མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནད་སོགས་ཟེར་བས་མི་ཕན།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

                                    ལྷ་རུའི་བུ། (ལ་དྭགས། )

སེམས་ངལ་གྱིས་ཉིན་མཚན་མནར་བའི་དེང་གི་ཛ་དྲག་ཆེ་བའི་དུས་སྐབས་སུ། རང་སྣང་གང་དྲན་དང་དཔྱོད་ཤེས་མེད་པའི་བསམ་པའི་ཀུན་སློང་ལ་ཚོད་འཛིན་དགོས་པ་ནི། སྡུག་བསྔལ་གྱི་ལོ་ཟླའི་ཁྲོད་ལ་ཅིས་ཀྱང་མཉམ་པར་བཞག་དགོས་པའི་གནད་ཁག་ཅིག་ཡིན།    ཁ་པར་དང་བརྙན་ལེན་བརྙན་མིག་གི་མདུན་ལ་ཚིག་གསུམ་སྨྲ་སྒོ་ནས་མ་འཐོན་གོང་། ལེན་དྲུག་ཁོག་ལ་བསམ་དགོས་པའི་དོན་གནད་ཇི་སྙེད་ཅིག་ཡོད། ཆེ་ས་རྒྱལ་ཁབ་དང་ཆུང་ས་མི་སྒེར་སུ་ཡིན་ནའང་། ང་ཚོའི་འཇིག་རྟེན་གྱི་མིའི་རིགས་ལ་ཕྲད་དང་འཕྲད་བཞིན་པའི་ནད་ཡམས་ཀྱི་འཇིགས་པ་དེ། ཁྱོད་དང་ཁྱོད་ཀྱི་གཉེན་ཉེའི་སྒོ་འགྲམ་ན་བསླེབ་མི་སྲིད་པ་ཞིག་ཡིན་པ་སུས་ཀྱང་བརྗོད་མི་ཤེས་པས། གཞན་སྡུག་བསྔལ་གྱི་མིག་ཆུ་གཏང་སར་ཁྱོད་ཀྱིས་རྔ་རྡུང་གར་འཁྲབ་བྱེད་ན་མི་ཆོས་ཀྱི་རྩ་བ་མ་ནས་མེད་པའི་བྱེད་སྟངས་ཤིག་ཡིན། ཉེ་དུས་རྒྱ་གར་ནང་བལ་པོ་དང་ལ་དྭགས་པ། རྒྱ་གར་ཤར་ཁུལ་གྱི་མི་རིགས་རྒྱ་རིགས་བཞིན་གཟུགས་བོངས་ཆུང་ལ་ཤ་རྩི་དཀར་བ་མ་ཟད། མིག་ཟུང་ཡང་རྒྱ་རིགས་ལྟར་ཆུང་བའི་མི་རྣམས་རིག་མ་ཐག  ཀོ་རོ་ནཱ་ཞེས་མིང་ནས་འབོད་ཅིང་དོགས་པ་བྱེད་པ་དང་། ཁོང་ཚོ་ཚོང་ཁང་སོགས་ལ་སླེབས་དུས་ཚོང་བདག་དང་ཡུལ་མིས་མི་བདེ་བའི་རྣམ་འགྱུར་བསྟན་པའི་བྱ་བྱེད་ལ་མི་རིགས་དབྱེན་འབྱེད་ཀྱི་ཚོར་སྣང་ཅི་འདྲ་ཞིག་ཡོད་མེད་དྲྭ་ལམ་ནས་གསལ་པོ་གྱུར་ཡོད་སྲིད། སྤྱིར་ནས་ནད་ནི་ནད་ལས་མི་སྒེར་དང་ཉེས་མེད་ཕལ་བའི་མི་རིགས་ལ་འཕྱ་སྨོད་ཀྱི་ལག་ཆར་བཀོལ་སྤྱོད་བྱེད་པ་ནི། འོས་འབབ་ཅིག་ཡིན་མིན་བརྟག་དགོས་པ་མ་ཡིན་ནམ།  ངས་དེ་ལྟར་བཤད་དགོས་པའི་དོན་གནད་ནི། རང་དབང་ཅན་གྱི་རྒྱལ་ཁབ་ཀྱི་གཞོན་ནུ་འགས། ཕྱི་བསྐྱོད་མེད་པའི་ཐེམ་སྤང་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་འོག   དྲྭ་ལམ་ནས་དགྲ་འཛིན་རྒོལ་རྡུང་གི་བསམ་སྟངས་འདུ་ཤེས་ཤིག་གི་འོག་ནས། རང་འཚམས་བརྙན་ཐུང་སྣ་ཚོགས་གཅད་གཏུབ་མཚམས་སྦྱོར་བྱས་ནས་དོན་སྙིང་མེད་པའི་ཆབ་ཆོབ་བཅོ་བརྒྱད་བཟོས་ནས་ཁྱབ་སྤེལ་བྱེད་བཞིན་པ་དེས། བདག་ལ་ལྕགས་ཞུན་ཁོལ་མ་སྙིང་ལ་བླུགས་པ་ལྟ་བུའི་ཚོར་འདུ་ཞིག་ཡང་ཡང་བྱིན་པས་ཡིན། ད་དུང་དེ་དང་འབྲེལ་ནས་དོན་གཞན་ཞིག་ཁ་སྣོན་བྱ་སྙིང་འདོད་པ་ཞིག་ལ། རང་རེའི་སྤྱི་ཚོགས་ནང་གི་བོད་རིགས་གཞོ་ན་སྐྱེས་ཚོས་དེ་ལྟའི་བྱེད་སྟངས་ཡ་མ་ཟུང་ལ་རང་སེམས་མ་གཏད་པར། གནས་ཡུལ་རྒྱལ་ཁབ་ཀྱི་སྲིད་བྱུས་བཀོད་ཁྱབ་འོག་གནས་དགོས་པ་ཅི་ནས་ཀྱང་གལ་ཆེ་བའི་བྱ་བྱེད་ཅིག་ཡིན། ལ་ལས་དེ་རིང་གོ་སྐབས་ལ་བསམས་ནས་རང་དང་བསམ་སྤྱོད་མི་མཐུན་པའི་རང་སྡེའི་རིགས་ལ་རྒོལ་བ་དང་། རང་སྡེ་མིན་པའི་རྒྱ་རིགས་ཀྱི་སྤྱི་ཚོགས་ལ་ཁ་གཏད་ནས་མང་མང་བྱུང་རྒྱལ་དུ་སྨྲ་བ་ནི། ཅུང་ཚོད་འཛིན་མེད་པའི་ལས་སུ་སེམས།

དེ་རིང་གི་གསར་འགྱུར་ནི། སང་ཉིན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཚགས་ཡིན་ཞེས་གསུངས་པ་ལྟར། གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་དང་། སྤྱི་ཚོགས་དྲྭ་ལམ་ནས་མཐོང་བའི་རིམས་ནད་འདིར་མིང་གི་འབོད་སྟངས་ཐད། བདག་ལ་མངར་སྐྱུར་འདྲེས་མའི་ཚོར་སྣང་ཇི་སྙེད་ཅིག་བསྟུད་མར་སྟེར་གྱིན་འདུག་པས། དེ་རིང་མང་མང་གི་བླང་དོར་འཇུག་ལྡོག་ལ་ཕན་མིན་མི་ཤེས་ནའང་། རང་སེམས་དྲང་མོའི་གཏམ་འདི་ཁ་ཐུག་ཚིག་ཉུང་གོ་བདེའི་ལམ་ནས་བཤད་སྙིང་ལྷག་ཏུ་ཆེ། ལྷག་དོན་ད་ལྟའི་བར་གྱི་བོད་རྒྱའི་མི་མང་གི་གས་ཆག་མང་བའི་འབྲེལ་ལམ་ནི། འདས་པའི་ལོ་ངོ་བཅུ་ཕྲག་འགའི་སྔོན་དང་མཚུངས་བསྡུར་བྱས་ཚེ། ཕྱོགས་མང་པོར་ཡར་རྒྱས་ཀྱི་རྣམ་པ་ཡོད་པ་སུས་ཀྱང་ཤེས་སླ། དེ་དག་ནི་༸གོང་ས་མཆོག་གིས་ཏང་གི་མཁྲེགས་འཛིན་གྱི་སྲིད་བྱུས་ཇི་ཙམ་ཆེ་ནའང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་རིགས་མི་མང་གི་རྒྱབ་སྐྱོར་རེག་ལ་སྐུ་ངལ་འཛེམ་མེད་གནང་བའི་མཇུག་འབྲས་འབའ་ཞིག་ཡིན། དྷ་ས་དང་དྷ་ས་མ་ཡིན་པའི་ས་ཕྱོགས་མང་པོར་འཛད་འཕྲིན་གནང་སྐབས་རྒྱ་རིགས་དད་ལྡན་པ་དང་། རྒྱ་རིགས་ཤེས་ཡོན་ཅན་ཚོར་དམིགས་བསལ་མཇལ་འཕྲད་གནང་སྟེ་བྱུང་བ་ཞིག་ལས་གཞན་སུས་ཀྱང་འཇོན་པ་ཞིག་མིན། ད་ལྟའི་དུས་སྐབས་ལ་མཚོན་ན། རྒྱ་རིགས་མི་མང་གི་སེམས་ཁམས་ནི་ནད་མནར་འདིས་ཚོར་སྣང་སྐྱེན་པའི་སྐབས་ཤིག་ཡིན། དེ་དག་ང་ཚོས་ངོས་འཛིན་མ་ཐུབ་པར་བཤད་བཤད་མང་དྲགས་ན། བཟང་ཕྱོགས་ཀྱི་འགྱུར་བ་ལས་ལྡོག་སྟེ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཡོང་མི་སྲིད་པ་མིན། དེས་ན་གནད་ཁག་མེད་པའི་གཏམ་ལ་གཟོབ་དགོས་པ་འདུག སྤྱི་སྒེར་གྱི་དྲྭ་ཐོག་གསར་འགྱུར་ནང་རྒྱ་ནག་ཝུ་ཧན་ནས་མཆེད་པའི་རིམས་ནད་དང་། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ཀྱི་འགོས་ནད་ཅེས་བརྒྱུད་བསྒྲགས་བྱེད་པ་དང་། ཡང་སྤྱི་ཚོགས་དྲྭ་ལམ་ནང་རྒྱ་ནད་དང་། རྒྱ་ནག་གི་འགོས་ནད། རྒྱ་ནད་ཏོག་གསར། རྒྱ་གོག་གི་ནད་ཡམས་སོགས་ཡུལ་མིང་ནས་བཟུང་སྟེ་བརྗོད་པ་ནི། འཁོན་འཛིན་གྱི་ཚོར་ཤུགས་དྲག་པོ་ཁོག་མའི་ནང་གི་མེ་མདག་བཞིན་མེར་མེར་དུ་འཁོལ་བཞིན་པའི་ཉམས་སྣང་ཞིག་རྟག་ཏུ་བྱིན་གྱིན་འདུག་ན། མྱུར་དུ་འཇུག་ལྡོག་གི་བྱ་བ་ལེགས་པར་ཤེས་ནས།  གླེང་གཞི་ཡོད་མེད་ལ་མ་ལྟོས་པར་རྒྱལ་ཚོགས་ཀྱིས་ཀོ་ཝིཊ་༡༩ཞེས་པ་དེ་དང་། ཡང་ན་ཀོ་རོ་ནཱ། ཡང་གཞན་ཏོག་དབྱིབས་རིམས་ནད་ཅེས་ཁོ་ན་མིང་ནས་བཟུང་བ་ལས་ཁུངས་དང་མི་རིགས་དམིགས་བཀར་མ་བརྗོད་ན་དགའ་སྙམ། ཁྱད་པར་གོང་སྨྲོས་ཀྱི་ཐ་སྙད་སྐྱུག་བྲོ་བ་དེ་དག་ནི། ཧོལ་རྒྱུག་ལ་དགའ་བའི་མི་རེ་ཟུང་གི་བསམ་འཁྱེར་ཡིན་པ་ལས་སྤྱིའི་བསམ་པའི་འཁོར་ཕྱོགས་ནམ་ཡང་མཚོན་ཐབས་མེད། དེ་ལས་ཀྱང་མི་རིགས་རིག་གཞུང་གི་སློབ་གསོའི་ཁ་ཕྱོགས་དང་ནི། གནམ་ས་ལྟ་བུའི་ཁྱད་པར་ཡོད།  འབྱུང་འགྱུར་རྒྱ་གར་སོགས་རྒྱལ་སྤྱིའི་གསར་འགྱུར་ནང་གང་སྒྲོག་བཞིན་པ་དེ་སྤྱད་ན་མི་བཟང་ངམ། ཁོ་བོ་བསྡད་སའི་ཡུལ་ལུང་ཆུང་ཆུང་དེར་མཚོན་ན། ད་ལྟ་བར་ནད་རྟགས་ཐོན་པའི་མི་ཁ་ཤས་བྱུང་ཡོད། གཞུང་འབྲེལ་གནས་ཚུལ་དྲིལ་བསྒྲགས་བྱེད་མིས་ནད་རྟགས་ཡོད་པའི་མིའི་མིང་ཙམ་ལས་ལས་གནས་དང་། ཆོས་ལུགས། སྐྱ་སེར་སོགས་འགྲེལ་བརྗོད་གནང་རྒྱུར་གཟོབ་བཞིན་འདུག དེས་མི་མང་གི་ཁྲོད་ལ་རིམས་ནད་དེར་ཀོ་རོ་ནཱ་དང་། ཀོ་ཝིཊ་༡༩ཞེས་མིང་ནས་འབོད་པའི་གོམས་གཤིས་ལས་ཆོས་ལུགས་དང་མི་རིགས། ཡུལ་མིང་ནས་བཟུང་བའི་བག་ཆགས་མི་འདུག དེ་དག་ལ་མཚོན་ན་རང་རེའི་བསམ་སྤྱོད་ལ་དྲི་རྟགས་མི་བཞག་རང་བཞག་རེད། །

ལར་ནས་གཞུང་དང་ཚོགས་པ། མི་སྒེར་སུ་ཡིན་ནའང་། ༸གོང་ས་མཆོག་གི་སྔ་ཕྱིར་བསྩལ་བའི་བཀའ་སློབ་དང་། གསུང་འཕྲིན་ཕེབས་པའི་བརྗོད་བྱ་རྫོད་བྱེད་གཉིས་ཐད་ལ་དགོངས་པ་བཞེས་དགོས་པ་དང་། དགོངས་པ་བཞེས་ནས་དེ་དང་རྗེས་སུ་མཐུན་པའི་འགྲོ་ལམ་ཞིག་ལ་བསྐྱོད་དགོས་པ་ནི་གལ་ཆེ། ༸རྒྱལ་བ་དོན་གྱི་བདག་པོས་རྒྱ་ནག་ལ་ནད་ཡམས་ཐོག་མར་ཐོན་སྐབས། རྒྱ་མི་དད་ལྡན་གདུང་བྱ་རྣམས་ཀྱིས་རེ་མདུན་བཞིན་ཐུགས་སྨོན་དང་ལམ་སྟོན་གནང་སྐབས། རྒྱ་རིགས་མི་མང་ལ་འགྲོ་བ་མི་གཅིག་ཡིན་པའི་གུས་གཙི་དང་། ལྷག་དོན་རྒྱ་ནག་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་ནང་པའི་སྤྱི་ཚོགས་ཤིག་ཡོད་པས། གུས་གཙི་དང་ཐུགས་སྨོན་ལམ་སྟོན་བྱ་རིན་ཡོད་པ་ཞིག་ཡིན་པ་གསལ་སྟོན་གནང་ཡོད། དེ་བཞིན་ཉེ་ཆར་༢༠༢༠ཟླ་༠༣ཚེས་༣༠ཉིན་ཕེབས་པའི་གསུང་འཕྲིན་རིན་པོ་ཆེའི་ནང་ལའང་། ད་ལྟའི་ནད་ཡམས་འདི་འཛམ་གླིང་གི་མི་ཐམས་ཅད་ཀྱི་གདོང་ལེན་དང་ནུས་པ་མཉམ་སྤུངས་བྱ་དགོས་པའི་ལམ་སྟོན་དེ་ལྟར་གནང་ཡོད། ནད་ཡམས་ནི་མིའི་རིགས་སྤྱི་ལ་འཕྲད་པའི་དཀའ་ངལ་ཞིག་དང་། འཛམ་གླིང་འདི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་སྟབས་ཚང་མས་ནུས་པ་མཉམ་སྤུངས་དགོས། སྤྱིར་སྤྱི་སྒེར་ཀུན་གྱི་སྔོན་འགོག་ལ་ཧུར་ཐག་དང་། རིམས་ནད་འདི་འགོག་ཐབས་སླད་རྒྱལ་ཁབ་མཉམ་ལས་དགོས་པའི་བཀའ་བསྩལ་གནང་ཡོད། གཞན་ཡང་བོད་རྒྱའི་མི་རིགས་གཉིས་ཀྱི་འདས་སོང་གི་ལོ་རྒྱུས་ནང་འཕེལ་འགྲིབ་ཀྱི་འགྱུར་ལྡོག་ཇི་ཙམ་ཆ་མི་འཚལ་བའི་གནས་སུ་སྣང་ནའང་། མི་རིགས་གཉིས་ཀྱི་མ་འོངས་པའི་ཕུགས་ཀྱི་བདེ་དོན་ལ་དགོངས་ནས་ཕན་ཚུན་མཉམ་གནས་དང་། སྤུན་ཟླའི་འདུ་ཤེས་ཡོང་ཐབས་སུ་སྔ་ཕྱིར་ཆོས་དང་ཆབ་སྲིད་གཉིས་ཀྱི་མན་ངག་གི་རྩ་དོན་ཇི་སྙེད་ཅིག་ཡོད་པ་ལས། སྔ་ཕྱི་མ་གཏོགས་ང་ཚོས་སྐད་ཆ་བཤད་རྒྱུ་ལས་དྲག་ཤུགས་ཀྱིས་རྒྱ་མི་ཕྱིར་འབུད་མི་ཐུབ། ཐུབ་ན་ཡག་རྒྱུ་མེད། མི་དང་མི་གདོང་བསྟན་ནས་སྐད་ཆ་ཤོད་རེས་དང་། བདེན་པ་བདར་ནས་ཕན་ཚུན་གཉིས་ཕན་གྱི་ཐོག་ནས་ང་ཚོའི་དཀའ་ངལ་སེལ་ཐབས་བྱ་རྒྱུ་དེ་འོས་ཤོས་རེད་ཅེས་༡༩༩༨ཟླ་༠༨ཚེས་༢༧ཉིན་གཞོན་ནུའི་ཚོགས་ཆེན་ཐེངས་བཅུ་པའི་སྟེང་བཀའ་བསྩལ་ཡོད། རྒྱབ་ལྗོངས་ཀྱི་གནད་དོན་དེ་དག་རྩ་དོན་ལ་བཟུང་ནས། བོད་མི་སྤྱི་དང་ལྷག་དོན་ཕྱི་རྒྱལ་རང་དབང་གི་ལུང་པའི་ནང་ཡོད་པའི་བོད་མི་སྤྱི་སྒེར་ཚང་མས་དཔྱོད་ཤེས་མེད་པའི་སྡར་མའི་ངང་ཚུལ་ཕྱི་ལ་ངོམས་པའི་བྱེད་སྟངས་ནམ་ཡང་བྱ་མི་ཉན། མང་པོས་བོད་མི་རིགས་ལ་ཞེན་ཁོག་གི་བསམ་པས་དེ་ལྟར་བྱེད་ཀྱི་ཡོད་ཀྱང་སྲིད། དེ་ནི་དགོངས་ཡངས་མེད་པ་དང་། ཕྱོགས་གཅིག་ཁོ་ནའི་སྣང་ཚུལ་ལས་ཕྱོགས་མཐའ་དག་གི་གནས་ལུགས་ལ་བསམ་པས་མ་ཁྱབ་པ་ལས་གཞན་གང་ཡང་མིན། རང་རེར་རང་གི་མི་རིགས་ལ་དུངས་ཞེན་ཡོད་པ་བཞིན་རྒྱ་མི་རིགས་ཀྱི་བྱིས་པ་ཆུང་ཆུང་ཡན་ནས་རྒྱ་རིགས་སྤྱི་ལ་ཞེན་ཁོག་གི་བསམ་པ་གཞན་ལས་ལྷག་པ་ཡོད། དེ་ལྟར་རྒྱུ་མཚན་དང་རིགས་ལམ་ལ་བཀུར་མི་ཐུབ་པའི་ཞེན་ཁོག་བསྐམས་པོའི་རྗེས་སུ་འབྲངས་ནས་ཚིག་མཚོན་མདའ་མོ་འཕེན་རེས་བྱེད་ན། ཡག་རྒྱུ་གཅིག་ཀྱང་མེད་པ། སྡུག་གྱོང་ཉིས་བརྩེགས་ལས་གཞན་མེད། སླར་ཡང་དོ་དོ་ནན་ནན་གྱིས་ཞུ་སྙིང་འདོད་པ་ཞིག་ལ། ༡༩༨༣ཟླ་༡༠ཚེས་༠༩ཉིན་༸གོང་ས་མཆོག་གིས་ལྡི་ལིར་གཞོན་ནུའི་ཚོགས་འདུར་བཅར་བ་ཚོར་ཕེབས་པའི་བཀའ་སློབ་ལས། ཉེ་ཆར་ཁ་ཤས་ལ་བཤད་རྒྱུ་བྱུང་། ཕྱེད་ཀ་རྩེད་མོ་ཡིན་ལ་ཕྱེད་ཀ་དངོས་གནས་ཡིན། ཐར་པ་གང་ཡིན་ཟེར་ན། འཛམ་བུ་གླིང་ཡོངས་རྫོགས་མིའི་ཁྱིམ་ཚང་གཅིག་ཏུ་གྱུར། མི་ཐམས་ཅད་ཕ་མ་བུ་ཕྲུག་ནང་བཞིན་མཛའ་བརྩེ་དང་ཞི་འཇམ་བདེ་སྐྱིད་ཡོད་པའི་ཁྱིམ་ཚང་ཆེན་པོ་གཅིག་བྱུང་སོང་ན་དེ་ཐར་པ་ཡིན་ཞེས་ཤོད་ཀྱི་ཡོད། དེ་འདྲ་ཞིག་བྱུང་ན་རྒྱལ་ཁབ་ཕན་ཚུན་གྱི་དོན་དག་ལ་དམག་འཁྲུག་རྒྱག་མི་དགོས། ཡུལ་གཅིག་གི་ནང་མུ་གེ་བྱུང་ན་གཞན་ཞིག་གིས་ལྟད་མོ་བལྟས་ནས་སྡོད་ཐབས་མེད། ལྟ་བ་འདྲ་མི་འདྲའི་ཐོག་ནས་རྩོད་པ་རྒྱག་དགོས་མེད། དངོས་གནས་ཚེ་གང་པོར་དགོས་པའི་བདེ་སྐྱིད་ཅིག་ཡོང་གི་རེད་ཅེས་བཀའ་བསྩལ་ཡོད། གོ་ལ་ཧྲིལ་པོ་སྤྱི་ལ་དགོངས་པའི་རླབས་ཆེན་གྱི་དགོངས་པ་དེ་དག་རང་ཅག་བོད་མི་ཚོར་འབྲེལ་བ་དམིགས་བསལ་ཡོད་པ་མ་ཟད། ༸རྒྱལ་བའི་དགོངས་པ་བདེ་བླག་ཏུ་འགྲུབ་རྒྱུར་འོས་འགན་ཡང་ཆེན་པོ་ཡོད། ང་ཚོས་༸རྒྱལ་བའི་དགོངས་གཞི་དེ་དག་ཁ་ཙམ་དང་ཚིག་ཙམ། མོས་པ་ཡིད་ཆེས་ཀྱི་གཟུགས་བརྙན་ལ་མ་བཞག་ནས་དངོས་ཐོག་བདེན་འཚོལ་གྱི་འདུ་ཤེས་སྐྱེས་ནས། ལག་བསྟར་ཆེད་ཞི་བའི་དཔུང་རོགས་སུ་སྔོན་བསྐྱོད་མི་སྣར་འཐོན་དགོས། གཞན་ཞེན་ཁོག་བསྐམས་པོས་ཅི་ཡང་ཧ་ལས་རྒྱུ་མེད་དོ།།

ད་ལྟའི་སྐབས་ལ་རྒྱ་ནག་ནི་ནང་ཁུལ་གྱི་ཆབ་སྲིད་དང་འཕྲོད་བསྟེན། དཔལ་འབྱོར་དང་རྒྱལ་སྤྱིའི་འབྲེལ་ལམ་ཐད་ཟང་ཟིང་ལང་ལོང་མཚོ་མཐའི་རྦ་ཀློང་འཁྲུག་པ་བཞིན་ཡོད་པའི་སྐབས་ཡིན་པ་དང་། ལྷག་དོན་རྒྱ་རིགས་ཀྱི་གྲོང་གསེབ་སོགས་ཀྱི་དབུལ་ཕོངས་མི་སྡེའི་སྤྱི་ཚོགས་ནི།  སྡུག་བསྔལ་ཟམ་མི་ཆད་པ་ལ་གདོང་ལེན་བྱ་དགོས་པའི་སྒང་ཡིན། དེ་འདྲའི་དུས་སྐབས་སུ་རང་རེ་ཕྱི་ལོགས་སུ་ཡོད་པའི་མི་ལ་ལས་ཨ་རི་སོགས་སྟོབས་འབྱོར་མངའ་ཐང་ལྷག་ཏུ་ཆེ་བའི་རྗེས་སུ་དྲངས་ནས། ནད་ཡམས་འདི་དང་འབྲེལ་ནས་རྒྱ་ནད་དང་། རྒྱ་འདྲེའི་ནད། རྒྱ་ནག་གི་ཏོག་གསར། རྒྱ་ནག་ཝུ་ཧན་ནས་ཐོན་པའི་འགོས་ནད་་སོགས་རྣོ་ངར་ཆེ་བའི་ཚིག་མཚོན་འཕེན་པ་ནི། ཁོང་ཅག་གི་ལུས་སེམས་ན་ཐིང་ཐིང་ཡོད་པའི་སྟེང་། རང་རེས་མགོ་ཐོག་ལ་རྡོ་བས་རྡུང་བ་བཞིན་འགྱུར་ངེས། བདག་ལྟ་བུར་མཚོན་ན། མི་སྙན་པའི་ལབ་རྙོག་དེ་དག་གོ་མ་ཐག་ཅི་ཞིག་ཤོད་ཀྱིན་ཡོད་དམ་སྙམ་པའི་སེམས་ཁྲལ་གྱིས་འདུག་བཟོད་མི་བདེ་བའི་ཚོར་སྣང་ཤུགས་ཆེན་བྱུང་། དོན་དངོས་ཐོག་དེ་རིང་རང་རེས་གོ་སྐབས་ཆེན་པོ་ཞིག་ལ་གཙིས་ནས། རྒྱ་ནག་གི་གཞུང་དམངས་གཉིས་ལ་ཕན་སེམས་ཀྱི་སེམས་འཁུར་བསྐྱེད་ནས། ༸རྒྱལ་བའི་དགོངས་པ་བཞིན་འགྲོ་བ་མི་གཅིག་ཡིན་པའི་འདུ་ཤེས་བཟུང་ནས། ནུས་པ་མཉམ་སྤུངས་དང་སྙིང་སྟོབས་བསྐྱེད་པའི་མིའི་རྣམ་དཔྱོད་འཕེལ་ཐབས་ལ་གྲོགས་དད་བྱེད་དགོས་པའི་དུས་ཡིན། ཡ་ཡོར་ཆེ་བའི་དུས་ཚོད་དེ་འདྲ་ཞིག་ལ་བོད་མི་ཚོས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས། བཟང་སྤྱོད་ཀྱི་རྣམ་པ་བསྟན་ཐུབ་ན།  རྒྱ་མིས་བོད་མིའི་ཐོག་འཛིན་པའི་དོགས་པ་མང་པོ་བསལ་རྒྱུར་ཕན་ཐོགས་ཡོད། དེ་ལྟར་བརྗོད་དུས་བདག་གིས་རང་ལུགས་གཏད་སོ་མེད་པར་བྱེད་དགོས་ཞེས་ཤོད་ཀྱི་མེད་ལ། རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་ལུགས་ཀྱི་ཁྲིམས་དོན་ལ་རྡོག་རོལ་དང་། གཞུང་འཛིན་ཏང་གིས་རང་གི་མི་མང་ལ་གནས་ཚུལ་ཉན་ཞིབ་ཐད་གསང་རྒྱའི་དམ་དྲག  དེ་བཞིན་མི་མང་གིས་དངོས་ཡོད་ཀྱི་དཀའ་ངལ་ཕྱི་གྱར་མི་ཡོང་ཆེད་ཉིན་མཚན་དུས་དྲུག་ལ་ལྟ་རྟོག་ནན་མོའི་འོག་བཞག་པ། ཏང་གི་སློབ་གསོའི་ནང་ནུབ་ཕྱོགས་ཀྱི་སྤྱི་ཚོགས་སྤྱི་ལ་གོ་བ་ལོག་སྒྲུབ་བྱེད་པ། དམིགས་བསལ་གྲངས་ཉུང་མི་རིགས་ཀྱི་ཐོག་ལ་འཛིན་པའི་སྲིད་བྱུས་གདུག་རྩུབ་ཆེ་བ། དུས་ད་ལྟའི་བར་༸གོང་ས་༸ཏཱ་ལའི་བླ་མ་མཆོག་གི་ལྷག་བསམ་རྣམ་དག་གི་དགོངས་གཞིར་ལོག་འགྲེལ་བྱེད་པ་དེ་དག་དངོས་འབྲེལ་མིན་པའང་ཤོད་ཀྱི་མེད། ང་ཚོས་རྒྱ་མི་དུང་ཕྱུར་བཅུ་གསུམ་གཉེན་དུ་འགུག་ཐབས་ལ་དགོངས་པ་བཞེས་དགོས། རྒྱ་ནག་མི་མང་དང་ཏང་གི་སྲིད་གཞུང་གཉིས་ཀ་ཁག་ཁག་སོ་སོ་ཡིན། རྒྱ་མི་དུང་ཕྱུར་བཅུ་གསུམ་ནི་ཉེས་ཅན་ཁྲོད་ཀྱི་ཉེས་མེད་ཡིན། རྒྱ་ནག་གུང་ཁྲན་ཏང་གིས་རྒྱ་ནག་མི་མང་གི་མདུན་དུ་༸ཏཱ་ལའི་བླ་མ་དང་། ཕྱི་སྡོད་བོད་རིགས་ཡུལ་གྱར་བ་རྣམས་ནི། རྒྱ་ནག་ཁ་བྲལ་གཏང་རྒྱུའི་ངན་སེམས་ཡོད་པ་བརྒྱུད་བསྒྲགས་བྱེད་ཀྱིན་ཡོད། ང་ཚོས་འདི་ཕྱོགས་ནས་དེ་དང་རྗེས་མཐུན་ལྟ་བུའི་བཟང་སྤྱོད་ཀྱི་རྣམ་པ་མེད་པའི་རང་སྣང་གང་དྲན་གྱིས་བརྗོད་ཚིག་སྣ་ཚོགས་སྤྱད་པ་ནི། བོད་དང་རྒྱ་རིགས་དུང་ཕྱུར་བཅུ་གསུམ་ལ་དུག་ཏུ་སོང་ཞིང་། ད་ལྟ་བར་ངན་སྤྱོད་ངོ་སོར་འཁྱེར་མཁན་གྱི་ཏང་ལ་སྨན་དུ་སོང་བ་ཞིག་ཡིན། དམིགས་བསལ་དེ་རིང་གི་ནད་ཡམས་འདིས་རྒྱ་ནག་ནང་གི་སྨན་པ་དང་སྨན་ཞབས་སྟོང་ཕྲག་མང་པོས་ནད་པའི་དོན་དུ་ཚེ་སྲོག་ཤོར་དགོས་པའི་ཡིད་སྐྱོའི་གནས་ཚུལ་དེ་དག་ལ་བསམ་པའི་རྒྱབ་སྐྱོར་བྱེད་དགོས་པ་ནི། བཙན་ཤེད་འོག་གི་སྡུག་བསྔལ་མྱོང་མཁན་གཅིག་པ་ཡིན་པ་ཚོས་ཅིས་ཀྱང་དྲན་དགོས་པའི་དོན་དག་ཡིན། དེས་ན་དེ་རིང་ང་ཚོས་༸གོང་ས་མཆོག་གི་ཐུགས་དགོངས་ཀྱི་ལམ་སྟོན་བཞིན་སྐྱིད་སྡུག་མཉམ་མྱོང་གི་ཁ་ཞེ་གཉིས་མེད་ཀྱི་རྣམ་འགྱུར་འཛིན་དགོས་པ་ནི། མི་རིགས་གཉིས་ཀྱི་ཡིད་ཆེས་ཀྱི་རྨང་གཞི་འཛུགས་སྐྲུན་ལ་སྨན་པ་དང་། བཟང་པོའི་ཁ་རྗེ་དབང་ཐང་རྒྱས་པ་དང་། ངན་པའི་ཚེ་བསོད་ཟད་པའི་འགྲོགས་སུ་འགྲོ། ད་དུང་མཇུག་སྣོན་གྱི་ཚུལ་དུ་བཤད་སྙིང་འདོད་པ་ནི། བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་ནི། རང་ཅག་གཞུང་མང་གཉིས་ཀྱིས་མང་མོས་ཐག་གཅོད་བྱས་པའི་ཁྲིམས་མཐུན་གྱི་ལངས་ཕྱོགས་ཡིན་པས།  རང་གི་སྒོ་གསུམ་གྱི་བྱ་བྱེད་ཅི་དང་གང་བྱེད་པ་མཐའ་དག་སྲིད་བྱུས་ཀྱི་དགོངས་དོན་གྱི་མཐུན་གྲོགས་སུ་འགྲོ་ཞིང་། སྲིད་བྱུས་ཀྱི་གཞུང་ལམ་གི་བཀག་རྡོ་རུ་མི་འགྱུར་བའི་སྤང་བླང་འཇུག་ལྡོག་ཤེས་དགོས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་དེའི་ཐད་འཐུས་ཤོར་མེད་པའི་ལམ་སྟོན་དགོས་པ་ནི། ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཏུ་སྣང་ངོ་།།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༨ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 3

  1. ཡངས་ཅན་ཕ་ཉ། says:
    ལོ་ 6 སྔོན།

    ལྷ་རུ་བུའི་ནད་ཡམས་ལབ་ན་་ཡག་ཤོས་ཡིན་ས་རེད་

    Reply
  2. བདེ་འཇགས་ཕོ་ཉ། says:
    ལོ་ 6 སྔོན།

    འདི་ལ་རྒྱ་གུང་ཁྲན་ནད་དུག་ཟེར་དགོས་པ་རེད། རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་དུ་རྫས་འགྱུར་ནད་དུག་ཞིབ་འཇུག་ཁང་(P4Lab)ནས་གསར་བཟོ་བྱས་པའི་རྫས་འགྱུར་མཚོན་ཆ་ཡིན་པས། ཚང་ནད་ཡམས་འཇམ་རྗེས། རྒྱ་གུང་ཁྲན་ཏང་ཚང་ལ་གྱོད་བརྒྱག་དགོས་རེད།

    Reply
    • བསོད་ནམས་སྨྱོན་པ་ says:
      ལོ་ 6 སྔོན།

      དངོས་ཡོད་གནས་ཚུལ་འབྱུང་ཁུངས་དྲང་པོ་བརྗོད་པ་ལ་བཅོས་མའི་་སྲིད་སླད་ཀྱིས་འཛེམ་བག་བྱས་ནས་དགོས་པ་ཆུང།་དཔེ་ན་(/Spanish Flu)ལྟར་རོ།་་་་ནད་འདི་རྒྱ་དམར་གྱི་ནད་ཡིན་པ་མ་ཟད་རྒྱ་དམར་གུང་ཇག་ནས་ཡུན་རིང་སྦས་གསང་བྱས་པས་ངན་འབྲས་ལས་ད་ཆ་འཛམ་གླིང་འདིས་མིའི་འགྲོ་བ་ཡོངས་རྫོག་ཕུང་བཅུག་པ་ཡིན་ནོ།་་གུང་ཇག་རྒྱ་དམར་ལ་ག་ཚོད་སྟུན་འཁས་བྱས་ཀྱང་སྐྱོ་རུ་གཏོང་བ་ཚོགས་པ་འདིས་ཤིས་ལུགས་ཡིན་པ་ལོ་ངོ་བཅུ་ཁྲག་མང་པོས་རིང་ང་ཚོས་ཤེས་གསལ་ཡིན་ནོ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese