རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་སྒོར་དུང་ཕྱུར་ ༢།༣ ཙམ་གཏང་སྟེ་ཟམ་ཆེན་ཞིག་བཟོ་བཞིན་ཡོད་སྐོར་བསྒྲགས།
ཁ་སང་རྒྱ་ནག་གཞུང་ཕྱོགས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ལམ་ཟམ་འཛུགས་སྐྲུན་ཚོང་གཉེར་ཁང་ཟེར་བ་ཞིག་གིས། ལྷ་ས་གྲོང་ཁྱེར་དུ་གཙང་རལ་ཟམ་ཆེན་ཞེས་པ་ཞིག་མགོ་འཛུགས་བྱས་ཡོད་སྐོར་དང་། ལོ་རྗེས་མའི་ཕྱི་ཟླ་ ༦ ཙམ་ལ་འཛུགས་སྐྲུན་འགྲུབ་པ་བྱས་ཏེ་འགྲིམ་འགྲུལ་ཤར་གཏོང་བྱ་རྒྱུ་ཡིན་པར་བཤད།
ལྷ་ས་གྲོང་ཁྱེར་གྱི་གཙང་རལ་ཟམ་ཆེན་ཞེས་པ་དེ་ཀུ་རུ་ཟམ་པའི་ཤར་གྱི་སྨི་ ༣༠༠ སར་ཡོད་ཅིང་། ཟམ་པ་ཧྲིལ་པོའི་རིང་ཚད་ལ་སྨི་ ༩༠༥།༧༦༨ དང་། མ་དངུལ་རྒྱ་སྒོར་དུང་ཕྱུར་ ༢།༣ གཏོང་གི་ཡོད་ལུགས་དང་། ཟམ་པའི་གཞོགས་གཡས་གཡོན་གྱི་ལམ་སྟེང་དུ་འཁོར་ལམ་གསུམ་རེ་ཁྱོན་རླངས་འཁོར་དྲུག་ཤོང་གི་ཡོད་པར་བཤད།རྒྱ་ནག་གཞུང་གི་གནས་ཚུལ་ནང་། ཟམ་ཆེན་དེས་སྐྱིད་ཆུའི་ལྷོ་བྱང་ངོགས་གཉིས་བར་གྱི་འགྲོ་འོང་གི་དུས་ཡུན་ཐུང་དུ་བཏང་སྟེ་ལྷ་ས་གྲོང་ཁྱེར་གྱི་ཤར་ནུབ་ཀྱི་གོང་འཕེལ་ཇེ་མྱུར་ཏུ་འགྲོ་རྒྱུ་མ་ཟད། ཀུ་རུ་ཟམ་པ་དང་། སྣེའུ་ཟམ་ཆེན། རྔ་ཆེན་ཟམ་ཆེན་བཅས་ཀྱི་འཚང་ཁ་ཆེ་བའི་གནད་དོན་ལ་ཕན་པ་ཐོན་སྲིད་སྐོར་བརྗོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།