན་པ་དང་། ད་ལྟའི་མཚོ་སྙིང་གི་ཤུལ་དུ་ས་དེའི་ཚོ་བ་ཞིག་གི་འཐུང་ཆུ་ལེན་སའི་ཁྲོན་པ་ཡོད་ཅིང་། ཁྲོན་པའི་ཁ་རྡོ་ལེབ་ཅིག་གིས་བཅད་ཡོད་འདུག མི་ཕྱུགས་སུ་ཡིན་ཡང་ཆུ་འཐུང་རྗེས་ཁྲོན་པའི་ཁ་སླར་ཡང་རྡོ་ལེབ་དེས་གཅོད་དགོས་ཀྱང་། ཐེངས་ཤིག་ཆུ་ལེན་མཁན་ཞིག་གིས་རྡོ་ལེབ་འགེབ་རྒྱུ་དྲན་པ་བརྗེད་སྟབས། ཆུ་དྲག་ཏུ་འཕྱུར་ཏེ་ཡུལ་ལྗོངས་དེའི་འབྲོག་ཁྱིམ་ཁྲི་གཅིག་མཚོ་ནང་དུ་ནུབ། སྐབས་དེར་ཨོ་རྒྱན་པད་མས་རྒྱ་གར་ནས་རི་བོ་མ་ཧཱ་དེ་ཝའི་དབུ་བཅད་ནས་འཁུར་ཡོང་སྟེ་ཆུ་མིག་དེའི་ཁ་བཅད་ཡོད་པ་དང་། དུས་དེ་ནས་བཟུང་མཚོ་ཆེན་དེའི་མིང་ལའང་ཁྲི་ཤོར་རྒྱལ་མོ་ཞེས་ཐོག་པར་བཤད།

མན་སྤར་ཕན་བདེ་གླིང་གཞིས་ཆགས་འདི་ཐོག་མ་ ༡༩༦༣ ལོར་བཙུགས་པ་དང་། ད་ཆར་གཞིས་གྲོང་ ༧ དང་མི་འབོར་ ༡༡༥༧ ཡོད། དྭགས་པོ་བཤད་སྒྲུབ་གླིང་དང་ཀརྨ་ཆོས་འཁོར་གླིང༌། ཐུབ་བསྟན་དར་རྒྱས་གླིང༌། བདེ་ཆེན་ཆོས་འཁོར་གླིང་བཅས་དགོན་པ་ ༤ དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཡན་ལག་སྨན་ཁང༌དང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང༌། མངའ་སྡེ་གཞུང་གི་སྨན་ཁང་བཅས་སྨན་ཁང་ ༣ ། དེ་བཞིན། སམ་བྷོ་ཊའི་སློབ་གྲྭ་དང་། རྒས་གསོ་ཁང་། ས་གནས་འཐུས་ཚོགས་དང་ས་གནས་རང་བདེན་ཚོགས་ཆུང༌། མི་མང་མཉམ་འབྲེལ། རྩམ་ཐག་བཟོ་གྲྭ་དང་ཐུག་པའི་བཟོ་གྲྭ། ས་གནས་འོས་བསྡུའི་ཚོགས་ཆུང་། ས་གནས་གཞོན་ནུ་དང་བུད་མེད་སོགས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་ལས་ཁུངས་ཀྱང་མང་པོ་འདུགགཞིས་ཆགས་འདི་རྒྱ་མཚོའི་ངོས་ནས་མཐོ་ཚད་ཕི་ཀྲི་ ༣༥༠༠ དང་། ཆར་ཞོད་འབབ་ཚད་སེན་ཀྲི་མི་ཀྲར་ ༡༨༠ ཡིན་ཞིང་། དབྱར་ཁ་ཚ་བ་ཆེ་རྒྱུ་མེད་པར་དྲོད་ཚད་མཐོ་ཤོས་ཌིག་རི་སེལ་སི་ཡེས་ ༤༡ དང་། དགུན་ཁ་འཁྱག་རྒྱུ་མེད་པར་གྲང་ངར་ཆེ་ཤོས་སེལ་སི་ཡེས་ ༡༠ ཡིན་སྟབས། ཆར་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་རྟག་ཏུ་ལེགས། གཞིས་ཆགས་ཡོངས་ལ་ཞིང་ས་ཨེ་ཀར་ ༢༡༤༥ ཡོད་པ་དང་། ཞིང་ཁར་འབྲུ་རིགས་སྣ་ཚོགས་དང་ཤིང་ཏོག་འདྲ་མིན། སྔོ་ཚལ་སྣ་ཚོགས་སྐྱེས་པ་མ་ཟད། ཨ་རུ་སྐྱུ་རུ་བ་རུ་དང་། སེང་ལྡིང་། ཨར་སྐྱ། ཨར་ནག ཨར་དམར་སོགས་ཤིང་སྨན་རྩ་ཆེན་རིགས་ཀྱང་གང་སར་སྐྱེ་འདུག ཉེ་ལམ་རྒྱ་གར་གཞུང་གིས་ཞིབ་འཇུག་བྱས་ཏེ་ཕན་བདེ་གླིང་ནི། དེང་གི་སྐད་གྲགས་ཆེ་བའི་འཚིག་ཇ་ཀའོ་ཧྥི་ (Coffee Plant)ཞེས་པ་འདེབས་འཛུགས་བྱ་ཡུལ་ཡག་ཤོས་ཡིན་པར་ངོས་འཛིན་བྱས་ཡོད་པ་དང་། ལོ་མང་སྔོན་ནས་འདེབས་འཛུགས་བྱས་པའི་ཀའོ་ཧྥི་ཤིང་སྡོང་རྣམས་ད་ལྟ་འཚིག་ཇ་ཡག་ཤོས་(Robusta)ཞེས་པར་གྱུར་ཏེ་གཞིས་ཆགས་ཀྱི་ཁོར་ཡུག་གང་སར་མཐོང་རྒྱུ་འདུག

དེ་དག་ལས་ཀྱང་ཉམས་དགའ་ཞིང་ཡིད་མགུ་བ་ཞིག་ནི། གཞིས་ཆགས་འདིའི་མི་མང་ཚོས་སོ་ནམ་ཞིང་ལས་དང་བ་ཕྱུགས་གསོ་སྐྱོང་། ལྷག་པར་དུ་གཞོན་སྐྱེས་ཤེས་འཇོན་ཅན་སྐོར་ཞིག་གིས་སྲོལ་རྒྱུན་སོ་ནམ་འདེབས་ལས་དང་། ཞིང་བར་དུ་འབྲས་ལྡན་དང་འབྲས་མེད་ཤིང་ནགས་འདེབས་འཛུགས་བྱས་ཏེ། དུས་བཞིར་ཁོར་ཡུག་སྔོ་ལྗང་ཅན་དུ་སྒྱུར་བཞིན་པའི་བྱ་བ་རླབས་ཆེན་འདི་རེད།

བོད་མིའི་གཞིས་ཆགས་མང་པོ་ཞིག་ལ་ཞིང་ས་མེད་ལ། ཡོད་མཁན་ཚོས་ཀྱང་ཡུལ་མིར་བོགས་མ་བཏང་སྟེ་གཞིས་མི་རང་གིས་འདེབས་ལས་བྱེད་མཁན་དཀོན། འོན་ཀྱང་ཕན་བདེ་གླིང་གི་ཞིང་ས་ཡོངས་རྫོགས་གཞིས་མི་རང་གིས་འདེབས་བཞིན་ཡོད་པ་མ་ཟད། གཞོན་སྐྱེས་མང་པོ་ཞིག་གིས་གཞིས་མི་གཞན་པའི་ཞིང་ས་དང་། རྒྱ་གར་ཡུལ་མིའི་ཞིང་ས་སོགས་བོགས་མར་བླངས་ཏེ། ཞིང་ས་ཨེ་ཀར་བརྒྱ་ཕྲག་མང་པོ་འདེབས་ལས་ཀྱིས་སྟོན་འབྲས་དང་སྔོ་ཚལ་སོགས་ཚོང་འགྲེམ་བྱས་ཏེ། རང་གི་འཚོ་བ་བཅུད་རིལ་རིལ་བཟོས་ཡོད་པ་མ་ཟད། གཞིས་ཆགས་གཞན་ལའང་མིག་དཔེ་བཟང་པོ་བསྟན་དང་སྟོན་བཞིན་འདུགམན་སྤར་ཕན་བདེ་གླིང་གཞིས་གྲོང་གསུམ་པའི་ཞིང་པ་དགེ་ལེགས་བཟང་པོ་ལགས་ཀྱིས་འདི་ལྟར་བརྗོད་བྱུང་། “ངས་ད་ལྟ་ཞིང་ས་ཨེ་ཀར་ ༡༡༤ ཙམ་འདེབས་བཞིན་ཡོད། ཐོན་འབབ་ཞེ་དྲགས་ཡག་པོ་འདུག ན་ནིང་ཞིང་ས་ཨེ་ཀར་ ༢ ལ་ཞོག་ཁོག་འབོག་རས་ ༣༠ བཏབས་པ་ཡིན། ཟླ་བ་གསུམ་རྗེས་ལ་ཚུར་ཞོག་ཁོག་འབོག་རས་ ༣༡༥ རེག་སོང་། འབོག་རས་གཅིག་ལ་ཀེ་ལོ་(སྤྱི་རྒྱ་) ༥༠ ཡོད་པ་རེད། ཕར་བཙོང་ན་ཞོག་ཁོག་ཀེ་ལོ་གཅིག་ལ་སྒོར་ ༢༠ རེག་གི་རེད། ཆུ་ཡོད་ན་ལོ་གཅིག་ལ་ཞིང་ཁ་ཐེངས་ ༣ ལ་འདེབས་ཐུབ་པ་རེད།” ཅེས་བརྗོད་བྱུང་།

ཕྲན་གྱིས་དགེ་ལེགས་བཟང་པོ་ལགས་སུ། ཁྱོད་ཀྱིས་གསུང་སྟངས་བྱས་ན་ཞིང་ས་ཨེ་ཀར་གཅིག་ནས་ཟླ་གསུམ་ནང་ཡོང་འབབ་སྒོར་འབུམ་གཅིག་ལྷག་བཟོ་ཐུབ་ཀྱི་ཡོད་འདུག དེ་དངོས་ཡོད་རེད་དམ་ཞེས་དྲིས་པར་ཁོང་གིས། “ངས་དྲང་མོ་དྲང་རྐྱང་ཞུ་བཞིན་ཡོད། ཡག་པོ་ཡོད་ན་མེད་མདོག་མདོག་བཤད་དེ་ཕན་ཐོགས་ཡོད་པ་མ་རེད། ངས་སྡུག་སྐད་བརྒྱབ་ན་ང་ལ་སྤྲད་འཇོག་མཁན་དང་། ཡག་པོ་ཡོད་པ་བཤད་ན་འཕྲོག་འགྲོ་མཁན་ཡོད་མ་རེད། སོ་སོས་དཀའ་ལས་བརྒྱབ་པ་སོ་སོའི་རེད། ཡིན་ནའང་ངས་ན་ནིང་གཞེས་ནང་སྐད་ཆ་འདྲི་མཁན་ཚོར་དྲང་མོར་བཤད་དེ། གཞིས་ཆགས་ནང་གི་མི་ཁ་ཤས་ཀྱིས་ང་ལ་གཤེ་གཤེ་གཏོང་གི ཁྱོད་ཀྱིས་མི་གཞན་པར་སྐད་ཆ་གང་བྱུང་མང་བྱུང་བཤད་དེ་ང་ཚོར་གཞུང་གི་རོགས་སྐྱོར་རེག་གི་མི་འདུག་ལབ་སོང་།” ཞེས་བརྗོད་བྱུང་།

དགེ་ལེགས་བཟང་པོ་ལགས་ཆུང་དུས་སློབ་གྲྭ་འཛིན་རིམ་ ༨ པའི་བར་ཕྱིན་ཡོད་པ་དང་། རྗེས་ལ་ཕ་མའི་མཉམ་དུ་དགུན་ཚོང་རྒྱག་ཏུའང་སོང་ཡོད་འདུག ཁོང་གིས་ད་ལྟ་ཞིང་ས་ཨེ་ཀར་ ༡༡༤ ཙམ་འདེབས་བཞིན་ཡོད་པའི་ཁྲོད་ཨེ་ཀར་ ༧ ཙམ་སྲོལ་རྒྱུན་སོ་ནམ་ཡིན་འདུག ད་ལོ་ཁོང་བོད་མིའི་སྒྲིག་འཛུགས་ཀྱི་སོ་ནམ་པ་རྩེ་ཕུད་དུ་ངོས་འཛིན་ཐོབ་སྟེ། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢ ཉིན་བཙན་བྱོལ་བོད་མིའི་དམངས་གཙོའི་དུས་དྲན་སྟེང་ཁོང་ལ་༼ ཡར་ལུང་ཟོ་ཐང་གཟེངས་རྟགས།༽ཞེས་པ་དང་ཧིན་སྒོར་འབུམ་གཅིག་བཅས་ཐོབ་ཡོད།དགེ་ལེགས་བཟང་པོ་ལགས་ཀྱིས་བརྗོད་དོན། “ང་ཆུང་ཆུང་སྐབས་སློབ་གྲྭར་ཕྱིན་མྱོང་ལ། རྗེས་སུ་དགུན་ཚོང་རྒྱག་ཏུའང་སོང་པ་ཡིན། དངུལ་སྤྲད་དེ་ཕྱི་རྒྱལ་དུ་ཕྱིན་ནའང་འགྲོ་མ་ཐུབ་པ་མེད་ཀྱང་། ང་རང་གིས་ཞིང་ལས་བྱས་ཏེ་མི་ཚེ་བསྐྱལ་རྒྱུ་བདམས་པ་ཡིན། ང་རང་ལས་ཀ་འདི་ལ་འདོད་པ་ཁེངས་བསྡད་ཡོད། ང་ཆུང་ཆུང་སྐབས་ཨ་མ་ལགས་ཀྱིས་ས་ཞིང་རྩ་ཆེན་པོ་ཞེ་དྲགས་བརྩི་བ་རེད། ༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གིས་ང་ཚོར་ཞིང་ཁ་འདི་འདྲ་ཡག་པོ་གནང་སྟེ། ཟ་ཆོག་ཆོག་འཐུང་ཆོག་ཆོག་བཟོས་ཡོད་པ་འདི་ལ་བདག་པོ་ཡག་པོ་རྒྱག་དགོས་ཞེས་རྒྱུན་དུ་གསུང་གི་རེད། ཕྱི་ལོ་ ༢༠༠༢ ཙམ་ནས་བཟུང་ང་རང་གིས་མི་གཞན་གྱི་ཞིང་ས་བོགས་མར་བླངས་ཏེ་ཞིང་ལས་རྒྱ་ཆེ་རུ་བཏང་བ་ཡིན།” ཞེས་དང་། ཁོང་གིས་མུ་མཐུད་དུ། “དེང་སྐབས་མི་ཁ་ཤས་ཀྱིས་ཞིང་ཁ་འདེབས་ལས་བྱས་ན་ཕན་ཐོགས་མི་འདུག་ཟེར་གི མི་དེ་ཚོའི་གྲས་དཀའ་ལས་རྒྱག་རྒྱུར་དགའ་བོ་ཡོད་པ་མ་རེད། ཕྱི་རྒྱལ་ལ་འགྲོ་རྒྱུར་སྒོར་མོ་འབུམ་བཅུ་གཉིས་བཅུ་གསུམ་གཏོང་གི་ཡོད། སོ་སོའི་ཞིང་སའི་ཐོག་སྒོར་སྟོང་གཉིས་གསུམ་གཏོང་རྒྱུར་ཡང་ཕངས་པོ་བྱེད་ཀྱི་ཡོད་པ་རེད། ངས་སོ་སོའི་ཞིང་སའི་ཐོག་སྒོར་འབུམ་སུམ་ཅུ་བཞི་བཅུ་བཏང་ཡོད་རྒྱུ་རེད། ཕར་འགྲོ་སོང་མ་བཏང་ན་ཚུར་ཡོང་འབབ་ག་བ་རེག་གི་རེད། ངས་ཞིང་ཁའི་ཐོག་འགྲོ་སོང་མང་པོ་བཏང་སྟེ་ཐོན་འབབ་ཡག་པོ་ཡོད་པ་མཐོང་དུས་མི་རེ་ཟུང་གིས་ང་རང་གི་ཞིང་ཁ་ང་རང་ལ་སྤྲོད་རོགས་ལབ་མཁན་འདུག” ཅེས་བརྗོད་བྱུང་།

དགེ་ལེགས་བཟང་པོ་ལགས་ཀྱིས་བརྗོད་དོན། “ཞིང་ལས་དང་མཉམ་དུ་བ་ཕྱུགས་གསོ་རྒྱུ་གལ་ཆེན་པོ་རེད། ང་ལ་བ་ཕྱུགས་ཡག་པོ་ ༡༢ ཡོད། བ་ཕྲུག་བཙས་ནས་ཟླ་བ་ལྔ་དྲུག་རིང་བ་མོ་གཅིག་ལ་ཉི་མ་རེར་འོ་མ་ལི་ཊིར་(Litre) ༢༠ ཡོད་པ་རེད། འོ་མ་བཙོང་ན་ལི་ཊིར་གཅིག་ལ་སྒོར་ ༥༠ རེད། བ་མོར་རྩྭ་དང་ལྟོ་ཡག་པོ་སྤྲད་ན་ལོ་རྟག་པར་བ་ཕྲུག་བཙའ་ཡི་རེད། ངས་མཚམས་རེར་འོ་མ་དཀྲོགས་ཏེ་མར་དང་ཕྱུར་བ་བཙོང་གི་ཡོད། རྒྱ་གར་བ་ཚོས་དགའ་བོ་ཞེ་དྲགས་བྱེད་པ་རེད། ང་ཚོའི་ཆཱ་ཏི་སི་གྷར་མངའ་སྡེ་ནང་། མན་སྤར་ཊི་བོད་པའི་གཞིས་ཆགས་ལ་སྐད་གྲགས་ཡོད། སྲོལ་རྒྱུན་སོ་ནམ་(Organic food)རེག་གི་རེད་ལབ་ནས་ལྟ་སྐོར་བ་དང་། ཞིབ་འཇུག་པ་དེ་འདྲ་མང་པོ་ཡོང་གི་རེད།” ཅེས་བརྗོད་བྱུང་།དགེ་ལེགས་བཟང་པོ་ལགས་ཀྱིས་ཞིང་ཆུ་འདྲེན་གཏོང་སྐོར་བརྗོད་དོན། “དེང་སྐབས་ཞིང་ཁ་འདེབས་མཁན་མང་པོ་ཞིག་གིས་ས་འོག་ཆུ་འཐེན་འཕྲུལ་ཆས་ (Drip irrigation)ཞེས་པ་བེད་སྤྱོད་གཏོང་གི་འདུག ཞིང་ས་ཨེ་ཀར་གཅིག་ལ་སྒོར་ ༢༠༠༠༠ ཙམ་གྱི་ཆུ་གཏོང་སྤྱད་སྐུད་སྦུག་འཐེན་ན་འདང་གི་འདུག སྐུད་སྦུག་ཡག་པོ་ཉོས་ན་ལོ་བཅོ་ལྔ་ཉི་ཤུར་འདང་ས་རེད། ཆུ་མང་པོ་གཏོང་དགོས་ཀྱི་མི་འདུག ཚ་བ་ཆེ་དུས་ཉིན་རེར་ཆུ་ཐེངས་གཅིག་དང་། ས་ཆ་ཨེ་ཀར་གཅིག་ལ་ཆུ་ཚོད་གཅིག་མ་ཟིན་ཙམ་གཏང་ན་འགྲིག་གི་འདུག ཧ་ལམ་ཆུ་ལི་ཊར་(Litre)ཉིས་སྟོང་སུམ་སྟོང་ལྷག་འགྲོ་གི་ཡོད་ས་མ་རེད། ང་ཚོའི་མངའ་སྡེ་ནང་ཞིང་ཁར་ས་འོག་ནས་ཆུ་འཐེན་ན་གློག་རིན་མེད་རེད། དེ་ལ་གོ་སྐབས་དང་ཁེ་ཕན་ཆེན་པོ་ཡོད་པ་རེད།” ཅེས་ཧ་ཅང་སྤྲོ་སྣང་ཆེན་པོས་བརྗོད་བྱུང་།

གཞིས་གྲོང་ལྔ་པའི་སོ་ནམ་པ་དོན་གྲུབ་ཚེ་རིང་ལགས་ཀྱིས་བརྗོད་དོན། “ང་ལ་ཞིང་ས་ཨེ་ཀར་ ༥༠ ཡོད། མན་སྤར་ནས་འབྲུ་རིགས་དང་སྔོ་ཚལ། ཤིང་ཏོག་ག་རེ་ཡིན་ཡང་ཧ་ཅང་ཡག་པོ་སྐྱེ་གི་རེད། ས་ཆ་འདི་རི་སྒང་ཡིན་ཡང་ས་འོག་ན་ཆུ་ཡག་པོ་ཡོད་ས་རེད། ས་ཕི་ཊི་ Feet ༡༤༠ ཙམ་བརྐོས་ན་ཆུ་འཐོན་ཀྱི་འདུག” ཅེས་བརྗོད་བྱུང་།དོན་གྲུབ་ཚེ་རིང་ལགས་ནི་སིམ་ལ་གཏན་སློབ་ནས་འཛིན་རིམ་ ༡༢ ཐོན་རྗེས། མན་སྤར་གཞིས་ཆགས་ནང་དང་བླངས་དགེ་རྒན་དང་། ༡༩༩༧ ལོར་བོད་གཞུང་གིས་ལོ་གཅིག་ལྷག་རིང་སོ་ནམ་སློབ་སྟོན་ཟབ་སྦྱོང་སྤྲད་ཡོད་པ་དང་། ༡༩༩༩ ལོར་ཨེ་ཛི་རཱལ་(ISRAEL)དུ་བསྐྱོད་དེ་ཟླ་བ་ ༡༡ རིང་ཞིང་ལས་ཟབ་སྦྱོང་གནང་རྗེས་ཕྱིར་ལོག་སྟེ་གཞིས་ཆགས་ནང་ ༢༠༠༥ ལོའི་བར་སོ་ནམ་སློབ་སྟོན་པ་གནང་ཡོད་འདུག དེའི་རྗེས་ལས་གནས་ནས་དགོངས་པ་ཞུས་ཏེ་སྒེར་གྱིས་སོ་ནམ་ཞིང་ལས་མགོ་བཙུགས་ཡོད་འདུག

དོན་གྲུབ་ཚེ་རིང་ལགས་ཀྱིས་མན་པར་གཞིས་ཆགས་ཀྱི་སྲོལ་རྒྱུན་སོ་ནམ་སྐོར་བརྗོད་དོན། “མན་སྤར་གཞིས་གྲོང་ལྔ་པར་༼སྲོལ་རྒྱུན་སོ་ནམ་གཞིས་གྲོང་།༽ཞེས་བཏགས་ཡོད་པ་རེད། གཞིས་གྲོང་དེའི་མི་ཚང་ཡོངས་རྫོགས་ཀྱིས་སྲོལ་རྒྱུན་སོ་ནམ་འདེབས་ལས་བྱེད་བཞིན་ཡོད། ༢༠༠༥ ལོ་ནས་ང་རང་སྒེར་ངོས་ནས་ཞིང་ཁ་འདེབས་ལས་མགོ་བཙུགས་པ་ཡིན། ད་ལྟ་བསམ་བློ་བཏང་ན། བཀའ་ཤག་སྐབས་བཅུ་གཉིས་པས་ ༢༠༠༣ ལོ་ནས་སྲོལ་རྒྱུན་སོ་ནམ་འདེབས་ལས་གནང་པ་དེ་ཧ་ཅང་རྩ་ཆེན་པོ་རེད། སྐབས་དེ་དུས་འཚོ་བ་རྒྱུན་གནས་(Sustainable)ཙམ་ལ་དགོངས་པ་བཞེས་པ་རེད། དེང་སྐབས་སྤྱི་སྒེར་གཉིས་ལ་ཕན་ཐོགས་པ་དང་ཚོང་ལས་(Commercial)ཐད་ནས་ཀྱང་ཁེ་ཕན་ཆེན་པོ་ཡོད་པ་ཞིག་རེད། སྲོལ་རྒྱུན་སོ་ནམ་འདེབས་ལས་ཐོག་མ་མགོ་འཛུགས་སྐབས། མངའ་སྡེ་ཡོངས་ནང་སྲོལ་རྒྱུན་འདེབས་མཁན་ང་ཚོའི་གཞིས་ཆགས་གཅིག་པོ་རེད། གསར་འགྱུར་མང་པོའི་ནང་སླེབས་པ་རེད། ང་སློབ་གྲྭ་དེ་འདྲའི་ནང་ལ་སྐད་ཆ་བཤད་དུ་སྐད་གཏོང་སྐབས། མི་མང་པོ་ཞིག་ཧང་སང་སང་བྱེད་ཀྱི་འདུག ཁ་ཤས་ཀྱིས་ཁྱོད་ཚོ་ཀླད་པ་རྙིང་པ་རེད་ལབ་ནས་འཕྱ་ལད་རྒྱག་གི དེང་སྐབས་མི་ཚང་མས་སྲོལ་རྒྱུན་སོ་ནམ་རྩ་ཆེན་པོར་བརྩི་བཞིན་ཡོད་པ་རེད། སྲོལ་རྒྱུན་སོ་ནམ་གྱི་འབྲུ་རིགས་ལ་གོང་ཆེན་པོ་ཞེ་དྲག་རེད།” ཅེས་བརྗོད་བྱུང་།ཁོང་ལ་སྲོལ་རྒྱུན་དང་རྫས་སྦྱོར་གཉིས་ཀྱི་ཁྱད་པར་འདྲི་སྐབས་ཁོང་གིས། “ང་རང་གིས་ས་ཆ་ཨེ་ཀར་ ༣༠ ཙམ་ལ་སྲོལ་རྒྱུན་སོ་ནམ་འདེབས་བཞིན་ཡོད། སྲོལ་རྒྱུན་ཐོག་མ་མགོ་འཛུགས་སྐབས་ཐོན་འབབ་ཕྲན་བུ་ཉུང་དུ་ཕྱིན་སོང་། གང་ཡིན་ཟེར་ན། སྔོན་མ་ཞིང་ཁར་རྫས་ལུད་མང་པོ་བླུགས་ཏེ་ས་འཕྲོ་བརླག་ཏུ་ཕྱིན་ཡོད་ས་རེད། རྗེས་ལ་ཞིང་ཁར་བ་ཕྱུགས་ལུད་བླུགས་ཏེ་ལོ་ཤས་ཕྱིན་རྗེས་སྲོལ་རྒྱུན་དང་རྫས་སྦྱོར་གཉིས་ཀྱི་ཐོན་འབབ་འདྲ་བོ་ཆགས་སོང་། ད་ལྟ་སྲོལ་རྒྱུན་ཞིང་ས་ལ་ལུད་མ་བླུགས་ཀྱང་སྟོན་ཐོག་ཡག་པོ་ཡོང་གི་འདུག ཡིན་ནའང་ ༢༠༡༠ ལོའི་རྗེས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་སྲོལ་རྒྱུན་སོ་ནམ་འདེབས་ལས་ཐོག་མཐུན་འགྱུར་གནང་རྒྱུ་མཚམས་བཞག་པ་དེས་ཞིང་པ་ཚོར་དཀའ་ངལ་འཕྲད་བསྡད་ཡོད་པ་རེད། ལས་གཞི་རྒྱ་ཆེ་རུ་གཏོང་ཐུབ་ཀྱི་ཡོད་པ་མ་རེད།” ཅེས་བརྗོད་བྱུང་།

དོན་གྲུབ་ཚེ་རིང་ལགས་ཀྱིས་མུ་མཐུད་དུ་བརྗོད་དོན། “ས་ཆ་འདི་ལ་བོད་པ་བསླེབས་ཏེ་ཞིང་ལས་ཡར་རྒྱས་ཕྱིན་པ་རེད། སྔོན་མ་ཨ་ཤོམ་དང་འབྲས་ཆུང་(majree)ཙམ་མ་གཏོགས་ཡོད་ས་མ་རེད། བོད་པ་སླེབས་རྗེས་བྲ་བོ་དང་ཞོག་ཁོག་འདེབས་མགོ་བཙུགས་པ་རེད། ལྷག་པར་དུ་ཞིང་ཁར་ར་བ་སྐོར་བ་དང་ཆུ་འདྲེན་པ། ཤིང་ཏོག་དང་སྔོ་ཚལ་འདེབས་པ་སོགས་བོད་པ་ཚོས་བསླབས་པ་རེད། བརྒྱད་ཅུ་དགུ་བཅུའི་ནང་སུར་གྷུ་ཅཱ་(Surguja) རྫོང་ཡོངས་ཀྱི་ཞིང་ལས་ཐོན་འབབ་གཙོ་བོ་མན་སྤར་གྱི་བྲ་བོ་དང་ཞོག་ཁོག་རེད། སྐད་གྲགས་ཆེན་པོ་ཆགས་པ་རེད།” ཅེས་བརྗོད་བྱུང་།

དོན་གྲུབ་ཚེ་རིང་ལགས་ཀྱིས་སྲོལ་རྒྱུན་སོ་ནམ་ཐོག་དཀའ་ལས་མང་པོ་བརྒྱབ་སྐོར་བརྗོད་དོན། “ཐེངས་ཤིག་སོ་ནམ་སློབ་སྟོན་པ་ཚོར་༧གོང་ས་མཆོག་གི་མཇལ་ཁ་རེག་སྐབས། ཁོང་གིས་གཞིས་ཆགས་ནང་གི་ཞིང་པ་ཚོར་རོགས་པ་ཡག་པོ་བྱོས་ཨ་གསུངས་སོང་། བཀའ་སློབ་དེ་སྙིང་ལ་བཅངས་ནས་སོ་སོས་དཀའ་ལས་བརྒྱབ་པ་ཡིན། ངས་སྲོལ་རྒྱུན་སོ་ནམ་འདེབས་ལས་དང་མཉམ་དུ་བ་ཕྱུགས་གསོ་ཉར་(Dairy farming)གལ་ཆེན་པོར་མཐོང་སྟེ། ༢༠༠༥ ལོ་ནས་བུ་ལོན་གཡར་ཏེ་བ་ཕྱུགས་ཉར་པ་ཡིན། ༢༠༡༣ ལོར་གཞིས་ཆགས་ནང་གི་སྲོལ་རྒྱུན་སོ་ནམ་པ་ཚོའི་ཆེད་དུ་ཞིང་པའི་མཐུན་ཚོགས་བཙུགས་ཏེ། ཞིང་པ་ཚོའི་སྟོན་ཐོག་བསྡུས་ཏེ་རྩམ་པ་འཐག་པ་དང་། པད་གངས་ཀྱི་སྣུམ། བྲ་བོ་དང་མན་ཇའི་ཕྱེ། སྒ་སྨུག་དང་སྒ་སེར་གྱི་ཕྱེ་མ་ཤོག་ཐིམ་སོགས་བཟོས་ཏེ་(Earth care Tibetan organic) ཟེར་བ་ཞིག་ཚོང་འགྲེམ་བྱས་པ་ཡིན།” ཞེས་བརྗོད་བྱུང་།“ངས་ལས་གཞི་འདྲ་མིན་སྤེལ་བའི་ཉམས་མྱོང་ལས་མཐའ་མར་ཕུགས་རྒྱང་རིང་པོ་དང་བརྟན་ཤོས་ག་རེ་མཐོང་སོང་ཟེར་ན། ཞིང་ཁའི་མཐའ་དང་ཞིང་ཚིགས་བར་ལ་འབྲས་ལྡན་ཤིང་སྡོང་འདེབས་འཛུགས་(agri horticulture)དང་། འབྲས་མེད་ཤིང་སྡོང་འདེབས་འཛུགས་(Agro Reforest)ཞེས་པ་དེ་གལ་ཆེན་པོར་མཐོང་སྟེ། ༢༠༡༦ ལོ་ནས་ས་ཆ་ཨེ་ཀར་ ༤ ཙམ་ནང་འབྲས་ལྡན་ཤིང་སྡོང་འདེབས་འཛུགས་བྱས་པ་ཡིན། ཞིང་བར་ལ་ཤིང་སྡོང་འདེབས་འཛུགས་བྱས་ན་ཞིང་ཁར་རླན་གཤེར་འཛིན་པར་ཕན་ཐོགས་ཆེན་པོ་ཡོད། ལས་ཀ་འདི་ཆུང་ས་ནས་སྒེར་སོ་སོར་ཐོན་འབབ་ཡག་པོ་ཡོད་པ་ཞིག་དང་། ཆེ་ས་ནས་འཛམ་གླིང་གནམ་གཤིས་འགྱུར་ལྡོག་ལའང་ཕན་ཐོགས་ཡོད་པ་ཞིག་རེད།” ཅེས་བརྗོད་བྱུང་།

གཞིས་གྲོང་དྲུག་པའི་ཞིང་པ་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་བརྗོད་དོན། “ངས་ཞིང་ས་ཨེ་ཀར་ ༡༤༥ ཙམ་འདེབས་བཞིན་ཡོད། ལས་ཀ་མང་པོ་འདུག་མ་གཏོགས་ཐོན་འབབ་ཧ་ཅང་ཡག་པོ་འདུག དཔེར་ན། ཞིང་ས་ཨེ་ཀར་གཅིག་ལ་བྲ་བོ་ཀེ་ལོ་(Kilo) ༣༠ ཙམ་བཏབས་ན། ཟླ་བ་གསུམ་ནང་སྟོན་ཐོག་ཀེ་ལོ་ ༦༥༠ ཡས་མས་རེག་གི་རེད། གཞེས་ནིང་ལོར་བྲ་བོ་ཀེ་ལོ་གཅིག་ལ་སྒོར་ ༦༠ སྤྲད་སོང་། ” ཅེས་དང་། ཁོང་གིས་མུ་མཐུད་དུ་བརྗོད་དོན། “ ཞིང་ཁ་འདེབས་སྐབས་གླ་བ་མང་པོ་དགོས་ཀྱང་། མན་པ་ཊི་ནས་གླ་བ་ཁེ་པོ་རེད། ངས་ལོ་རྟག་པར་རྒྱ་གར་སྐྱེས་པ་ ༢༥ དང་། བུད་མེད་ ༥༠ གླ་བཞིན་ཡོད། སྐྱེས་པ་ཚོར་ཉིན་རེར་གླ་སྒོར་ ༡༥༠ དང་། བུད་མེད་ཚོར་སྒོར་ ༡༠༠ རེ་རེད། ཞིང་ཁ་འཕྲུལ་ཆས་ཀྱིས་འདེབས་ལས་བྱེད་བཞིན་ཡོད་པ་རེད། ང་ལ་ཞིང་ལས་འཕྲུལ་ཆས་ཊཀ་ཊིར་(takter)གཉིས་དང་། འབྲས་འཐག་འཕྲུལ་འཁོར་(Multi thrasher)གཅིག་ཡོད།” ཅེས་བརྗོད་བྱུང་།

བཀྲ་ཤིས་སྟོབས་རྒྱལ་ལགས་མན་སྤར་གཞིས་ཆགས་ནང་གི་སློབ་གྲྭ་འཛིན་རིམ་ ༨ པ་ཐོན་རྗེས། ནང་གི་དཀའ་ངལ་འོག་མུ་མཐུད་སློབ་གྲྭར་འགྲོ་ཐུབ་མེད་པར། ཕ་མ་དང་མཉམ་དུ་དགུན་ཚོང་རྒྱག་ཏུ་ཕྱིན་པ་དང་། དེ་རྗེས་གླ་འཁོར་གཏོང་བ་སོགས་ལས་ཀ་སྣ་ཚོགས་བྱས་ཤིང་། ༢༠༠༤ ལོ་ནས་ཞིང་ཁ་འདེབས་ལས་མགོ་བཙུགས་ཡོད་པ་དང་། ༢༠༠༦ ལོར་ཨེ་ཛི་རཱལ་དུ་ཞིང་ལས་ཟབ་སྦྱོང་དུ་བསྐྱོད་ཡོད་འདུག

བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་བརྗོད་དོན། “སྤྱིར་ངས་ལས་ཀ་སྣ་ཚོགས་བྱས་པ་ཡིན། སོ་ནམ་ཞིང་ལས་དེ་ཐོན་འབབ་ཡག་ཤོས་དང་བརྟན་ཤོས་རེད། དཀའ་ངལ་ཆེ་ཤོས་སྟོན་ཐོག་བཙོང་སའི་ཁྲོམ་རྭ་མི་རེག་པ་དེ་རེད། སྔོན་མ་སྟོན་ཐོག་མཉམ་འབྲེལ་གྱིས་ཉོ་བཞིན་ཡོད་ཀྱང་། ད་ལྟ་མཉམ་འབྲེལ་གྱིས་རོགས་པ་བྱེད་ཐུབ་ཀྱི་ཡོད་པ་མ་རེད། ས་གནས་རྒྱ་གར་ཚོང་པ་ཚོར་བཙོང་ན་དངུལ་དུས་ཐོག་ལ་རེག་གི་མི་འདུག མན་སྤར་ཊི་ལ་མཚོན་ན། ཞིང་ཁ་ཚང་མར་ར་བ་བསྐོར་ཏེ། ཞིང་ཆུ་འདྲེན་གཏོང་ཐུབ་ན། ལོ་གཅིག་ལ་ཐེངས་གསུམ་འདེབས་ལས་ཐུབ་པ་དང་། ཐོན་འབབ་ཀྱང་ཧ་ཅང་ཡག་པོ་ཡོང་གི་རེད། འདིའི་ཐད་བོད་མིའི་སྒྲིག་འཛུགས་ཀྱིས་རོགས་པ་གནང་ཐུབ་ན་ཞིང་པ་ཚོར་དཔེ་མི་སྲིད་པའི་ཕན་ཐོགས་ཆེན་པོ་ཡོང་ས་རེད།” ཅེས་བརྗོད་བྱུང་།བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་བཙན་བྱོལ་བོད་མིའི་ཞིང་པ་སྤྱི་ཡོངས་ཀྱི་དཀའ་ངལ་བརྗོད་དོན། “ང་རང་གི་ལྟ་སྟངས་བྱས་ན། གཞོན་སྐྱེས་ཚོ་ཞིང་ལས་ལ་དབྱིངས་བསླེབ་ཐུབ་ཀྱི་མེད་པའི་རྒྱུ་མཚན་གཙོ་བོ་གཉིས་རེད། གཅིག་ཞིང་ས་ཁྱིམ་ཚང་སོ་སོར་གཏན་འཇགས་ཀྱི་བདག་དབང་མེད་པ་དང་། ལྷག་པར་དུ་གཞིས་ཆགས་ཀྱི་ཞིང་ས་ཚང་མར་རྒྱ་གར་གཞུང་གི་ཕུགས་འཕེར་ཡིག་ཆ་བརྟན་པོ་མེད་སྟབས། ས་ཞིང་ལ་བརྒྱ་ཆའི་བརྒྱ་བློ་འཁེལ་ནས་ཤུགས་རྒྱག་རྒྱུ་དང་འགྲོ་སོང་གཏོང་རྒྱུ་བློ་ཁོག་གིས་འདང་གི་ཡོད་པ་མ་རེད། གཉིས་པ། རང་གཞུང་གི་ས་ཁང་སྒྲིག་གཞིའི་ནང་། མི་ཞིག་གྲོངས་ན་དེའི་ས་ཞིང་གཞུང་ལ་རྩིས་སྤྲོད་དགོས་པ་དང་། ཕྲུ་གུ་ཞིག་སྐྱེ་ན་དེ་ལ་ས་ཁུལ་གཞན་ཞིག་ནས་ཐོབ་སྐལ་རེག་འགྲོ་བ་སོགས་མི་ཚང་གཅིག་གི་ཞིང་ས་མཉམ་དུ་གནས་ཐུབ་ཀྱི་མེད་སྟབས། ཞིང་སར་ར་བ་སྐོར་རྒྱུ་དང་ཆུ་འཐེན་རྒྱུ། ལས་ཀ་བྱེད་རྒྱུ་སོགས་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་རེད། ང་ཚོ་ཞིང་ས་བོགས་མར་ལེན་མཁན་ཚོར་ཡང་ཞིང་ཁ་མཉམ་དུ་མེད་པ་དེ་དཀའ་ངལ་ཆེ་ཤོས་རེད།” ཅེས་བརྗོད་བྱུང་།

ཕན་བདེ་གླིང་ས་གནས་མགོ་འཛིན་ལས་ཁུངས་ཀྱི་སོ་ནམ་སློབ་སྟོན་པ་བསྟན་པ་ལགས་ཀྱིས་བརྗོད་པ་ལྟར་ན། མན་སྤར་གཞིས་ཆགས་ནང་ཞིང་ས་ཨེ་ཀར་ ༣༠ ལྷག་འདེབས་མཁན་མི་ཚང་ཉི་ཤུ་ལྷག་ཡོད་པ་ལས། གཞིས་གྲོང་ལྔ་པའི་བསྟན་འཛིན་འཕྲིན་ལས་ལགས་ཀྱིས་ཞིང་ས་ཨེ་ཀར་ ༡༡༥ དང་། གཞིས་གྲོང་དྲུག་པའི་ཀརྨ་བཀྲ་ཤིས་ལགས་ཀྱིས་ཨེ་ཀར་ ༤༥ ། གཞིས་གྲོང་བཞི་པའི་བསྟན་འཛིན་ཡིད་དབང་ལགས་ཀྱིས་ཨེ་ཀར་ ༧༠ བཅས་འདེབས་བཞིན་ཡོད་པ་མ་ཟད། བསྟན་འཛིན་ཡིད་དབང་ལགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ ༢༠༡༩ ལོའི་༼ ན་གཞོན་སོ་ནམ་པ་རྩེ་ཕུད།༽ཅེས་པའི་གཟེངས་རྟགས་ཀྱང་ཐོབ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

His Holiness the Dalai Lama teaching at Karsha Phodrang in Zanskar, Ladakh, India on July 25, 2025. (Photos by Tenzin Choejor)
༸གོང་ས་མཆོག གསར་འགྱུར།

ལ་དྭགས་གླེ་རུ་ཆར་ཤུགས་ཆེ་བའི་རྐྱེན་གྱིས་ཆིབས་བསྒྱུར་ཕྱིར་འགྱངས་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Ven. Zega Gyatso Arrested. Photo :Tibettimes 2025/8/25
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་འཛིན་བཟུང་བྱས་འདུག

༢༠༢༥/༠༨/༢༥
རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་བཀྲ་ཤིས་འཁྱིལ་དགོན་པར་རིགས་གྲྭ་རིག་པའི་རལ་གྲི་རྗེ་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་དགུང་གྲངས་བརྒྱའི་སྟེང་སྐུ་གཤེགས་ཡོད་འདུག ༢༠༢༥།༨།༢༥
Mobile App

རིགས་གྲྭ་རིག་པའི་རལ་གྲི་རྗེ་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་དགུང་གྲངས་བརྒྱའི་སྟེང་སྐུ་ཞི་བར་གཤེགས།

༢༠༢༥/༠༨/༢༥
བོད་བོང་སྟག་མུ་རུའི་རྩྭ་ཐང་དུ་མི་ལོ་ ༤༠ ལྷག་རིང་རྡོ་སོལ་སྔོག་འདོན་བྱས། ༢༠༡༨ དྲ་ལམ་གྱི་པར།
Mobile App

ལོ་ལྔའི་ནང་རྒྱ་ནག་གཞུང་གིས་སྔར་ལྷག་རྡོ་སོལ་སྔོག་འདོན་བྱ་རྒྱུ་ཡིན་འདུག

༢༠༢༥/༠༨/༢༥
Mobile App

མདོ་སྨད་གཙང་དགོན་པའི་གྲྭ་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བློས་བཏང་།

༢༠༢༥/༠༨/༢༢
སྲིད་སྐྱོང་མཆོག་གིས་སུ་ཇཱ་བོད་ཁྱིམ་གྱི་དགེ་སློབ་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༨།༢༡ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ནང་བྱིས་པ་རྣམས་རྒྱ་སྐད་བཤད་མཁན་ཆགས་པ་དང་བཙན་བྱོལ་ནང་བོད་སྐད་ལ་དོ་སྣང་མ་བྱས་ན་འགྲིག་གི་མ་རེད།

༢༠༢༥/༠༨/༢༢

མཆན། 0

  1. རིག་གྲོལ། says:
    ལོ་ 6 སྔོན།

    (ངོ་དེབ་ནང་གི་ཟུར་མཆན་ཞིག་ཧ་ཅང་བདེན་པར་མཐོང་སྟེ་འདི་ལ་བརྒྱུད་བསྒྲགས་བྱཡོད།)

    རྩོམ་ཡིག་འདི་ཡག་པོ་ཞེ་དྲག་བྱུང་སོང་། རྩོམ་ཡིག་འདི་ཀློག་སྟེ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དང་སྐབས་དེའི་བཀའ་ཤག་གི་བཀའ་དྲིན་ཚོར་སོང་། ལོ་ཤས་གོང་ལ་མན་སྤར་ཕན་བདེ་གླིང་གི་ཞིང་ལས་སྐོར་བོད་གཞུང་དྲིལ་བསྒྲགས་དྲ་རྒྱའི་སྟེང་ཁྱབ་བསྒྲགས་སྤེལ་བ་དང་། ཉེ་ལམ་ཞིང་པ་ཁ་ཤས་ལ་རྡ་རམ་ས་ལ་ནས་གཟེངས་རྟགས་ཤིག་ཀྱང་སྤྲད་སོང་། འོན་ཀྱང་ལས་དོན་འདི་བཀའ་ཤག་སྐབས་བཅུ་གཉིས་བཅུ་གསུམ་གྱི་བྱས་རྗེས་དང་གྲུབ་འབྲས་ཡིན་པ་གསུངས་མ་སོང་། ད་རེས་རྩོམ་ཡིག་འདི་བརྒྱུད་དེ་མན་སྤར་གྱི་སོ་ནམ་ཞིང་པ་མང་པོ་ཞིག་གིས་སྤྱི་ལོ་ ༢༠༠༥ ཙམ་ནས་སོ་ནམ་ཞིང་ལས་རྒྱ་སྐྱེད་གནང་པ་དང་། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཁྲི་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་སློབ་གསུང་བཤད་ལ་བརྟེན་ཏེ་མི་མང་གི་སེམས་ཤུགས་འཕར་པ་ཞིག་ཡིན་པ་གསལ་བོ་ཆགས་སོང་། ཐུགས་རྗེ་ཆེ།།
    འོག་ཏུ་བཀའ་ཤག་གི་ཁྱབ་བསྒྲགས་ཀྱི་འབྲེལ་ཐག་སྤེལ་ཡོད https://www.bod.asia/…/%E0%BD%96%E0%BD%BC%E0%BD%91%E0…/

    Reply
  2. མིག་དམར། says:
    ལོ་ 6 སྔོན།

    རྩོམ་ཡིག་དཔེ་མི་སྲེད་ཡག་པོ་བྲིས་གནང་འདུག ད་དུང་བོད་གཞུང་གི་བཀའ་བློན་དང་སྤྱི་འཐུ་གཞུང་ཞིབས་སོགས་གནད་ཡོད་མི་སྣའི་ནང་མན་པར་ཊི་གཞིས་ཆགས་ནས་ཡིན་པ་མང་པོ་ཞིག་ཡོད་པ་རེད། རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་སློབ་སྦྱོང་ཚད་མཐོན་པོ་ཐོན་མཁན་དང་། ལས་ཀ་གལ་གནད་ཅན་གྱི་ཕྱག་ལས་གནང་མཁན་ཡང་མང་པོ་ཡོད་པ་ཁོང་རྣམས་ཀྱང་རྩོམ་ཡིག་འདིའི་ནང་ལ་གླེང་ཐུབ་ཡོད་ན་ཕུན་སུམ་ཚོགས་པའི་ཡན་ལག་ཆགས་ས་རེད། མན་སྤར་ཕན་བདེ་གླིང་གི་ཡོན་ཏན་ཆེ་ཤོས་དེ་ནི་གཞིས་ཆགས་ཉམས་ཆུང་ཡ་རབས་ཡོད་པ་ཡོངས་གྲགས་ཆགས་ཡོད་པ་རེད།
    བོད་རྒྱལ་ལོ།
    ཕན་བདེ་གླིང་རྒྱལ་ལོ།

    Reply
  3. བསྟན་འཛིན། says:
    ལོ་ 6 སྔོན།

    སྤྱི་སེམས་ཡོད་ན་རྩོམ་ཡིག་འདི་འདྲ་འབྲི་དགོས་རེད། ནང་ཁུལ་རྒྱག་རིས་བརྒྱབ་བསྡད་ནས་ཡོང་རྒྱུ་ཡོད་མ་རེད། བོད་ཀྱི་དུས་བབ་ཚང་གི་གསར་འགོད་པ་ཚང་མ་ཐུགས་རྗེ་ཆེ།

    Reply
  4. བློ་བཟང་། says:
    ལོ་ 6 སྔོན།

    སྐུ་ངོ་མཆོག་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ། ཡ་ཡོ་ཀྱ་ཀྱོག་མེད་པར་སྤྱི་སེམས་ཁོ་ནའི་ཀུན་ནས་བསླངས་ཏེ་འདི་ལྟ་བུའི་ཞིབ་འཇུག་གི་རྩོམ་ཡིག་བྲིས་གནང་པར་ཐུགས་རྗེ་ཆེ་ཞུ། རྩོམ་ཡིག་འདི་མར་ཀློག་ནས་ཡོང་སྐབས་སྤོབས་པ་སྐྱེས་པ་ཞིག་བྱུང་།
    དེང་སྐབས་མི་ཚང་མ་སྨྱོན་པ་ཆགས་ཏེ་ཕྱོགས་ཞེན་དང་དགའ་མིན་དགའ་ཐོག་མ་གཏོགས་བློ་གཟུ་བོར་གནས་པའི་ཐོག་ནས་བོད་སྤྱི་བར་བསམ་བློ་བཏང་ནས་སྐད་ཆ་ཤོད་མཁན་དང་རྩོམ་ཡིག་སྤེལ་མཁན་ཧ་ཅང་དཀོན་པོ་རེད།

    Reply
  5. བསོད་ཚེ། says:
    ལོ་ 6 སྔོན།

    ཆབ་སྲིད་རྙོག་གླེང་དང་ཆམ་རིམས་འཇིགས་སྣང་སྐབས་རྩོམ་ཡིག་འདི་འདྲ་ཀློག་ན་སེམས་ལ་རེ་བ་དང་ལུས་ལ་བདེ་བ་སྟེར།

    Reply
  6. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་སྐུ་ངོ་དོན་འགྲུབ་བཀྲིས་མཆོག་ནས་ཕན་བདེ་གླིང་གཞིས་ཆགས་ཀྱི་ས་བབས་དང་མི་མང་གི་འཚོ་གནས་ཐོག་ཐུགས་ཞིབ་གནང་བའི་གཟིགས་ཚུལ་རྣམས་གསར་ཤོག་སྟེང་བཀོད་པ་བཀྲིན་ཆེ་ཐུགས་རྗེ་ཆེ།

    Reply
  7. འཛམ་གླིང་སྤྱི་དམངས། says:
    ལོ་ 6 སྔོན།

    ཕྱོགས་བསྐྱོད་ལ་ཕེབས་མཁན་གྱི་སྤྱི་འཐུས་རྣམ་པ་ཚང་མས་འདི་ལྟར་ཟིན་ཐོ་འདེབས་ཐུབ་ན་ཅི་མ་རུང་། ལྷག་པར་དུ་བལ་ཡུལ་ཕྱོགས་ཀྱི་གཞིས་ཆགས་སྐྱོ་བོ་དེ་ཚོའི་སྐོར་ནས་ཟིན་ཐོ་བཏབ་སྟེ་འཇོག་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད། ཞོར་དུ་ཀརྨ་རྣམ་དག་ལགས་ལ་ཞུ་རྒྱུར། དྲུག་ཅུ་རེ་གྲངས་ཀྱི་གཞིས་ཆགས་རྣམས་ཀྱི་ཁྲོད་ན་རྩོད་རྙོག་མེད་པའི་གཞིས་ཆགས་ཤིག་ཧ་ལམ་མེད། ཡིན་ཡང་སྐབས་དེའི་བསམ་སྦྱོར་ངན་པའི་མི་རེ་ཟུང་གི་མངག་བཀོད་ལྟར་ཟང་ཟིང་ཆགས་པ་རེད་མ་གཏོགས་སྤྱིའི་ཆ་ནས་ཧ་ཅང་ཞི་བདེ་རེད།

    Reply
  8. ཀརྨ་རྣམ་རྒྱལ། says:
    ལོ་ 6 སྔོན།

    མན་པར་ཊི་གཞིས་ཆགས་ནང་སྤྱོད་པ་རིལ་རིལ་དང་བསམ་པ་ཀྱོག་ཀྱོག་མང་པོ་ཡོད་པ་རེད། ཐོག་མ་བོད་པ་ཚོ་བཙན་བྱོལ་དུ་ཡོང་བའི་རྗེས་ལ་མན་པར་གྱི་ཀེམ་གཉིས་པ་འབྲུག་ལ་འགྲོ་གི་ཡིན་ལབ་ནས་ཕྱིན་པ་རེད། མངའ་སྡེ་དེའི་གྲོང་ཁྱེར་ནང་སླེབས་སྐབས་རྒྱ་གར་གཞུང་གིས་བཀག་སྟེ་འགྲོ་མ་བཅུག་པར་ལོ་ཤས་རིང་གྲོང་འཁྱེར་དེར་ལྷག་པ་རེད། རྗེས་ལ་ཕྱིར་གཞིས་ཆགས་ནང་མི་ལོག་ཐབས་མེད་ཆགས་པ་རེད།

    Reply
  9. མིག་དམར། says:
    ལོ་ 6 སྔོན།

    བོད་ཀྱི་དུས་བབ་ཚང་ལ་རེ་སྐུལ་ཞུ་རྒྱུ། སྤྱི་སྨིན་གྱི་རྩོམ་ཡིག་འདི་ཨིན་ཡིག་ནང་བསྒྱུར་ཐུབ་ན་ཧ་ཅང་ཕན་ཐོགས་ཆེན་པོ་འབྱུང་ངེས་རེད།

    Reply
  10. རབ་བརྟན། says:
    ལོ་ 6 སྔོན།

    ངོ་མ། དྲོ་བ་ཆེན་པོ་འདུག རྣམ་པ་ཚང་མ་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese