མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་གི་གྲོགས་པོར་མཇལ་བའི་དྲན་རྟེན།

བོད་ཀྱི་དུས་བབ།
༢༠༢༠/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

དོན་འགྲུབ་བཀྲ་ཤིས།

ཨུ་རུ་སུའི་རྒྱལ་ས་མཱོ་སི་ཁོ་དང་གྲོང་ཁྱེར་སཱན་པི་ཊར་སི་བྷག ཁཱལ་མུག་རྒྱལ་ས་ཨཱ་ལེ་སི་ཏྭ་བཅས་ཀྱི་སྐོར་སྐྱོད་དྲན་ཐོ།ཉེ་ལམ་ང་ཚོ་སྤྱི་འཐུས་བཞི་བདུན་ཕྲག་གཉིས་རིང་ཨུ་རུ་སུར་སྐོར་སྐྱོད་བྱས། སྔོན་ཆད་ང་ཨུ་རུ་སུར་དོ་སྣང་དེ་ཙམ་མེད། བོད་པའི་གསར་ལམ་དང་ཆབ་སྲིད་སྡིངས་ཆ་ཁག་ཏུ་ཨུ་རུ་སུའི་སྐོར་ཉུང་ཉུང་ཡིན། ད་ཐེངས་སྐོར་སྐྱོད་སྐབས་སྟོན་པ་བཅོམ་ལྡན་འདས་ཀྱིས་ “ང་ཡི་བསྟན་པ་བྱང་ནས་བྱང་དུ་དར།” ཞེས་གསུངས་པ་དང་། ༧གོང་ས་མཆོག་གིས་དུས་རྒྱུན་ “ཆེན་པོ་ཧོར་གྱི་ཡུལ།” ཞེས་ཐུགས་སྣང་ཆེན་པོ་གནང་གི་ཡོད་པའི་གནད་ཅུང་ཙམ་རྟོགས་སོང་བས་དྲན་ཐོ་འདི་བྲིས་པ་ཡིན།

ཆོས་འབྱུང་དང་རྩོམ་ཡིག་འགའ་རེ་ནང་ “བྱང་ཕྱོགས་ཤམ་བྷ་ལ” ཟེར་བའང་ཨུ་རུ་སུ་ཡིན་སྐོར་འཁོད་ཡོད། འོན་ཀྱང་ཐེངས་འདིར་ཇི་ལྟར་བཙལ་ཡང་རིགས་ལྡན་དྲག་པོའི་གྲོང་ཁྱེར་ཀ་ལཱ་པ་རྙེད་མ་སོང་མོད། སའི་གོ་ལའི་བྱང་མཐའི་འཁྱག་རོམ་གྱི་ཀློང་དུ་འཛམ་གླིང་ཉི་མ་སེར་པོ་ཤར་བ་དང་། ཁ་བ་གངས་རིའི་ལྗོངས་སུ་གེ་སར་དམག་གི་རྒྱལ་པོའི་རྟ་རྗེས་བཞག་པའི་ལོ་ངོ་སྟོང་གི་ལམ་བུ་དེ་མཐོང་སྟེ། སྐོར་སྐྱོད་དྲན་ཐོ་འདིའི་ཞོར་དུ་ཨུ་རུ་སུའི་བོད་བརྒྱུད་ནང་བསྟན་དང་། བོད་དང་ཨུ་རུ་སུའི་ཆབ་སྲིད་འབྲེལ་བ་བཅས་ལ་ཁྱུག་ཙམ་ལྟ་ཀློག་བྱས་པའི་ཚིག་ཐོ་ཚན་པ་གསུམ་བྲིས།

ཉེ་ལམ་ ༢༠༢༠།༣།༢ ཉིན་ཨུ་རུ་སུའི་རྒྱལ་ས་མཱོ་སི་ཁོ་(Moscow)གནམ་ཐང་ལ་འབྱོར་སྐབས། ཁ་ཆར་འདྲེས་མ་ཞིག་འབབ་བཞིན་འདུག གནམ་གཤིས་ཧ་ཅང་གྲང་མོ་འདུག རུ་སོག་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་དང་རྒྱལ་ས་ཁུལ་གྱི་བོད་པ་རྣམས་ཕེབས་བསུར་བཅར་འདུག མཱོ་སི་ཁོ་གྲོང་ཁྱེར་གྱི་བཀོད་པ་དང་མིའི་ཆ་ལུགས། ཅ་དངོས་ཟས་སྤྱོད་སོགས་ཡུ་རོབ་རྒྱལ་ཁབ་ཁག་དང་ཧ་ལམ་གཅིག་པ་རེད། གྲོང་ཁྱེར་འཛུགས་སྐྲུན་གྱི་ཟུར་དང་མིའི་ཀུན་སྤྱོད་ཀྱི་ཤུགས་ན་དམར་ཤོག་དང་དྲག་པོའི་དམག་གི་ལྷག་འཕྲོ་ཡང་མང་པོ་མཐོང་རྒྱུ་འདུག

འཛམ་གླིང་ལོ་རྒྱུས་ཐོག་ཨུ་རུ་སུ་ནི་སྲིད་འབྱོར་རིག་གསུམ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ཡང་། ༡༩༡༧ ལོར་ཨུ་རུ་སུའི་གོང་མ་ཁྲི་ལས་ཕབ་རྗེས། དམར་ཤོག་གཙོ་འཛིན་ལེ་ནཱེན་(Vladimir Lenin)གྱིས་སྣེ་ཁྲིད་དེ་ལོ་ངོ་ ༧༤ རིང་དམར་ཤོག་དར་སྤེལ་བཏང་སྟེ། ཆོས་ལུགས་གཏོར་བཤིག་དང་སྲིད་དབང་གཅིག་སྡུད་བྱས། ཨུ་རུ་སུ་ནི་འཛམ་གླིང་གི་དམར་ཤོག་རྒྱལ་ཁབ་དང་པོ་ཆགས་ཡོད། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པར་ཨུ་རུ་སུའི་ཕྱོགས་ལ་རྒྱལ་ཁ་ཐོབ་ཅིང་། ཕྱི་ལོ་ ༡༩༤༧ ནས་ ༡༩༩༡ ལོའི་བར་ཨུ་རུ་སུ་དང་ཨ་རིའི་བར་འཛམ་གླིང་གྲང་དམག་ཆེན་མོ་བྱུང་སྟེ་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོར་དམག་འཐབ་བྱས་ཡོད།

ང་ཚོ་འབྱོར་བའི་དགོང་མོ་དེར་བོད་རིགས་ཚོགས་པས་ཞལ་ལག་གོ་སྒྲིག་ཞུས་པའི་ཐོག ས་གནས་བོད་མི་ ༡༤ ཙམ་འཛོམས་སོང་། མང་ཤོས་དགེ་འདུན་པ་རེད། བུད་མེད་གཅིག་ཀྱང་མི་འདུག ཨུ་རུ་སུ་རྒྱལ་ཡོངས་སུ་བོད་པ་གཏན་འཇགས་སྡོད་མཁན་ ༨༠ ཡས་མས་ལས་མེད་ཅིང་། དེ་དག་མཱོ་སི་ཁོ་རུ་བོད་པ་ ༡༦ དང་། ཁཱལ་མུག་(Kalmykia)ནང་ ༢༥ ། ཐུ་ཝ་(Tuva)རུ་ ༦ ། བྷོ་རུ་ཡ་ཐི་(Buryatia)རུ་ ༣༠ ། གཞན་ཁ་ཐོར་ཁ་ཤས་བཅས་ཡོད་འདུག བོད་པ་མང་ཆེ་བ་བོད་སྨན་དང་མོ་རྩིས་རིམ་གྲོ་སོགས་བོད་པའི་ཆོས་དང་རིག་གཞུང་ཐོག་ཕྱག་ལས་གནང་མཁན་རེད།

མཱོ་སི་ཁོ་དང་ཁཱལ་མུག་གཉིས་སུ་ལ་དྭགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཁག་དང་བོད་པའི་སྐྱིད་སྡུག་གཅིག་པ་རེད། བོད་རིགས་ཚོགས་པ་ཞེས་པ་དེས་བོད་རིགས་ཡོངས་ལ་ཁྱབ་པར་ངོས་འཛིན་བྱེད་ཀྱི་འདུག བོད་རིགས་ནང་ཁུལ་མཐུན་ལམ་ཡག་པོ་དང་། དཔལ་འབྱོར་གནས་སྟངས་ཀྱང་གང་ལེགས་ཡོད་སྟབས། སྨན་པ་དང་ཆོས་ཚོགས་ཁག་ཅིག་གིས་རིན་མེད་ཐོག་བོད་པའི་ཆོས་དང་རིག་གཞུང་སློབ་སྤེལ་དང་། ཡུལ་མི་མང་པོར་ལས་ཀའང་སྤྲོད་ཀྱི་ཡོད་འདུག སྤྱི་འཐུས་ཕྱོགས་སྐྱོད་སྔ་ཕྱིའི་འགྲོ་སོང་ཡོངས་རྫོགས་བོད་པ་རེ་གཉིས་ཀྱིས་ཞལ་འདེབས་གནང་བ་ཡིན་འདུགཨུ་རུ་སུ་ཁུལ་དུ་བོད་པའི་སྐད་ཡིག་རིག་གཞུང་དང་། ལྷག་པར་དུ་ནང་ཆོས་དང་བོད་སྨན་ལ་དགའ་མོས་བྱེད་མཁན་མང་པོ་ཡོད་པ་དང་། ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་ཆོས་ཚོགས་ཀྱང་མང་པོ་འདུག བོད་པའི་གྲྭ་བ་མཐོང་ཚད་ལ་ ‘བླ་མ’ ཞེས་གུས་ཞབས་ཆེན་པོ་བྱེད་པ་དང་། གྲྭ་བ་ཡིན་ཚད་ཀྱིས་ཆོས་འདོན་པ་མ་ཟད། མོ་པ་དང་རྩིས་པ། སྨན་པ་བཅས་ཀྱང་ཡིན་ཤག་གི་ལྟ་སྟངས་ཡོད་འདུག ཧི་མ་ལ་ཡའི་རི་རྒྱུད་དང་བོད་པའི་ཁྲོད་མགོ་སྐོར་བསླུ་བྲིད་གཏོང་མཁན་རེ་ཟུང་ཡང་ཡོང་གི་ཡོད་སྟབས། བོད་མི་རིགས་དང་རིག་གཞུང་གི་ཆེ་མཐོང་བརླག་སྲིད་པར་སེམས་ཚབ་བྱེད་མཁན་ཡང་འདུག

རྒྱལ་ས་མཱོ་སི་ཁོ་རུ་རྟེན་གཞི་བྱེད་པའི་རུ་སོག་སྐུ་ཚབ་དོན་གཅོད་ལས་ཁུངས་དེ་ ༡༩༩༣ ལོར་བཙུགས་པ་དང་། ད་ལྟ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་རེད། ཨུ་རུ་སུའི་གྲོས་ཚོགས་འཐུས་མི་དང་བློན་ཆེན། བོད་དོན་རྒྱབ་སྐྱོར་བ་སུ་ལ་ཐུག་ཀྱང་། ད་ལྟའི་རྒྱ་ནག་དང་ཨུ་རུ་སུའི་མཐོ་རིམ་འབྲེལ་བ་དེ་སྐབས་དོན་ཆབ་སྲིད་དང་དཔལ་འབྱོར་དགོས་མཁོ་ཙམ་རེད། བོད་དང་ཨུ་རུ་སུའི་མི་མང་གི་འབྲེལ་བ་དེ་ཆོས་དང་རིག་གཞུང་གི་འབྲེལ་བ་དང་། ལོ་ངོ་སྟོང་གི་བླ་སློབ་ཀྱི་འབྲེལ་བ་ཡིན་ཟེར།

བོད་པ་སུ་ཞིག་ཨུ་རུ་སུར་འབྱོར་ཡང་ཐོག་མ་ཟླ་གསུམ་གྱི་ཐོངས་ཆེན་ལས་རེག་གི་མེད་པ་དང་། ཟླ་གསུམ་གྱི་རྗེས་ལ་ལས་ཀའི་ངོ་བོར་གནས་སྐབས་སྡོད་ཆོག་པའི་སྙན་ཞུ་ཕུལ་ན་ཟླ་དྲུག་གི་བཀའ་འཁྲོལ་རེག་གི་ཡོད་ཅིང་། ཟླ་དྲུག་གི་རྗེས་ལ་ལོ་གཅིག་དང་། ལོ་གཅིག་གི་རྗེས་ལ་ལོ་གཉིས་པ་བཅས་བཀའ་འཁྲོལ་ཞུས་ཏེ་ལོ་ ༣ ཕྱིན་རྗེས་གཏན་འཇགས་སྡོད་ཆོག་པའི་དེབ་ལྗང་ཁུ་(Green book)རེག་པ་དང་། དེབ་ལྗང་རེག་སྟེ་ལོ་གསུམ་གྱི་རྗེས་ལ་ཨུ་རུ་སུའི་མི་སེར་ཞུ་ཆོག་གི་ཡོད་འདུག དེང་སྐབས་ཨུ་རུ་སུའི་དངུལ་གྱི་འཛའ་ཐང་མར་ཆག་སྟེ་ཧིན་སྒོར་དང་གཅིག་པ་རེད། མཱོ་སི་ཁོ་ནི་འགྲོ་སོང་ཆེ་ཤོས་ཀྱི་གྲོང་ཁྱེར་དེ་ཡིན་ཞིང་། ཚོང་ཁང་ཟ་ཁང་ནང་ལས་ཀ་བྱས་ན་ཟླ་གཅིག་ལ་ཡུལ་མིར་གླ་ཆ་རུ་སྒོར་ལྔ་ཁྲི་ཡས་མས་དང་ཕྱི་མིར་སུམ་ཁྲི་ཡས་མས་ཡིན་འདུག

ཨུ་རུ་སུ་ནི་འཛམ་གླིང་གི་ས་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་ཞིང་། ཨུ་རུ་སུའི་ནུབ་ཕྱོགས་ཡུ་རོབ་ཧྥེ་ལན་ཌི་དང་ས་འབྲེལ་ཡིན་ལ། ཤར་ཕྱོགས་རྒྱ་ནག་འོག་གི་མཱན་ཇུ་ལས་བརྒལ་ཏེ་བྱང་ཨ་རིའི་ཨཱ་ལ་སི་ཁཱའི་བྱེ་ཐང་ལ་ཐུག་ཡོད། ཨུ་རུ་སུའི་ནུབ་ཕྱོགས་རྒྱལ་ས་མཱོ་སི་ཁོ་ནས་ཤར་ཕྱོགས་(Zyryanka)བར་གནམ་གྲུའི་ནང་ཆུ་ཚོད་ ༩ ལྷག་ལ་འཕུར་དགོས་པ་དང་། མཱོ་སི་ཁོ་ནས་རྒྱ་གར་ལྡི་ལིར་ཆུ་ཚོད་ ༦ ཙམ་ལས་འཕུར་མི་དགོས། མི་འབོར་དུང་ཕྱུར་གཅིག་དང་ཕྱེད་ཙམ་ལས་མེད་སྟབས། ཨུ་རུ་སུར་ཕྲུ་གུ་གཅིག་སྐྱེས་ན་གཞུང་གིས་སྒོར་འབུམ་ ༤ སྤྲོད་པ་དང་། ཕྲུ་གུ་གཉིས་པ་སྐྱེས་ན་སྒོར་འབུམ་ ༦ ། ཕྲུ་གུ་གསུམ་པ་སྐྱེས་ན་ཁང་པ་ཉོ་བྱེད་དངུལ་སྤྲོད་ཀྱི་ཡོད་འདུགཨ་རི་དང་ཡུ་རོབ་སོགས་འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་ནང་རྒྱ་ནག་གི་ཁྲོམ་རྭ་མེད་ས་ཧ་ལམ་མེད་ཀྱང་། ཨུ་རུ་སུའི་རྒྱལ་ས་མཱོ་སི་ཁོ་རུ་རྒྱ་ནག་གི་ཁྲོམ་རྭ་མཐོང་རྒྱུ་མི་འདུག སྔོན་ཆད་རྒྱ་ནག་གི་ཟ་ཁང་ཚོང་ཁང་རེ་ཟུང་ཡོད་ཀྱང་། ལོ་ཤས་གོང་ཨུ་རུ་སུའི་གཞུང་གིས་ཚོང་ཁང་ཟ་ཁང་དེ་དག་ལ་ཞིབ་འཇུག་བྱས་ཏེ། དུས་ཚོད་ཡོལ་བ་དང་ཚད་ལྡན་མིན་པའི་ཅ་དངོས་འབོར་ཆེན་མེར་བསྲེགས་བཏང་ཞིང་། ཁྲིམས་འགལ་ལས་ཀ་ནག་པོ་བྱེད་མཁན་རྒྱ་མི་ཁྲི་ཁ་ཤས་དུས་གཅིག་ལ་ཨུ་རུ་སུ་ནས་ཕྱིར་ཕུད་བཏང་ཡོད་འདུག དེ་རྗེས་སླར་ཡང་རྒྱ་རིགས་ཚོང་ཁང་རེ་ཟུང་ཕྱེས་པ་ཁྲིམས་ཐོག་ནས་འགོག་ཐབས་མེད་སྟབས། ཨུ་རུ་སུའི་གཞུང་དམག་གིས་ཚོང་ཁང་དེ་དག་གི་སྒོ་སྲུང་སྟེ། རྒྱ་རིགས་མ་གཏོགས་ཨུ་རུ་སུ་སོགས་མགོ་སེར་རིགས་ཚོང་ཁང་དེ་དག་ནང་འགྲོ་འཇུག་གི་མེད་པ་དང་། ཨུ་རུ་སུའི་འོག་གི་སོག་རིགས་དང་གྲངས་ཉུང་མི་རིགས་ཁ་ཤས་རྒྱ་རིགས་དང་འདྲ་བོ་ཡོད་སྟབས། ལག་འཁྱེར་ལ་ཞིབ་འཇུག་བྱས་ཏེ་བཀག་སྡོམ་བྱེད་ཀྱི་འདུག་ཟེར།

ཨུ་རུ་སུའི་འོག་གི་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་དང་། ཐུ་ཝ་སྤྱི་མཐུན་རྒྱལ་ཁབ། བྷོ་རུ་ཡ་ཐི་སྤྱི་མཐུན་རྒྱལ་ཁབ་གསུམ་ནང་པའི་ལུང་པ་ཡིན་པ་མ་ཟད། བོད་བརྒྱུད་ནང་བསྟན་དར་ཡུལ་རེད། གནའ་སྔ་མོ་ལུང་པ་དེ་དག་གི་དགེ་འདུན་པ་ཚོ་བོད་ནང་སློབ་གཉེར་དང་གནས་མཇལ་དུ་སྐྱོད་བཞིན་ཡོད་འདུག ཨུ་རུ་སུའི་ཤར་ཕྱོགས་ཛ་བྷེ་ཁཱལ་སི་ཁེ་(ZabaykalskyKrai)དང་། ལྷོ་ཕྱོགས་ཨལ་ཏཡེ་(Altai)བཅས་སུའང་ནང་པ་མང་པོ་ཡོད་འདུག དེང་སྐབས་ཨུ་རུ་སུ་ཁྱོན་ཡོངས་སུ་ནང་པ་འབུམ་བདུན་ནས་ས་ཡ་གཅིག་དང་ཕྱེད་(༧༠༠༠༠༠ – ༡༥༠༠༠༠༠)ཡས་མས་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག སྤྱི་ཡོངས་ནས་ཨུ་རུ་སུའི་ཆོས་ལུགས་ཆེ་ཤོས་ཡེ་ཤུ་(Russian Orthodox Church)དང་། གཉིས་པ་ཁ་ཆེ་(Islam)། གསུམ་པ་ཇུ་ཌེ་(Judaism)། བཞི་པ་ནང་པ་རེད།

ཨུ་རུ་སུའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་གླེང་མོལ་སྐབས། ཨཱལ་ཏཡེའི་འཐུས་མི་ཞིག་གིས། ང་ཚོའི་ལུང་པར་གནའ་སྔ་མོ་ནས་ནང་པ་མང་པོ་ཡོད་པ་མ་ཟད། བོད་ནས་དར་བའི་ནང་ཆོས་རེད། ང་ཚོ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལའང་དད་པ་ཆེན་པོ་ཡོད། འོན་ཀྱང་། དེང་སྐབས་ཨུ་རུ་སུའི་ནང་གི་ནང་པ་ཚོ་དང་། ལྷག་པར་དུ་བོད་པ་ཚོས་ཨུ་རུ་སུའི་ནང་པའི་ལུང་པ་ཁག་བརྩི་སྐབས། ཨཱལ་ཏཡེ་ནང་པའི་ལུང་པར་བརྩི་ཡི་མི་འདུག ཅེས་འཁང་ར་དང་བཅས་བརྗོད་བྱུང་།

༧གོང་ས་མཆོག་སྔོན་ཆད་ཨུ་རུ་སུར་ཆིབས་སྒྱུར་ཐེངས་ ༩ ཙམ་བསྐྱངས་ཡོད། ཕྱི་ལོ་ ༡༩༧༩།༦།༡༣ ཉིན་ཆིབས་སྒྱུར་ཐེངས་དང་པོ་བསྐྱངས་སྐབས། ཨུ་རུ་སུ་དམར་ཤོག་སོ་ཝེ་ཊི་མཉམ་འབྲེལ་(Soviet union)གཞུང་ཡིན། ད་སྔའི་ཆིབས་སྒྱུར་མཐའ་མ་དེ་ ༢༠༠༤།༡༡།༢༩ ཉིན་ཆགས་ཡོད། དེ་རྗེས་ནས་བཟུང་ཨུ་རུ་སུའི་ནང་པའི་ཡུལ་ལུང་ཁག་གིས་གདན་ཞུ་ཐེངས་མང་ཕུལ་ཡང་ཨུ་རུ་སུའི་གཞུང་གིས་ཐོངས་མཆན་སྤྲད་མེད།ཨུ་རུ་སུའི་ནང་པ་སྤྱི་དང་། ལྷག་པར་དུ་ཁཱལ་མུག་དང་བྷོ་རུ་ཡ་ཐི། ཐུ་ཝ་བཅས་ཀྱི་མི་མང་ཚོས་༧གོང་ས་མཆོག་ལ་དད་གུས་ཆེན་པོ་བྱེད་ཀྱི་འདུག ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་འདི་ཙམ་མིན་པར། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་དང་ང་ཚོའི་བར་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད། ཏཱ་ལའི་བླ་མ་མཆོག་ནི་ང་ཚོའི་མི་རབས་ནས་མི་རབས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་ཡིན་ཟེར། ད་དུང་རྒན་འཁོགས་ཁ་ཤས་ཀྱིས་༧ཏཱ་ལའི་བླ་མ་ང་ཚོའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་ཟེར། ཨུ་རུ་སུའི་འོག་གི་ནང་པ་དང་བོད་ནང་གི་བོད་མི་ཚོར་འདྲ་བའི་ཆ་ཞིག་ཡོད་པ་ནི། ༧གོང་ས་མཆོག་ཁོང་ཚོའི་ལུང་པར་ཆིབས་སྒྱུར་བསྐྱང་རྒྱུར་རེ་སྒུག་བྱས་བསྡད་ཡོད་པ་དེ་དང་། མི་འདྲ་བའི་ཆ་ཞིག་ཡོད་པ་ནི། ཨུ་རུ་སུའི་ནང་པ་ཚོ་རྒྱ་གར་ལ་༧གོང་ས་མཆོག་ལ་མཇལ་དུ་ཡོང་ཐུབ་ཀྱི་ཡོད་པ་དང་། བོད་ནང་གི་བོད་མི་ཚོ་ཡོང་ཐུབ་ཀྱི་མེད་པ་དེ་ཡིན་པའི་ཚོར་སྣང་བྱུང་།

ཨུ་རུ་སུའི་རྒྱལ་ས་མཱོ་སི་ཁོའི་ཁང་རྩེག་རྣམས་ཧ་ཅང་བརྗིད་ཉམས་ཆེ་ཞིང་། རྨང་གཞིའི་འཛུགས་སྐྲུན་དང་རྒྱུ་སྤུས་ཚད་མཐོ་བོ་འདུག ཁང་རྩེག་ཕལ་ཆེ་བར་ལོ་ངོ་བརྒྱ་ཉིས་བརྒྱའི་ལོ་རྒྱུས་ཡོད་པ་དང་། འགའ་ཞིག་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་བཙོན་པར་རྒྱག་ཏུ་བཅུག་ཡོད་འདུག མཱོ་སི་ཁོ་གྲོང་ཁྱེར་གྱི་ཁང་རྩེག་དང་ས་འོག་མེ་འཁོར་ལྕགས་ལམ་སོགས་དམག་འཁྲུག་སྐབས། འབར་གས་དང་མེ་སྒྱོགས་སོགས་ཀྱིས་གནོད་སྐྱོན་མི་ཐུབ་པ་བཟོས་ཡོད་ཟེར།

ཕྱི་དྲོ་མུན་མ་རུབ་གོང་ནས་མཱོ་སི་ཁོ་གྲོང་ཁྱེར་སྲང་ལམ་དང་ཁང་རྩེག་ཡོངས་སུ་མཚོན་མདོག་སྣ་ཚོགས་ཅན་གྱི་གློག་སྒྲོན་སྤར་ཞིང་། ཨར་ཁང་དང་ཞབས་བྲོ་ཁང་སོགས་ཆུ་ཚོད་ཉེར་བཞིའི་རིང་འཁྲུག་ཆ་དོད་པོ་ཡོད་རབས་བཤད། དེ་ནི་གཞུང་གི་དཔལ་འབྱོར་ཉམས་རྒུད་དང་ཆབ་སྲིད་དམ་དྲག་ལ་ངོ་རྒོལ་མི་འབྱུང་ཆེད། མི་མང་སྣང་བ་གཡེང་ས་དང་མགོ་འཁོར་ས་ཆེད་དུ་བཟོས་པའི་གཞུང་གི་སྲིད་བྱུས་ལ་ངོས་འཛིན་བྱེད་མཁན་ཡང་འདུགདེང་སྐབས་ཨུ་རུ་སུར་དཔལ་འབྱོར་ཉམས་རྒུད་ཆེན་པོ་ཕྱིན་ཡོད་པ་དང་། མང་ཚོགས་ཁྲོད་གཞུང་དང་སྲིད་འཛིན་པུ་ཊིན་(Putin)ལ་སྐྱོན་བརྗོད་བྱེད་མཁན་མང་པོ་འདུག མི་མང་པོ་ཡུ་རོབ་དང་ཨ་རི་སོགས་ལ་ལས་ཀ་འཚོལ་དུ་འགྲོ་བཞིན་ཡོད་པ་དང་། ཐའེ་ལན་ཌིར་སྨད་འཚོང་མ་མང་པོ་ཡོད་པའི་ཁྲོད་དུའང་མགོ་སེར་རིགས་ལས་ཨུ་རུ་སུའི་བུད་མེད་མང་ཤོས་རེད་ཟེར། ཨུ་རུ་སུའི་ཁ་རྒྱུན་ལ། ཨུ་རུ་སུར་སྐྱེས་པ་དང་བུད་མེད་གཉིས་ལས་བུད་མེད་མང་བ་དང་། ཨུ་རུ་སུའི་བུད་མེད་ཐམས་ཅད་མཛེས་མ་ཡིན། ཨུ་རུ་སུར་སྐྱེས་པ་བརྒྱ་ཆ་ ༤༠ དང་བུད་མེད་བརྒྱ་ཆ་ ༦༠ ཡོད་ཅིང་། སྐྱེས་པ་བརྒྱ་ཆ་ ༢༥ ཙམ་ཆང་རག་འཐུང་མཁན་ཡིན་སྟབས། ཨུ་རུ་སུ་སྤྱི་ཡོངས་ལ་སྐྱེས་པ་དཀོན་པའི་སྟེང་སྐྱེས་པ་ཡ་རབས་དེ་བས་དཀོན་ཟེར།

ཨུ་རུ་སུའི་དཔལ་འབྱོར་ཉམས་རྒུད་དེ་ ༢༠༠༨ ལོར་ཨུ་རུ་སུའི་དངུལ་གྱི་འཛའ་ཐང་མར་ཆག་པ་ནས་མགོ་ཚུགས། ལྷག་པར་དུ་ ༢༠༡༤ ལོར་ཨུ་རུ་སུས་ཡུ་རོབ་ཡུག་རེན་རྒྱལ་ཁབ་(Ukraine)ལ་དམག་འཁྲུག་བརྒྱབ་སྟེ། ཁུ་རི་མེ་ཡཱ་(Crimea)ཨུ་རུ་སུའི་འོག་བཅུག་རྗེས། ཨ་རི་དང་ཡུ་རོབ་ཀྱིས་ཨུ་རུ་སུར་ཚོང་འབྲེལ་བཅད་དེ་དཔལ་འབྱོར་ཉེས་ཆད་བཏང་། ཨུ་རུ་སུ་འཛམ་གླིང་ཐོག་སྣུམ་དང་སོལ་རླངས་ཐོན་ཁུངས་ཆེ་ཤོས་གྲས་དང་། ཕྱིར་གཏོང་ཚོང་ཟོག་སུམ་ཆའི་གཉིས་རྡོ་སྣུམ་ཡིན་ཞིང་། དེས་རྒྱལ་ཁབ་ཀྱི་ཡོང་འབབ་སྤྱིའི་ཕྱེད་ཀ་ཟིན་ཡོད་ཀྱང་། ཡུག་རེན་ལ་དམག་བརྒྱབ་རྗེས་ཨུ་རུ་སུའི་སྣུམ་གྱི་རིན་གོང་བརྒྱ་ཆ་ ༥༠ ཙམ་མར་ཆག་ཡོད།

ཐེངས་འདིར་ང་ཚོ་སྐོར་སྐྱོད་བྱེད་ས་གཉིས་པ་དེ་ཨུ་རུ་སུའི་གོང་མའི་སྐབས་ཀྱི་རྒྱལ་ས་སཱན་པི་ཊར་སི་བྷག་(Saint Petersburg)རེད། ༢༠༢༠།༣།༤ ཉིན་རྒྱལ་ས་མཱོ་སི་ཁོ་ནས་མཁའ་ལམ་བརྒྱུད་སཱན་པི་ཊར་སི་བྷག་ཏུ་སྐྱོད། གྲོང་ཁྱེར་དེ་ཨུ་རུ་སུའི་གྲོང་ཁྱེར་ཆེ་ཤོས་གཉིས་པ་དང་། རིག་གཞུང་གི་གྲོང་ཁྱེར་དུ་ངོས་འཛིན་བྱེད་ཀྱི་འདུག བྱང་རྒྱ་མཚོ་ཆེན་མོའི་གྲུ་ཁ་དང་། ཡུ་རོབ་ཧྥེན་ལན་ཌི་དང་ནོར་ཝེ་སོགས་ལ་ཉེ་བོ་འདུག དེང་སྐབས་ས་དེར་བོད་པ་གཅིག་ཀྱང་ཡོད་པ་མ་རེད་ཟེར། གྲོང་ཁྱེར་དབུས་སུ་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐབས། སོག་པོ་མཚན་ཞབས་ངག་དབང་བློ་བཟང་(AgvanDorjiv)མཆོག་གིས་ ༡༩༡༥ ལོར་བཞེངས་པའི་༼ཀུན་བརྩེ་ཆོས་གནས་གྲྭ་ཚང་།༽འདུག དེ་ནི་ཡུ་རོབ་ནང་གི་ནང་པའི་དགོན་པ་ཐོག་མ་དང་། སའི་གོ་ལའི་བྱང་མཐའི་ནང་པའི་དགོན་པ་གཅིག་པུ་དེ་ཡིན་འདུག ཨུ་རུ་སུའི་གོང་མ་ཛར་གཉིས་པ་(Tsar Nicholas II)ཡི་བཀའ་འཁྲོལ་འོག ༧རྒྱལ་དབང་བཅུ་གསུམ་པས་འགྲོ་སོང་བརྒྱ་ཆ་ ༥༠ དང་། དེའི་འཕྲོས་ཨུ་རུ་སུའི་གོང་མ་དང་ཁཱལ་མུག་དང་བྷོ་རུ་ཡ་ཐི་བཅས་ཀྱི་ནང་པ་ཚོས་ཞལ་འདེབས་ཕུལ་ཏེ་བཞེངས་པ་ཡིན་སྐོར་དགོན་པའི་མཁན་པོ་བྱམས་པ་དོན་ཡོད་ལགས་ཀྱིས་གསུངས་བྱུང་།ངག་དབང་བློ་བཟང་ནི་༧རྒྱལ་དབང་བཅུ་གསུམ་པའི་མཚན་ཞབས་ཡིན་པ་མ་ཟད། ཕྱི་ལོ་ ༡༩༡༣།༡།༡༡ ཉིན་སོག་པོའི་རྒྱལ་ས་ཨོ་ལན་པ་ཏར་(Ulaanbaatar)དུ་བོད་སོག་ཆིངས་ཡིག་འཇོག་སྐབས། བོད་པའི་སྐུ་ཚབ་གཙོ་བོའི་མིང་ཐོག་ནས་མཚན་རྟགས་འགོད་མཁན་ཁོང་ཡིན། ལྷ་ཁང་དེར་མཇལ་སྐབས་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་མཛད་རྗེས་སྤྱི་དང་། ལྷག་པར་དུ་སྐབས་དེར་ནུབ་ནས་རྒྱ་གར་དབྱིན་གཞུང་གི་བཙན་འཛུལ་དང་། ཤར་ནས་མན་ཇུའི་བཙན་འཛུལ། གཉན་འཕྲང་གི་བར་དུ་ཨུ་རུ་སུ་དང་སོག་པོར་འབྲེལ་ལམ་བཙུགས་པ་སོགས་སེམས་ནང་འཁོར་ཏེ་ལྷ་ཁང་དེར་ཁ་འབྲལ་མི་ཕོད་པའི་ཚོར་སྣང་ཞིག་བྱུང་།

ལྷ་ཁང་དེ་སཱན་པི་ཊར་སི་བྷག་གྲོང་ཁྱེར་དབུས་ཀྱི་གཞུང་ལམ་འགྲམ་དུ་སྒོ་ལྷོ་ཕྱོགས་སུ་སྐོར་ཏེ་བཞེངས་འདུག མདུན་ཕྱོགས་སུམ་ཐོག་དང་རྒྱབ་བཞི་ཐོག་རེད། ལྷ་ཁང་གཞི་རྒྱ་ཆེ་ཞིང་རྩིག་པ་ཧྲིལ་བོ་རྡོ་ཆེན་པོ་གྲུ་བཞི་རྐྱང་ལས་གྲུབ་ཅིང་། ཟུར་བརྒྱད་དཀྱིལ་འཁོར་གྱི་དབྱིབས་སུ་བཞེངས་ཡོད་འདུག ཐོག་རྩེག་དང་པོ་དགེ་འདུན་པ་ཚོགས་སའི་འདུ་ཁང་དང་། དེའི་དབུས་སུ་ཐེ་ལན་ཌིའི་རྒྱལ་པོས་གནང་པའི་ཐུབ་སྐུ་ཆེན་པོ་ཞིག་དང་། དེའི་གཡས་སུ་རྒྱལ་བ་བྱམས་པ་བཞེངས་སྟབས་སུ་བཞུགས་པ་ཆུང་ཆུང་ཞིག་འདུག ཐོག་རྩེག་གཉིས་པར་གསོ་རིག་སྨན་ཁང་དང་། ཞབས་རྟེན་ཁང་། ཡིག་ཚང་བཅས་ཀྱི་ཁང་མིག་མང་པོ་ཞིག་འདུག ཐོག་རྩེག་གསུམ་པར་ཁང་མིག་ཁ་ཤས་འདུག་པའི་དབུས་མའི་ནང་དུས་འཁོར་གྱི་སྐུ་ཆེན་པོ་ཞིག་བཞེངས་བཞིན་འདུག ཐོག་རྩེག་དང་པོའི་འོག་ཤོད་དུ་ཕྱེད་ཀ་ས་འོག་ཏུ་ཡོད་པའི་ཁང་མིག་རིམ་པ་ཞིག་འདུག་པར། དགེ་འདུན་པ་ཚོས་ཞལ་ལག་མཆོད་ཡུལ་དང་ཅ་དངོས་འཇོག་ས་སོགས་ཡོད་འདུག ལྷ་ཁང་དེར་བོད་ལུགས་མཚོན་ལྡན་ཤེལ་སྒོ་མང་པོ་ཞིག་འདུག་པ་དེ་མཁས་དབང་ནེ་ཁཱོ་ལ་སི་རོ་རེཀ་(Nicholas Roerich)གིས་ཞལ་འདེབས་གནང་པ་ཡིན་འདུག དགོན་པའི་མཐར་ར་བ་སྐོར་འདུག་པའི་ནང་མ་ཎི་འཁོར་ལོ་དང་རླུང་རྟ་སོགས་འཐེན་འདུག

གྲོང་ཁྱེར་དེར་ཤར་ཕྱོགས་སྐད་ཡིག་བསྟི་གནས་(Institute of Oriental Manuscripts)ཞེས་པ་ཞིག་འདུག་པའི་ནང་བོད་ཡིག་དཔེ་མཛོད་ཁང་ཞིག་འདུག དེར་དུས་རབས་བཅོ་བརྒྱད་བཅུ་དགུའི་སྐབས་ཀྱི་བོད་ཡིག་དཔེ་རྙིང་དང་། བོད་དང་སོག་ཡུལ་ནས་གདན་འདྲེན་ཞུས་པའི་གསེར་བྲིས་དང་དངུལ་བྲིས། གཡུ་བྲིས་སོགས་ཀྱི་ཆོས་དཔེ་མང་པོ་ཡོད་འདུག དཔེ་མཛོད་འགན་འཛིན་སྐུ་ཞབས་ཨ་ལཱེག་རྫན་ཌར་(Dr Alexander V. Zorin)ལགས་ཀྱིས་བརྗོད་པ་ལྟར་ན། རྒྱལ་བའི་བཀའ་འགྱུར་སྣར་ཐང་དཔར་མ་དང་ཅོ་ནེ་དཔར་མ། སྡེ་དགེ་དཔར་མ། ཞོལ་དཔར་མ། པེ་ཅིང་དཔར་མ་སོགས་ཡོད་པ་དང་། ད་སྔ་དཀར་ཆག་ཏུ་བཀོད་ཟིན་པའི་དེབ་ཆིག་འབུམ་ཉིས་ཁྲི་ལྷག་ཡོད་ཟེར།

ཨུ་རུ་སུའི་སྐད་གྲགས་ཆེ་བའི་གཙུག་ལག་སློབ་གྲྭ་(Saint Petersburg State University)ཞེས་པའི་ནང་བོད་སོག་སྐད་ཡིག་སྡེ་ཚན་ཞིག་འདུག་ཀྱང་། བོད་ཡིག་སྦྱོང་མཁན་སློབ་ཕྲུག་མང་པོ་མེད་པ་དང་། བོད་སོག་སྐད་ཡིག་དགེ་རྒན་ཞིག་འདུག་པ་ཁོང་བོད་དང་བོད་མིར་རྒྱུས་མངའ་དང་བོད་དོན་ལ་སེམས་ཤུགས་ཆེན་པོ་ཡོད་པར་མངོན་ཡང་། བོད་སྐད་བོད་ཡིག་གི་གནས་ཚད་དེ་ཙམ་མེད་པའི་ཚོར་སྣང་བྱུང་སོང་བས། ཨུ་རུ་སུར་བོད་ཡིག་ལ་དགའ་མཁན་མང་བ་དང་སློབ་གྲྭ་དེ་སྐད་གྲགས་ཆེ་བ་བཅས་ལ་རྟེན། སློབ་གྲྭ་དེར་བོད་ཡིག་དགེ་རྒན་ཡག་པོ་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་ཚོར་སྣང་བྱུང་།

འཛམ་གླིང་གི་མི་རིགས་སྒྱུ་རྩལ་འགྲེམ་སྟོན་ཁང་ཆེ་ཤོས་ཨང་གཉིས་པ་(Hermitage Museum)ཞེས་པའང་གྲོང་ཁྱེར་དེར་འདུག ཨེ་ཤ་ཡའི་སྡེ་ཚན་དང་བོད་པའི་སྡེ་ཚན་ནང་བོད་པའི་རིག་དངོས་རྙིང་པ་ཧ་ཅང་མང་པོ་འདུག དུས་རབས་ ༡༦ – ༡༧ སྐབས་ཀྱི་ཐང་ཀ་དང་སྐུ་འདྲ་སྣ་ཚོགས། ཏུན་ཧོང་ནས་ཐོན་པའི་ཡིག་རིགས་དང་རི་མོ། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་ཨུ་རུ་སུའི་གོང་མ་ཛཱར་གཉིས་པ་ཕན་ཚུན་ཕྱག་རྟགས་གནང་བ་ཁག་ཅིག་བཅས་རིག་དངོས་ ༣༥༠༠ ཡོད་འདུག འགྲེམ་སྟོན་ཁང་དེར་ཁྱོན་རིག་དངོས་ས་ཡ་གསུམ་ལྷག་ཡོད་པ་དང་། ཁང་རྩེག་ཆེན་པོ་དྲུག་ཡོད་པའི་ཁང་མིག་རེ་རེ་བཞིན་ལྟ་སྐོར་ཞིབ་ཚགས་བྱས་ན་ལོ་ ༣ འགོར་གི་རེད་ཟེར།

ཐེངས་འདིར་ང་ཚོ་འགྲོ་ས་གསུམ་པ་དེ་ཁཱལ་མུག་གི་རྒྱལ་ས་ཨཱ་ལེ་སི་ཏྭ་(Elista)རེད། ༢༠༢༠།༣།༧ ཉིན་སཱན་པི་ཊར་སི་བྷག་ནས་མཁའ་ལམ་བརྒྱུད་ཨཱ་ལེ་སི་ཏྭ་རུ་འབྱོར། ཁཱལ་མུག་ནི་སོག་རིགས་འབུམ་གཉིས་ལྷག་འཚོ་སྡོད་བྱེད་པའི་ཨུ་རུ་སུའི་འོག་གི་སྤྱི་མཐུན་རྒྱལ་ཁབ་ཅིག་རེད། གནམ་གྲུ་ལས་བབ་སྟེ་རྩྭ་ཐང་གི་གཞུང་ལམ་བརྒྱུད་དེ་སྐྱོད་སྐབས། ཨཱ་ལེ་སི་ཏྭ་གྲོང་ཁྱེར་དབུས་ཀྱི་༼སངས་རྒྱས་ཤཱཀྱ་ཐུབ་པའི་གསེར་གླིང་།༽མཐོང་ཐུབ་ཅིང་། དེ་ནི་ཡུ་རོབ་གླིང་གིི་ནང་པའི་ལྷ་ཁང་ཆེ་ཤོས་དེ་ཡིན་པ་དང་། ༧གོང་ས་མཆོག་གི་བཀའ་དགོངས་དང་། ཁཱལ་མུག་སྲིད་འཛིན་ཀཱེར་སིང་(KirsanIlyumzhinov)གི་རྒྱབ་རོགས་འོག ༢༠༠༥ ལོར་ཟླ་བ་དགུའི་ནང་བཞེངས་གྲུབ་པ་རེད་ཟེར།

རྩྭ་ཐང་གི་གྲོང་ཁྱེར་དེའི་ཕྱོགས་གང་སར་ནང་པའི་མཚོན་རྟགས་གསལ་བོར་མངོན་ཞིང་། ༧གོང་ས་མཆོག་གི་སྐུ་པར་ཡང་མང་པོ་མཇལ་རྒྱུ་འདུག་སྟབས། རང་བཞིན་གྱིས་སེམས་ཐག་ཉེ་བོ་དང་བག་ཕེབས་པོ་ཞིག་ཚོར་གྱི་འདུག ལྷག་པར་དུ་གསེར་གླིང་ལྷ་ཁང་ལ་མཆོད་མཇལ་སྐབས། དགོན་པའི་དགེ་འདུན་པ་དང་མི་སྐྱ་ཕོ་མོ་ཚོས་བོད་ཡིག་བོད་སྐད་མི་ཤེས་ཀྱང་ཆོས་འདོན་སྐབས་བོད་སྐད་ནང་ཤར་ཤར་འདོན་པ་ཐོས་ཏེ་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་བྱུང་།

ད་དུང་དེ་ལས་ཀྱང་ཧ་ཅང་གློ་བུར་བ་ཞིག་ནི། གསེར་གླིང་འགྲེམ་སྟོན་ཁང་དུ་ལྟ་སྐོར་སྐབས། ཛ་ཡ་པཎྜི་ཏའི་སྐུ་པར་བྲིས་མ་ཞིག་དང་མཉམ་དུ་གུས་པའི་དགེ་རྒན་དམ་པ་རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས་མཆོག་གི་སྐུ་པར་ཞིག་མཇལ་བྱུང་། ཡུ་རོབ་སོག་པོའི་ལུང་པ་ཞིག་ནས་གློ་བུར་དུ་པཎ་ཞྭ་སྣེ་རིང་བསྣམས་པའི་སློབ་དཔོན་དམ་པའི་སྐུ་པར་མཇལ་བ་དེར་དགའ་དད་སྤྲོ་གསུམ་གནོན་མི་ཐུབ་པ་ཞིག་བྱུང་། རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས་མཆོག་ནི་ ༡༩༦༢ ལོར་མདོ་སྨད་ལྷོ་རྒྱུད་རྔོག་སྦྲ་བཅུ་རུ་སྐུ་འཁྲུངས་ཤིང་། བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་གནང་། ༡༩༩༠ ལོར་ཀན་སུའུ་ནང་བསྟན་སློབ་གླིང་མཐར་ཕྱིན་རྗེས་དེ་གའི་དགེ་རྒན་གནང་། འཆད་རྩོད་རྩོམ་པའི་མཁས་པའི་མཚན་སྙན་རྒྱས་ཤིང་བོད་རྒྱ་སོག་གསུམ་གྱི་སློབ་ཚོགས་མང་པོ་བསྐྱངས། ༧གོང་ས་མཆོག་གི་དཀའ་ལུང་ལྟར་ཁཱལ་ཁ་རྗེ་བཙུན་དམ་པས་ཨོ་རོད་ཛ་ཡ་པཎྜི་ཏའི་ཡང་སྲིད་དུ་ངོས་འཛིན་ཕྱག་བྲིས་དམ་སྦྱར་མ་བསྩལ། ཕྱི་ལོ་ ༢༠༡༥།༦།༥ ཉིན་བོད་ལུགས་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྐུ་གཤེགས།བོད་པས་ཐོན་མི་སམ་བྷོ་ཊ་བོད་ཡིག་གསར་གཏོད་མཛད་མཁན་དུ་བརྩི་བ་ལྟར། ཁཱལ་མུག་པས་ཛ་ཡ་པཎྜི་ཏ་ཁཱལ་མུག་ཡི་གེ་གསར་གཏོད་མཛད་མཁན་དུ་བརྩི་ཡི་འདུག ཁཱལ་མུག་གི་རིག་གཞུང་སྡེ་ཚན་དང་དགོན་པ་ཁག་ཏུ་ཁོང་གི་ཐང་ཀ་དང་བྲིས་རྒྱུན། སྐུ་བརྙན་སོགས་མང་པོ་མཇལ་རྒྱུ་འདུག ཛ་ཡ་པཎྜི་ཏ་ནམ་མཁའ་རྒྱ་མཚོ་མཆོག་ནི་ ༡༥༩༩ ལོར་ད་ལྟའི་ཤིན་ཅཱིང་ཇུན་གར་དུ་སྐུ་འཁྲུངས་ཤིང་། ༡༦༡༥ ལོར་བོད་དུ་ཕེབས་ཏེ་འབྲས་སྤུངས་སུ་སློབ་གཉེར་གནང་། ༡༦༣༨ ལོར་ཕྱིར་སོག་ཡུལ་དུ་ལོག་སྟེ་ ༡༦༤༨ ལོར་ཨོ་རོད་ཡི་གེ་ (Clear script)ཞེས་པ་གསར་གཏོད་མཛད་ཅིང་། ནང་པའི་ཆོས་ཚན་ ༡༨༦ ཙམ་བོད་ཡིག་ལས་ཨོ་རོད་ཡི་གེ་ནང་བསྒྱུར། ཁོང་གིས་སྣེ་ཁྲིད་དེ་སོག་པོ་ཨོ་རོད་དང་ཁཱལ་ཁ་ཆིག་སྒྲིལ་བཟོས་ཏེ་མཉམ་འབྲེལ་སྒྲིག་ཁྲིམས་གཏན་འབེབས་གནང་།

ཁཱལ་མུག་པས་མགྲོན་པོ་སླེབས་ན་ཐོག་མ་དཀར་ཡོལ་ནང་འོ་ཇ་སྤྲོད་པ་དང་། དེ་རྗེས་ལ་ཤ་རྡོག་བཙོས་དང་། གོ་རེ་སྣུམ་སྲེག ཤ་མོག་མོག་སོགས་འཇོག་ཅིང་། ཤ་ཁུ་དང་ཐུག་པ། ལྡུར་ལྡུར་ཟེར་བའི་ཕྱུགས་ཀྱི་ནང་ཁྲོལ་གཙབས་པའི་ཁུ་བ་སོགས་ཞོར་ཟས་ལྟ་བུ་རེད། ཇ་སྲུབ་མ་དང་ཤ་མོག་མོག་སོགས་ཀྱི་ཟས་སྤྱོད་མང་པོ་ཞིག་བོད་ནས་དར་བ་རེད་ཟེར། ད་དུང་སྐྱིད་སྡུག་གཉིས་ཀར་ཁ་བཏགས་འཐེན་པ་དང་། རི་མགོར་རླུང་རྟ་འཐེན་པ། ཐ་ན་ཁྱིམ་ཀྱི་ཇ་པྲ་དང་ཟངས་སྐྱོགས། བཀྲ་ཤིས་རྟགས་བརྒྱད་དང་པ་ཏྲའི་རི་མོ་ཚུན་བོད་དང་འདྲ་བོ་འདུག གསོལ་སྟོན་སྐབས་མི་རེ་རེ་བཞིན་ཡར་བཞེངས་ཏེ་ལག་ཏུ་ཆང་ཕོར་བཟུང་ནས་གཏམ་བཤད་པ་ནི་བོད་ཨ་མདོའི་ཕྱོགས་ཀྱི་ལུགས་སྲོལ་དང་གཅིག་པ་རེད། ནང་ཆོས་དར་བའི་ཤུགས་རྐྱེན་ཡིན་ནམ། མིང་ལ་རྡོ་རྗེ་དང་བཀྲ་ཤིས། མགོན་པོ། སྒྲོལ་མ། ལྷ་མོ་ཟེར་བ་སོགས་ཀྱི་བོད་མིང་ཅན་མང་པོ་འདུག སྤྱིར་ཨུ་རུ་སུའི་སྐད་ནང་བོད་པའི་བརྡ་དང་ཐ་སྙད་མང་པོ་ཡོད་པ་དང་། ཨུ་རུ་སུའི་ལྷོ་ཕྱོགས་ས་ཁུལ་ཁ་ཤས་ནང་བོད་པའི་མི་རྒྱུད་ཀྱང་ཡོད་པ་རེད་ཟེར།

ཁཱལ་མུག་མི་རིགས་སྲོལ་རྒྱུན་སློབ་གྲྭ་(kalmic national gymnasium school)ཞེས་པར་སྐྱོད་སྐབས། སློབ་སྤྱི་མཆོག་གིས་སྣེ་ཁྲིད་དེ་སློབ་ཕྲུག་ཚོས་སྲོལ་རྒྱུན་ཆས་གོས་མནབས་ཤིང་། ཕྱག་ཏུ་ཁ་བཏགས་སྔོན་པོ་དང་འོ་ཇ་དཀར་པོ་བཏེགས་ཏེ། ཁཱལ་མུག་གི་སྲོལ་རྒྱུན་གླུ་གཞས་གྱེར་བཞིན་ཕེབས་བསུ་གནང་བྱུང་། སློབ་གྲྭ་དེས་གྲོང་གསེབ་ཁག་ནས་སྤོ་པོ་རྨོ་མོ་གདན་འདྲེན་ཞུས་ཏེ། བྱིས་པ་ཚོར་མིག་མང་དང་ཐེ་གེ་རྩེད་སྟངས། འོ་མ་བཞོས་ཏེ་ཞོ་དང་མར་ཕྱུར་བཟོ་སྟངས། རྟ་རྒྱུག་མདའ་འཕེན་སོགས་ཁཱལ་མུག་གི་སྲོལ་རྒྱུན་རིག་གནས་སློབ་ཁྲིད་གནང་གི་འདུག དེ་ནི་སློབ་ཁྲིད་བྱེད་སྟངས་དམིགས་བསལ་བ་ཞིག་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་། དམངས་སྲོལ་རིག་གནས་སློབ་སྤེལ་བྱེད་ཐབས་ཁྱད་པར་བ་ཞིག་ཏུ་མཐོང་སོང་།ཁཱལ་མུག་གི་སྲོལ་རྒྱུན་ཆས་གོས་དང་གཞས་དང་ཞབས་བྲོ་སོགས་ད་ལྟའི་རྒྱ་ནག་འོག་གི་ཤིན་ཅཱང་(Xinjiang)ངམ་ཡུ་གུར་དང་ཧ་ལམ་གཅིག་པ་རེད། སྤྱི་སྐད་ཨུ་རུ་སུའི་སྐད་ཡིག་བེད་སྤྱོད་གཏོང་གི་འདུག གཞོན་སྐྱེས་མང་ཆེ་བས་ཁཱལ་མུག་རང་གི་སྐད་ཡིག་ཤེས་ཀྱི་མི་འདུག དེང་སྐབས་ཁཱལ་མུག་གི་ཕ་སྐད་དག་མ་བཤད་མཁན་ཤིན་ཅཱང་ནང་ཡོད་པ་རེད་ཟེར། ཁཱལ་མུག་མི་རིགས་དེ་ལོ་ ༤༠༠ གོང་ལ་ཡུ་གུར་ནས་མཆེད་པ་ཡིན་འདུག

ཁཱལ་མུག་ནང་ ༡༩༢༠ ལོ་ཡས་མས་ལ་དགོན་པ་དང་ལྷ་ཁང་ ༡༠༠ ལྷག་དང་གྲྭ་བ་ ༢༥༠༠ ཙམ་ཡོད་ཀྱང་། ཨུ་རུ་སུར་དམར་ཤོག་དར་བ་དང་། ལྷག་པར་དུ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་དགོན་པ་དང་དགེ་འདུན་པ་རྩ་མེད་བཟོས་ཤིང་། ༡༩༤༣ ལོར་ཁཱལ་མུག་མི་རིགས་ཡོངས་རྫོགས་ལོ་ངོ་ ༡༣ ཪིང་སི་བྷེ་རི་ཡ་(Siberia)ལ་རྒྱང་ཕུད་བཏང་སྟེ། ཆོས་ལུགས་རིག་གནས་མི་རིགས་དང་བཅས་པར་གོད་ཆགས་ཚབ་ཆེན་ཐེབས་ཡོད་ཀྱང་། ད་ལྟ་ཁཱལ་མུག་ནང་བསྟན་པ་བསྐྱར་གསོ་གནང་སྟེ་དགོན་པ་དང་གྲྭ་བ་གང་འཚམ་ཡོད་པ་མ་ཟད། དགེ་འདུན་པ་ཚོའི་སྡོམ་ཁྲིམས་ཀྱང་གཙང་མ་ཡིན་པ་དེ་དག་ཏཱ་ལའི་བྷག་ཤི་(Dalai Bash)དང་། ཞྭ་ཆེན་བླ་མ་(shajin lama)གཉིས་ཀྱི་བཀའ་དྲིན་ཡིན་ཞེས་རྒན་རྒོན་ཚོས་མིག་ཆུ་གཏོང་བཞིན་བརྗོད་བྱུང་།

འཛམ་གླིང་དམག་ཆེན་གཉིས་པའི་སྐབས། འཇར་མན་ནཱ་ཛི་དམག་གིས་ཁཱལ་མུག་གི་རྒྱལ་ས་ཨཱ་ལེ་སི་ཏྭ་བཙན་བཟུང་བྱས་ཤིང་། ས་གནས་ཡུལ་དམག་བསྡུས་ཏེ་ཨུ་རུ་སུའི་དམར་དམག་ལ་ཁ་གཏད་གཅོག་ཏུ་བཅུག་ཡོད་སྟབས། ཨུ་རུ་སུའི་གཞུང་གིས་ཁཱལ་མུག་འཇར་མན་ནཱ་ཛི་ལ་དགའ་མོས་ཡོད་པར་དོགས་པ་ཟོས་ཏེ། གྲང་ངར་ཧ་ཅང་ཆེ་བའི་དགུན་གཞུང་ཞིག་ལ་གློ་བུར་དུ་ཁཱལ་མུག་མི་མང་ཡོངས་རྫོགས་སི་བྷེ་རི་ཡ་ལ་རྒྱང་ཕུད་གཏོང་རྒྱུ་ཡིན་པ་གསལ་བསྒྲགས་བྱས། ༡༩༤༣།༡༢།༢༨ ཉིན་ཁཱལ་མུག་གི་དུད་ཁྱིམ་ཉིས་ཁྲི་ལྷག་གི་མི་མང་ ༡༢༠༠༠༠ ཙམ་དུམ་བུ་གཉིས་སུ་བགོས་ཏེ་དོས་སྐྱེལ་མེ་འཁོར་ནང་བཅུག་སྟེ་སི་བྷེ་རེ་ཡའི་གངས་འཁྱག་གི་ཀློང་དུ་བསྐྱལ་ཡོད།

འཁྱག་རོམ་གྱི་འཇིག་རྟེན་དེར་ཁཱལ་མུག་མི་མང་གིས་ལོ་ངོ་བཅུ་གསུམ་རིང་དཀའ་སྡུག་ཚད་མེད་མྱངས་ཤིང་། མི་གྲངས་ ༡༦༠༠༠ ཙམ་འདས་གྲོངས་སུ་ཕྱིན། མཐར་ཨུ་རུ་སུའི་དམར་ཤོག་གཙོ་འཛིན་སི་ཏ་ལིན་(Stalin)གྲོངས་རྗེས། ༡༩༥༧ ལོར་ཁཱལ་མུག་མི་མང་ཕྱིར་རང་ཡུལ་ལ་ལོག་བཅུག་ཡོད་ཀྱང་། སྐབས་དེར་ཁཱལ་མུག་གི་དེ་སྔའི་ས་ཆ་ཡག་པོ་རྣམས་ཨུ་རུ་སུའི་མི་རིགས་ཀྱིས་བཟུང་ཚར་ཡོད་འདུག གོང་གི་གྲངས་ཐོ་དེ་དག་གཞུང་འབྲེལ་གསལ་བསྒྲགས་ཡིན་ཞིང་། ཁཱལ་མུག་མི་མང་གིས་སྐབས་དེར་མི་འབུམ་གསུམ་ཙམ་རྒྱང་ཕུད་བཏང་བ་ལས་ཕྱེད་ཙམ་ཤི་གོད་ཐེབས་ཡོད་ཟེར།

ཁཱལ་མུག་མི་རིགས་འདིས་ནང་པའི་ཆོས་ཀྱི་ཆེད་དུ་དཀའ་སྡུག་མང་པོ་མྱངས་ཡོད་པ་དང་། ཁཱལ་མུག་མི་རིགས་འདི་ད་ལྟ་གོ་ལའི་ཐོག་གནས་ཡོད་པ་དེའང་ནང་ཆོས་ཁོ་ནས་བསྐྱབས་པ་ཚོར་བྱུང་། རྒྱལ་ས་ཨཱ་ལེ་སི་ཏྭ་རུ་ཁཱལ་མུག་མི་རིགས་རྒྱང་ཕུད་དྲན་རྟེན་ ‘སྡེབ་ཐོན་དང་ཕྱིར་ལོག’(Exodus and Return)ཅེས་པ་ཞིག་བཞེངས་ཡོད་པའི་འགྲེལ་བཤད་ཀྱང་། ཁཱལ་མུག་མི་རིགས་རྒྱང་ཕུད་སྐབས་སྐྱབས་གནས་དཀོན་མཆོག་གསུམ་ཁོ་ན་ལས་མེད་ཅིང་། མི་ལོ་བཅུ་གསུམ་རྗེས་ཕྱིར་ལོག་སྐབས་ཀྱང་འཕགས་པ་སྦྱན་རས་གཟིགས་ཀྱི་སྙིང་རྗེ་ཁོ་ན་ཡིན་ཟེར།ཆབ་སྲིད་གནས་སྟངས་དབང་གིས་ཡིན་ནམ། ཁཱལ་མུག་མི་མང་ལ་ཁྱེད་ཚོ་སོག་པོ་རེད་ཅེས་ལབ་ན་དེ་ཙམ་དགའ་མོས་མི་བྱེད་པར། དེ་ནི་ལོ་ངོ་བཞི་བརྒྱའི་གོང་གི་སྐད་ཆ་རེད། སྤྱིར་ང་ཚོ་སོག་རིགས་ཡིན་ཡང་། ད་ལྟ་ང་ཚོ་ཁཱལ་མུག་པ་རེད་ཟེར། ལོ་རྒྱུས་ཀྱི་འགྱུར་འགྲོས་དང་ཆབ་སྲིད་གཡོ་འཁྱོམ་ཇི་ལྟར་ཆེ་ནའང་། མིག་ཆུང་ཆུང་དང་འགྲམ་པ་འབུར་འབུར། དཔུང་ཞེང་ཆེ་ལ་ཐོད་ཞེང་ཕྲ་བའི་རྩྭ་ཐང་གི་དཔའ་བོའི་ལོ་རྒྱུས་ལྡན་པའི་མི་རིགས་འདི་ཡུ་རོབ་མི་རིགས་སེར་པོ་དང་། ཨུ་རུ་སུ་མི་རིགས་དམར་པོའི་བར་ནས་ད་བར་འཚོ་གནས་ཐུབ་ཡོད་པ་འདི་ཤིན་ཏུ་ངོ་མཚར་ཆེ།

ཁཱལ་མུག་མི་རིགས་འདི་ཐོག་མ་ ༡༦༠༧ ལོར་ད་ལྟའི་རྒྱ་ནག་འོག་གི་ཤིན་ཅཱང་ངམ་ཡུ་གུར་སྟོད་ཀྱི་ཨཱལ་ཏཡེ་རི་རྒྱུད་(Altai Mountains)ཤར་ལྷོའི་ཕྱོགས་སུ་འཚོ་སྡོད་བྱེད་པའི་སོག་པོ་ཨོ་རོད་ཚོ་ཁག་བཞིའི་ནང་གསེས་ཇུན་གར་ལས་ནུབ་བྱང་དུ་མཆེད་དེ། ཨར་ཤི་(Irtysh River)གཙང་པོའི་སྟོད་དུ་ལོ་ཤས་བསྡད་རྗེས། ༡༦༡༨ ལོར་ཝོལ་གྷ་(Volga River)གཙང་པོའི་སྨད་ཀྱི་རྩྭ་ཆུ་འཛོམས་ས་དེར་གཞིས་ཆགས། ༡༦༣༠ ལོ་ནས་ཁཱལ་མུག་རྒྱལ་ཁབ་(Kalmyk Khanate)བཙུགས་ཏེ་རྒྱལ་རབས་བརྒྱད་ཙམ་བྱུང་ཡོད་ཀྱང་། རྗེས་སུ་ཡུ་རོབ་དང་ཨུ་རུ་སུའི་བཙན་འཛུལ་དང་ཡེ་ཤུ་ཆོས་ལུགས་ཀྱི་གནོན་ཤུགས་འོག་སྡོད་མ་ཐུབ་པར། ༡༧༧༡ ལོའི་ཟླ་ ༡ པོའི་ནང་རྒྱལ་རབས་མཐའ་མ་ཨུ་བྷ་ཤཱེས་(Ubashi Khan)ཀྱིས་ཝོལ་གྷ་གཙང་པོའི་ཤར་ཕྱོགས་ཀྱི་ཁཱལ་མུག་པ་འབུམ་གཉིས་ཙམ་ཁྲིད་དེ་ཕྱིར་ཕ་མེས་ཀྱི་ལུང་པ་ཇུན་གུར་དུ་ལོག་ཡོད། འོན་ཀྱང་སྐབས་དེར་ཝོལ་གྷ་གཙང་པོའི་དར་ལམ་འཆད་དེ་གཙང་པོའི་ནུབ་ཕྱོགས་ཀྱི་མི་མང་ཆིག་འབུམ་ལྔ་ཁྲི་ཙམ་ལོག་མ་ཐུབ་པར་ལྷག་པ་ད་ལྟའི་ཁཱལ་མུག་པ་འདི་ཡིན་འདུག

༡༩༡༧ ལོར་ཨུ་རུ་སུར་གསར་བརྗེ་བྱུང་སྐབས་ཁཱལ་མུག་པ་མང་པོ་ཨུ་རུ་སུའི་དམག་དཔུང་དཀར་པོ་(White Army)ཞེས་པའི་ནང་ཞུགས་ཏེ། ཨུ་རུ་སུའི་དམར་དམག་(Red army)ལ་འཐབ་འཛིང་བྱས་ཡོད་ཀྱང་། སྐབས་དེའི་དམར་ཤོག་གཙོ་འཛིན་ལཱེ་ཉིན་(Lenin)གྱིས་ཁཱལ་མུག་མི་མང་ལ་དམར་ཤོག་ལ་རྒྱབ་སྐྱོར་བྱས་ན་ས་ཆ་སོགས་ཀྱི་མཐུན་འགྱུར་གང་ལེགས་སྤྲོད་རྒྱུ་ཡིན་པའི་གོ་སྐོན་བློ་འགུག་བྱས་ཏེ། ༡༩༢༠།༡༡།༤ ཉིན་ཁཱལ་མུག་རང་སྐྱོང་ལྗོངས་(Kalmyk Autonomous Oblast)ཞེས་པ་གཏན་འབེབས་གནང་ཡོད་འདུགཁཱལ་མུག་(Kalmyk)ཅེས་པར་འགྲེལ་བཤད་མང་པོ་འདུག ཁག་ཅིག་གིས་ཏུར་ཀེའི་(Turkic)སྐད་ཡིན་ཞིང་། དེའི་ནང་དོན་ “ལྷག་མ།” འམ་དུམ་བུ་ཞེས་པའི་དོན་ཡིན་པ་དང་། ཁ་ཆེ་ཆོས་ལུགས་ཀྱི་རྒྱལ་ཁམས་སུ་ནང་པ་ཁེར་རྐྱང་གནས་སྡོད་བྱེད་ཀྱི་ཡོད་པས་དེ་ལྟར་བཏགས་པ་རེད་ཟེར། སོག་པོ་ཚོས་ཁཱལ་མུག་ལ་(Halimag)ཞེས་འབོད་ཅིང་། དེའི་ནང་དོན་ “རྒྱང་འབྲོག” གམ་རྒྱང་རིང་གི་མི་ཞེས་པའི་དོན་ཡིན་པ་དང་། དེ་ནི་ཨཱལ་ཏཡེ་རི་རྒྱུད་ཀྱི་ཏུར་ཀེའི་ཁྱིམ་མཚེས་རྣམས་ནུབ་ཕྱོགས་སུ་སྤོས་སྟབས། སོག་པོ་ཚོས་དེ་ལྟར་བཏགས་པ་རེད་ཟེར། ཡང་འགའ་ཞིག་གིས་ཁཱལ་མུག་ཅེས་པ་སོག་པོ་ཨོ་རོད་ཀྱི་མིང་ཡིན་པར་ཡང་བཤད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ཁྲིམས་འགན་འཛིན་ཟུར་པར་ལོ་ ༡༠ ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བསྟུད་མར་བྱུང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

དབྱིན་ཡུལ་གྲོས་ཚོགས་འོག་མས་རྒྱ་ནག་ཉིན་རེའི་ཚགས་པར་འགྲེམས་སྤེལ་བཀག་འགོག་གནང་།

ཆུ་ཚོད་ ༡༥ སྔོན་ལ།
དྲ་ལམ་གྱི་པར།
Mobile App

ཁུང་ཙིའི་སློབ་གླིང་ཁག་སྒོ་རྒྱག་རྒྱུ་ཡིན་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༡༥ སྔོན་ལ།
Former Pakistan prime minister Imran Khan, gestures as he speaks with Reuters during an interview, in Lahore, Pakistan March 17, 2023. REUTERS/Akhtar Soomro
Mobile App

པཱ་ཀི་སི་ཐན་གྱི་གྲོས་ཚོགས་འཐུས་མི་ཟུར་བ་ ༡༠༨ ལ་ལོ་བཅུ་རེའི་ཁྲིམས་ཐག་བཅད།

༢༠༢༥/༠༨/༠༡
ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག
Mobile App

ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་མི་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག

༢༠༢༥/༠༨/༠༡
Mobile App

ལོ་ངོ་ ༡༢༧ རྗེས་ནས་སངས་རྒྱས་ཀྱི་རིག་དངོས་ཕྱིར་སློག་བྱས།

༢༠༢༥/༠༧/༣༡

མཆན། 3

  1. gendun says:
    ལོ་ 5 སྔོན།

    སྐུ་ངོ་མཆོག་གིས་ཨུ་རུ་སུར་སྐོར་བསྐྱོད་ཀྱི་དྲན་ཐོ་ཧ་ལས་པའི་ཡག་པོ་བྲིས་འདུག་པར་ཐུགས་རྗེ་ཆེ།

    Reply
  2. བསོད་ནམས་རྒྱལ་མཚན། says:
    ལོ་ 5 སྔོན།

    Very Nice ? ཁྱེད་ཚོ་ང་ཚོ་ཀློག་རྒྱུ་ཆེད་ སོག་རིགས་ཁལ་མུག་ལོ་རྒྱུད་འཚོལ་ས་ཕྱིན་འདུག་ག ? ? ? ?

    Reply
  3. རིག་ལྡན། says:
    ལོ་ 5 སྔོན།

    བྲོ་བ་ཆེན་པོ་བྱུང་། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese