མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨྲ་བརྗོད་རང་དབང་དང་མ་ཉེས་ཁག་གཡོགས་ཀྱི་དབྱེ་བ་དང་གསལ་བཤད།

བོད་ཀྱི་དུས་བབ།
༢༠༢༠/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

ལ་མོ་ཚུལ་ཁྲིམས།

དམངས་གཙོའི་ལམ་ལུགས་ནི་འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་རིགས་ཡོངས་ཀྱི་ཆེས་ཡིད་སྨོན་དང་བརྩི་བཀུར་བྱེད་སའི་ཆབ་སྲིད་ཀྱི་ལམ་ལུགས་དེ་ཡིན་ལ། དེང་སང་འཛམ་གླིང་སྟེང་ཆེས་དར་ཁྱབ་ཆེ་བའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཀྱང་ཡིན་པ་རེད། དམངས་གཙོའི་ལམ་ལུགས་འདི་ཉིད། འདི་ལྟར་འཛམ་གླིང་ཡོངས་སུ་དར་ཁྱབ་བྱེད་དགོས་དོན་གྱི་རྒྱུ་མཚན་གཙོ་བོ་ཞིག་ནི་སྨྲ་བརྗོད་རང་དབང་རེད། སྨྲ་བརྗོད་རང་དབང་ནི་དམངས་གཙོའི་ལམ་ལུགས་ཀྱི་རྩ་བའི་དམ་བཅའ་ཡིན། རྩ་བའི་དམ་བཅའ་འདི་ལ་ཁྲིམས་ཀྱི་འགན་སྲུང་ཡོད་པ་རེད། གལ་སྲིད་རྩ་བའི་དམ་བཅའ་འདི་ལ་ཁྲིམས་ཀྱིས་འགན་སྲུང་བྱེད་མ་ཐུབ་ཚེ། དམངས་གཙོའི་ལམ་ལུགས་ཐོག་ཤར་སྐྱོད་བྱེད་མི་ཐུབ་པ་ཡིན།

དེ་བཞིན་ཏུ། སྨྲ་བརྗོད་རང་དབང་ཞེས་བརྗོད་དུས། གཏམ་བརྗོད་རང་དབང་དང་དཔར་བསྐྲུན་རང་དབང་ལ་གོ་ཞིང་། དེའང་དྲང་བདེན་དང་། ཕྱི་གསལ་ནང་གསལ་གྱི་རྩ་བའི་རྩ་དོན་ཞིག་གཞི་ལ་བཞག་སྟེ། གཏམ་བརྗོད་རང་དབང་དང་དཔར་བསྐྲུན་རང་དབང་བྱེད་པ་དེ། འཛམ་གླིང་སྟེང་གི་མི་སེར་སུ་དང་གང་ལའང་ཐོབ་དབང་ཡོད་ཅིང་། ཐོབ་དབང་དེར་སྲིད་གཞུང་སུ་གང་གིས་ཚོད་འཛིན་དང་བཀག་འགོག་བྱེད་མི་ཆོག་པ་ཡིན།

རེད་དེ། སྨྲ་བརྗོད་དབང་དེ་རང་གི་རྩ་བའི་དམ་བཅའ་དང་ཚད་གཞི་ལས་བརྒལ་ཏེ། དྲང་གཏམ་དེ་དཀྲོག་གཏམ་དུ་བསྒྱུར། བདེན་པ་དེ་རྫུན་མར་བཟོས་བའི་བྱ་སྤྱོད་དེས། མི་སྒེར་དང་གཞུང་ལ་འགལ་རྐྱེན་བཟོ་ཀྱིན་རེད། གལ་སྲིད་མི་སྒེར་དང་གཞུང་ལ་འགལ་རྐྱེན་བཟོས་ཚེ། སྨྲ་བརྗོད་རང་དབང་གི་རིན་ཐང་རྦད་དེ་ཉེས་བའི་ངོ་བོར་འགྱུར་བ་ཡིན། གལ་སྲིད་ཉེས་བའི་ངོ་བོ་ལ་འགྱུར་བ་ཡིན་ན་མ་ཉེས་ཁག་གཡོགས་ཀྱི་ཁྲིམས་ཆད་ཕོག་པའི་གཞི་རུ་འགྲོ་གིན་རེད།

འདི་ལྟ་བུའི་སྒྲིག་སྲོལ་ལམ་ལུགས་འདི་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཡོངས་ཁྱབ་གསལ་བསྒྲགས་དང་། ཨ་མེ་རི་ཀའི་རྩ་ཁྲིམས་བསྐྱར་བཅོས་གཉིས་ཀས་རྒྱབ་སྐྱོར་བྱེད་ཅིང་། ངེད་ཅག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ཀྱང་དེ་བཞིན་ཏུ་བརྩི་བཀུར་བྱེད་བཞིན་ཡོད།

 ཅི་ཞིག་ལ་སྨྲ་བརྗོད་རང་དབང་ཟེར།

སྨྲ་བརྗོད་རང་དབང་ནི་སྤྱི་ཚོགས་ཡོངས་དང་འགྲོ་བ་མིའི་རིགས་ཡོངས་ཀྱི་རྩ་བའི་འཚོ་གནས་ཀྱི་དགོས་དབང་གཙོ་བོ་དེ་ཡིན། ནམ་རྒྱུན་ཡིན་ན། མི་སེར་རྣམས་ཀྱིས་གཞན་གྱི་གནས་ཚུལ་འཚོལ་སྡུད་དང་། དེ་ལ་ཞིབ་འཇུག་བྱས་ཏེ། རང་གི་ལྟ་ཚུལ་བརྗོད་པ་དང་འཚོ་བ་ཡར་རྒྱས་སུ་གཏོང་བ་བཅས་བྱེད་བཞིན་པ་ཡིན། དེ་དང་མཉམ་དུ་སྨྲ་བརྗོད་རང་དབང་གི་བརྒྱུད་ལམ་འདི་བརྒྱུད་ནས། མི་སེར་གྱི་ཤེས་རྟོགས་གོང་དུ་སྤེལ་ཞིང་ལྟ་ཚུལ་གྱི་ནུས་པའང་ཕྱོགས་གཅིག་ཏུ་ཡོང་བའི་ནུས་བ་ཐོན་བཞིན་ཡོད། རྒྱལ་ཁབ་དང་སྲིད་གཞུང་ནས་མི་སེར་གྱི་བྱེད་སྒོ་འདི་དག་ལ་ཚོད་འཛིན་བྱེད་མི་ཆོག་པར། འདི་ནི་དམངས་གཙོའི་ལམ་ལུགས་ཀྱི་གྲུབ་ཆ་གལ་འགངས་ཆེ་བ་ཞིག་ཡིན།

ཨ་མེ་རི་ཀའི་ཁྲིམས་དཔོན་ལའོ་སུ་སྦི་རན་རྡ་ཡིས་འདི་འདྲ་ཞིག་གསུངས་ཡོད། རང་དབང་གི་བསམ་བློ་གཏོང་རྒྱུ་དང་རང་དབང་གིས་སྐད་ཆ་བཤད་རྒྱུ་གཉིས་ནི་ཆབ་སྲིད་ཀྱི་གནས་སྟངས་ངོ་མ། ཕྱི་ལ་གསལ་བོར་སྟོན་པར་བྱེད་པའི་ཐད་ལ་མེད་དུ་མི་རུང་བ་ཞིག་ཡིན་ཞེས་གསུངས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ལེའུ་ ༡༩ བའི་ནང་དུ། འགྲོ་བ་སུ་ཞིག་ཡིན་ཡང་རང་གི་ལྟ་བ་དང་བསམ་འཆར་བརྗོད་པ་ལ་བཀག་འགོག་མེད་པ་དང་། རང་གི་ལྟ་ཚུལ་རྒྱུན་འཁྱོངས་བྱེད་པའི་ཐོབ་ཐང་ཀྱང་ཡོངས་སུ་ཡོད་དགོས། དེ་བཞིན་ཏུ་གཞན་གྱི་གནས་ཚུལ་འདྲི་བརྩད་དང་། དྭང་ལེན། ཁྱབ་བསྒྲགས་བཅས་བྱེད་པའི་རང་དབང་ཡང་ཡོད་དགོས་ཞེས་འཁོད་ཡོད།

ཨ་མེ་རི་ཀའི་རྩ་ཁྲིམས་བསྐྱར་བཅོས་ལེའུ་དང་པོའི་ནང་དུ། གྲོས་ཚོགས་ཀྱིས། མི་སེར་ཀྱིས་ཆོས་ལུགས་གང་ཞིག་ལ་དད་པ་བྱེད་མིན་ཐད་ཇུས་གཏོགས་བྱས་མི་ཆོག་པ་དང་། མི་སེར་གྱིས་སྲིད་གཞུང་གི་སྐོར་ལ་སྐད་ཆ་གང་ཞིག་དང་། རྣམ་འགྱུར་གང་ཞིག་བསྟན་ཅིང་སྲིད་གཞུང་གིས་དེ་ལ་བཀའ་འགོག་བྱས་མི་ཆོག་ཞེས་འཁོད་ཡོད།

སྤྱིར་འཛམ་གླིང་སྟེང་གི་འགྲོ་བ་མི་སུ་ཞིག་གིས་ཀྱང་རང་ཉིད་ཀྱི་ལྟ་བ་ལངས་ཕྱོགས་བརྗོད་པ་དང་། གཞན་གྱི་གནས་ཚུལ་རྒྱུས་ལོན་བྱེད་པ་དེ་ལ་སྲིད་གཞུང་གིས་འགོག་རྐྱེན་བཟོས་མི་ཆོག་པ་གསལ་བོ་རེད། དེ་དང་ཆབས་ཅིག་སྨྲ་བརྗོད་རང་དབང་ནི་སྲིད་གཞུང་དང་མི་སེར་གཉིས་བར་ཀྱི་འབྲེལ་བ་ལས་བྱུང་བ་ཞིག་ཡིན་པ་དང་། སྲིད་གཞུང་གི་ལས་དོན་ལ་མི་སེར་གྱིས་བལྟ་རྟོག་བྱེད་ཅིང་། སྲིད་གཞུང་གི་ལས་དོན་རྣམས་མི་དམངས་ལ་ཧ་གོ་རུ་འཇུག་རྒྱུ་ནི། སྲིད་གཞུང་དང་མི་དམངས་གཉིས་བར་གྱི་ཐོག་མའི་གན་རྒྱ་དང་། སྨྲ་བརྗོད་རང་དབང་གི་རྩ་བའི་དམ་བཅའ་ཡིན། གལ་སྲིད། སྲིད་གཞུང་གིས་གཞུང་དམངས་གཉིས་ཀྱི་རྩ་བའི་དམ་བཅའ་འདི་ལ་བརྩི་བཀུར་མ་བྱས་ཚེ། མི་སེར་གྱིས་སྲིད་གཞུང་ལ་ངོ་རྒོལ་བྱས་ཆོག་ཅིང་། དེ་ལྟར་ངོ་རྒོལ་བྱེད་ཆོག་པའི་ཐོབ་དབང་དང་། བྱེད་དགོས་པའི་རྒྱུ་མཚན་ནི་མི་སེར་ལ་རང་གི་སྨྲ་བརྗོད་རང་དབང་ལོངས་སྤྱོད་བྱེད་ཆོག་པའི་ཐོབ་ཐང་དང་། སྲིད་གཞུང་གིས་མི་སེར་གྱི་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བྱེད་མི་ཆོག་པའི་ཁྲིམས་ཀྱི་གཞི་རྩ་འདི་ལས་བྱུང་བ་ཡིན།

དེ་བས་མི་དམངས་ཀྱིས་སྲིད་གཞུང་གི་བྱེད་སྟངས་ལ་རྔམ་སྟོན་ཁྲོམ་སྐོར་དང་། རང་གི་ལྟ་བ་དང་ལངས་ཕྱོགས་རྣམས་ཚགས་དཔར་དང་། བརྙན་འཕྲིན། རླུང་འཕྲིན། རི་མོའི་མཚོན་རྟགས་ལ་སོགས་བརྒྱུད་ནས་འགྲེལ་སྤེལ་བྱེད་པ་འདི་དག་ཚང་མ་སྨྲ་བརྗོད་རང་དབང་གི་ཁྲིམས་ལུགས་ཀྱི་གཞི་རྩ་ལས་བྱུང་ཞིང་། སྲིད་གཞུང་གིས་མི་སེར་གྱི་བྱེད་སྒོ་འདི་དག་བཀག་འགོག་བྱེད་རྒྱུ་ལས་དེ་ལ་སྲུང་སྐྱོབ་བྱེད་པའི་འགན་དབང་ཡོད་པ་རེད།

དེ་བཞིན་ཏུ་སྨྲ་བརྗོད་རང་དབང་ཞེས་བརྗོད་ཚེ། སྨྲ་བརྗོད་རང་དབང་ལ་སྨྲ་བརྗོད་རང་དབང་གི་ཁྱད་ཆོས་དང་རང་བཞིན་ཡོད་པ་ཞིག་ཡིན། ཁྲིམས་གཞུང་དུ་སྨྲ་བརྗོད་རང་དབང་གི་མཚན་ཉིད་ནི་དངོས་ཐོག་བདེན་འཚོལ་དང་། སྤྱི་བསམ་ཡོད་པ། ཡ་རབས་སྤྱོད་བཟང་། གནས་ལུགས་དང་རྒྱུ་མཚན་ཡོད་པ། ཡར་རྒྱས་དང་ཡང་དག་པའི་ཀུན་སློང་ཡོད་པ། མཉམ་འབྲེལ་གྱི་ནུས་པ་ཡོད་པ་བཅས་ལ་ཟེར་ཞིང་། ཁྱད་ཆོས་དེ་དག་དང་ལྡན་པའི་བྲིས་རྩོམ་དང་། གཏམ་བཤད་དང་། མཚོན་རྟགས་བཅས་ལ་གོ་བ་ཡིན། གལ་སྲིད་གོང་གི་ཁྱད་ཆོས་དེ་དག་ལས་ལྡོག་ན་སྨྲ་བརྗོད་རང་དབང་གི་མཚན་ཉིད་མི་ཚང་ཞིང་། སྨྲ་བརྗོད་རང་དབང་གི་ཐོག་མའི་དམ་བཅའ་དང་འགལ་འགྲོ་བས། སྲིད་གཞུང་གི་སྲུང་སྐྱོབ་བྱེད་པའི་འགན་དབང་མེད་པའི་ཁར། མ་ཉེས་ཁ་གཡོགས་ཀྱི་ཁྲིམས་ལུགས་ཀྱིས་ཚོད་འཛིན་དང་བཀག་འགོག་བྱེད་ཆོག་པ་གསལ་བོར་བསྟན་ཡོད།

ཅི་ཞིག་ལ་མ་ཉེས་ཁག་གཡོགས་ཟེར།

སྨྲ་བརྗོད་རང་དབང་ནི་ཆེས་བཀུར་ཏུ་འོས་བའི་ལམ་ལུགས་ཤིག་ཡིན་པ་བདེན་ཏུ་འཆུག་མོད། སྨྲ་བརྗོད་རང་དབང་དེ་ལའང་ཚད་གཞི་ཞིག་ངེས་པར་དུ་ཡོད། ཚད་གཞི་དེ་ལས་བརྒལ་ཏེ་བྱུང་རྒྱུད་དུ་སྨྲས་པའམ། མི་སྒེར་དང་། སྤྱི་ཚོགས་ལ་གནོད་གཞི་ཡོད་པའི་གཏམ་བཤད་སྤེལ་ན། སྨྲ་བརྗོད་རང་དབང་གི་རིན་ཐང་བྲལ་ཞིང་། ཁྲིམས་ལུགས་ཀྱི་སྲུང་སྐྱོབ་མེད་པར་གྱུར་ཏེ་མ་ཉེས་ཁག་གཡོགས་ཀྱི་ཁྲིམས་ལུགས་ཀྱི་གཏིང་འཛིན་འོག་ཚུད་འགྲོ་བ་ཡིན། མ་ཉེས་ཁག་གཡོགས་ཀྱི་ཁྲིམས་ལུགས་ཀྱི་རྩ་བའི་དགོས་དོན་ནི། འགྲོ་བ་མི་ཞིག་གི་མཚན་གནས་དང་གཟི་བརྗིད་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་པ་དང་། ཚད་ཡོད་པའི་སྨྲ་བརྗོད་རང་དབང་གི་ཁྲིམས་ལུགས་སྟེ། མ་ཉེས་ཁག་གཡོགས་ཀྱི་ཁྲིམས་ལུགས་གཞི་ལ་བཞག་ཏེ། འགྲོ་བ་མིའི་མཚན་སྙན་གྲགས་ལ་སྲུང་སྐྱོབ་བྱེད་པ་ནི་མ་ཉེས་ཁག་གཡོགས་ཀྱི་རྩ་བའི་དམིགས་ཡུལ་དང་རིན་ཐང་ཡིན།

སྨྲ་བརྗོད་རང་དབང་གི་ཁྲིམས་ལུགས་ཀྱི་ཚད་གཞིའི་ཐད་ལ། རྒྱལ་སྤྱིིིའི་མི་སེར་དང་ཆབ་སྲིད་ཀྱི་ཆིངས་ཡིག་(International Covenant on Civil and Political Rights) ལེའུ་ ༡༩ པའི་དོན་ཚན་ ༣ པའི་ཁྲིམས་ཡིག་གི་ནང་དུ། སྨྲ་བརྗོད་རང་དབང་གི་གླེང་བྱའི་ཁྲོད་དུ། སྨྲ་བརྗོད་རང་དབང་ཉམས་སུ་ལེན་པའི་བརྒྱུད་རིམ་ཁྲོད་མི་གཞན་གྱི་དབང་ཆ་དང་། སྙན་གྲགས་ལ་བརྩི་བཀུར། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྒྲིག་སྲོལ། སྤྱི་བའི་འཕྲོད་བསྟེན་དང་ཀུན་སྤྱོད་བཅས་ལ་སྲུང་སྐྱོབ་བྱེད་དགོས་པ་གསལ་བོོར་བཀོད་ཡོད་ལ། དེ་དང་མཉམ་དུ་མི་སྒེར་གྱི་གསང་བ་དང་། མཚན་སྙན་གྲགས་ལ་སྲུང་སྐྱོབ་བྱེད་པར་མ་ཉེས་ཁག་གཡོགས་ཀྱི་ཁྲིམས་ལུགས་ཀྱིས་སྟངས་འཛིན་དང་། ཡང་ན་དྭངས་སྙོམས་སུ་གནས་བར་བྱེད་པ་ཡིན།

འགྲོ་བ་མིའི་ཐོང་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ལེའུ་ ༡༢ ནང་དུ། མི་སྒེར་གྱི་འཚོ་བ་དང་། ཁྱིམ་ཚང། ཁང་ཁྱིམ་དང་འཕྲིན་བསྐྱལ་སོགས་ལ་སྨྲ་བརྗོད་རང་དབང་གིས་འགལ་རྐྱེན་གང་ཡང་བཟོས་མི་ཆོག དེ་དང་མཉམ་དུ་མི་སུ་ཞིག་གི་མཚན་སྙན་གྲགས་ལ། ཚིག་མཚོན་འདེབས་པ་སོགས་བྱས་མི་ཆོག་ཞིང་། གལ་སྲིད་དེ་དང་དེ་ལྟ་བུའི་མི་འདོད་པའི་ཚུར་རྒོལ་སོགས་བྱེད་སྐབས། བྱ་སྤྱོད་འདི་དག་ལ་ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་དང་། སྲུང་སྐྱོབ་བྱེད་བའི་འགན་འཁུར་ཡོད། ཅེས་གསལ།

དེ་བཞིན་ཏུ་ཨ་རིའི་རྩ་ཁྲིམས་བསྐྱར་བཅོས་ལེའུ་དང་པའི་ནང་དུའང་། མི་སེར་གྱིས་སྲིད་གཞུང་གི་སྐོར་ལ་སྐད་ཆ་གང་ཞིག་དང་། རྣམ་འགྱུར་གང་ཞིག་བསྟན་ཅིང་ སྲིད་གཞུང་གིས་དེ་ལ་བཀག་འགོག་བྱས་མི་ཆོག་ཞེས་འཁོད་ཡོད་ལ། དེ་དང་མཉམ་དུ་མི་སུ་དང་ཚོགས་པ་གང་གིས་ཀྱང་རྫུན་བཟོ་དང་དཀྲོག་གཏམ་སྤེལ་ཏེ། མི་གཞན་གྱི་མཚན་སྙན་གྲགས་ལ་གནོད་སྐྱོན་གཏོང་མི་ཆོགཞེས་གསལ།

གོང་གི་ཁྲིམས་གཞི་འདི་དག་ལས་སྨྲ་བརྗོད་རང་དབང་ལ་ཚད་གཞི་ཡོད་པ་དང་། གལ་སྲིད་ཚད་གཞི་དེ་ལས་བརྒལ་ཚེ་མ་ཉེས་ཁག་གཡོགས་ཀྱི་ཁྲིམས་ཀྱི་དྲ་རྒྱ་ཡིས་སྟངས་འཛིན་བྱས་ཆོག་པའི་འགྲོ་ལུགས་གསལ་བར་བསྟན་ཡོད། མ་ཉེས་ཁག་གཡོགས་ཀྱི་ཁྲིམས་ལུགས་ཀྱི་རྩ་བའི་དགོས་དམིགས་གཙོ་བོ་ནི། འགྲོ་བ་ཡོངས་ཀྱི་རྩ་བའི་རང་དབང་གཉིས་སྟེ། སྨྲ་བརྗོད་རང་དབང་དང་། ཆེ་མཐོང་རང་དབང་གཉིས་ཀ་བཏང་སྙོམས་དང་། འདུམ་འགྲིག སྲུང་སྐྱོབ་བཅས་བྱེད་རྒྱུ་དེ་ཡིན་པ་རེད།

དེ་ཡང་དམངས་གཙོའི་གཞུང་ལུགས་ཀྱི་སྨྲ་བརྗོད་རང་དབང་གི་གནོན་ཤུགས་ལས། འགྲོ་བ་མིའི་ཆེ་མཐོང་གི་རང་དབང་དང་། སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པར་མི་འཇུག་པར་སྲུང་སྐྱོབ་དང་། འདུམ་འགྲིག་བྱེད་པའི་ཁྲིམས་ལུགས་དེ་ལ་མ་ཉེས་ཁག་གཡོགས་ཀྱི་ཁྲིམས་ལུགས་ཞེས་བརྗོད་པ་ཡིན།

མ་ཉེས་ཀྱི་ཁག་གཡོགས་ཁྲིམས་ལུགས་ཀྱི་མཚན་ཉིད་ལ་མཚོན་ན། སྨྲ་བརྗོད་རང་དབང་གི་ཚད་གཞི་ལས་བརྒལ་བའི་བྱ་སྤྱོད་དེ་ལ་བརྗོད་ཅིང་། ཚད་གཞི་ལས་བརྒལ་བའི་བྱ་སྤྱོད་དེ་དག་ནི་མ་རབ་དང་། འཇིགས་སྣང་སྐུལ་བ། ཉེན་ཁ་ཡོད་པ། ནག་ཉེས་བཟོ་བར་ངན་སྐུལ་བྱེད་པ། གཡེན་དཀྲུག་བྱེད་པ། ཕར་རྒོལ་བྱེད་པ། ཁ་ཡན་སྒྲོགས་པ། སྐུར་བ་འདེབས་པ། ཞེ་འཁོན་ཡོད་པའི་གཏམ་བཤད་སྤེལ་བ། ཆོས་ལུགས་ལ་དགག་པ་རྒྱག་པ། རྒྱལ་དར་བསྲེགས་པ། མང་ཚོགས་ལ་ངན་སྐུལ་རྒྱག་པ། མི་སུ་ཡིན་ལ་མཐོང་ཆུང་དང་དམའ་འབབ་བྱེད་པ། འཁོན་འཛིང་བྱེད་པ་བཅས། ཕ་རོལ་མི་སྒེར་དང་། སྤྱི་ཚོགས། སྲིད་གཞུང་བཅས་ཀྱི་ལས་དོན་ལ་འཐུས་ཤོར་དང་། མཚན་སྨད་བྱེད་པའི་བྱ་སྤྱོད་འདི་དག་ལ་བརྗོད་པ་ཡིན།

མ་ཉེས་ཁག་གཡོགས་ཀྱི་བྱ་སྤྱོད་འདི་དག་སྤེལ་བ་ལ་ཁག་གཉིས་ཀྱི་ལམ་ནས་ཡོང་བཞིན་ཡོད་པ་ཡིན། དེ་ནི་ཡིག་ཐོག་གི་རྩོམ་ཡིག་དང་། རི་མོ་འགྲེམས་སྤེལ་བ། ངག་ཐོག་གི་གཏམ་བཤད་སྤེལ་བ་དེ་གཉིས་ལ་ཟེར། ཡིག་ཐོག་གི་རྩོམ་ཡིག་དང་རི་མོའི་འགྲེམ་སྤེལ་ཞེས་པ་ནི་ཚགས་པར་དང་། དུས་དེབ་སོགས་སུ་མ་ཉེས་ཁག་གཡོགས་ཀྱི་མཚན་ཉིད་ཚང་པའི་ཚིག་མཚོན་གྱི་རྩོམ་ཡིག་འབྲི་བ་ལ་གོ་ཞིང་། ངག་ཐོག་གི་གཏམ་བཤད་ཀྱང་དེ་བཞིན་ཏུ་སྨྲ་བརྗོད་རང་དབང་གི་ཚད་གཞི་ལས་ཡོངས་སུ་བརྒལ་བའི་གཡེན་དཀྲུག་དང་། ཞེ་འཁོན་ཡོད་པའི་གཏམ་བཤད་དག་བརྙན་འཕྲིན་དང། རླུང་འཕྲིན། སྐད་འཕྲིན། ཡང་ན་གཟུགས་རིས་དང་རྣམ་འགྱུར་བཅས་རྒྱུད་དེ་བརྒྱུད་བསྒྲགས་བྱེད་པ་དེ་ལ་ཟེར་ཞིང་། འདི་ལྟར་འགྲེམ་སྤེལ་དང་རྒྱུད་བསྒྲགས་བྱས་པའི་ཉེར་ལེན་ལས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོད་དང་། མི་སྒེར་གྱི་མཚན་སྙན་གྲགས་ལ་བར་ཆད་བཟོས་ཏེ། གཞུང་སྒེར་གཉིས་ཀ་འཇིགས་སྣང་གི་གནས་སུ་ཕར་རྒོལ་བྱེད་པའི་བྱ་སྤྱོད་འདི་ལ་མ་ཉེས་ཁག་གཡོགས་ཀྱི་བྱ་སྤྱོད་ཞེས་བརྗོད་ཆོག ཞེ་འཁོན་ཡོད་པའི་གཏམ་གྱི་སྐོར་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨན་ཐཱའོ་ནེ་རྒ་ཏྲེར་གྱིས་འདི་ལྟར་གསུངས་ཡོད།

སྨྲ་བརྗོད་རང་དབང་ཁ་ལ་ཁྱེར་ནས་སྲིད་གཞུང་དང་། སྤྱི་སྒེར་གྱི་གནས་སྟངས་ལ་མི་ལྟ་བར། ཆོལ་ཁ་དང་ཆོས་ལུགས་ཀྱི་གྲུབ་མཐའ་མི་གཅིག་པ་དང་། མི་རིགས་དང་ཕོ་མོ་མི་གཅིག་པ། ལོ་ན་མི་གཅིག་པ་སོགས་རྒྱུ་མཚན་དུ་བྱས་ནས། གཅིག་གིས་གཅིག་ལ་ཞེ་འཁོན་ཡོད་པའི་གཏམ་བཤད་སྤེལ། ཚིག་མཚོན་སུན་བཙུར་བཟོས། སྐུར་འདེབས་བྱེད་བཞིན་ཡོད་པ་འདི་དག་ཚང་མས་དམངས་གཙོའི་རིན་ཐང་དང་། སྤྱི་ཚོགས་ཀྱི་བརྟན་བརླིང་། རྒྱལ་ཁབ་ཀྱི་ཞི་བདེ་བཅས་ལ་གནོད་སྐྱོན་བཟོ་བཞིན་ཡོད་པ་མཉམ་འབྲེལ་རྒྱལ་ཚོགས་ནས་གསལ་ཁ་འདོན་རྒྱུ་ཡིན་ཞེས་བཤད་ཡོད།

གོང་གི་ཁྲིམས་གཞི་འདི་དག་ལས་ང་ཚོས་གསལ་བོར་ཤེས་བ་ནི། སྨྲ་བརྗོད་རང་དབང་ཞེས་པ་ནི་ཁ་ལ་ཡོང་སྟངས་བསྒྲགས་རྒྱུ་དང་སེམས་ལ་ཡོང་སྟངས་མངོན་རྒྱུ་ཞིག་མ་ཡིན་པར། སྨྲ་བརྗོད་རང་དབང་ལ་རང་དབང་གི་ས་མཚམས་ཆུ་མཚམས་ཀྱི་ཚད་གཞི་ཡོད་པ་དང་། ཡང་དག་པ་དང་དྲང་བདེན་གྱི་ཁྱད་ཆོས་ཡོད་པ་ཞིག་ཡིན་པ་གསལ་བོ་རེད།

ཁྲིམས་དོན་ཁ་ཤས་ཤིག་དཔེ་མཚོན་དུ་བཀོད་ན།

ཉེན་ཁ་ཡོད་པའི་ཡིག་ཆ་འགྲེལ་སྤེལ་བྱས་པའི་སྐོར་ལ།

ཁྲིམས་དོན་འདི་ནི་འཛམ་གླིང་འཁྲུག་ཆེན་དང་བའི་སྐབས། ཨ་མེ་རི་ཀར་བྱུང་བའི་གྱོད་དོན་ཞིག་ཡིན། གྱོད་དོན་འདི་ནི་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན། ཨ་རི་བ་འཆར་གཤིན་ཁཱི་ཡིས། ཨ་རི་སྲིད་གཞུང་གིས། འཛམ་གླིང་འཁྲུག་ཆེན་དང་པའི་ཐོག་དམག་མི་བསྡུ་སྐོང་བྱེད་སྐབས། ཁོ་བོས་མང་ཚོགས་ལ་དམག་མི་བསྡུ་སྐོང་བྱེད་པར་རྒྱབ་སྐྱོར་མེད་པའི་རྣམ་འགྱུར་བསྟན་ཞིང་། དེ་ལ་ངོ་རྒོལ་བྱེད་པའི་ཡིག་ཆ་འགྲེལ་སྤེལ་བྱས། སྐུ་ཞབས་གཤིན་ཁཱི་ཡིས་ཡིག་ཆ་དེ་ལྟར་འགྲེམ་སྤེལ་བྱེད་པའི་རྒྱུ་མཚན་ནི། ཁོང་གིས་ཁོང་ལ་སྨྲ་བརྗོད་རང་གི་ཐོབ་ཐང་ལོངས་སུ་སྤྱོད་པའི་དབང་ཆ་ཡོད་པར་བཤད་ཡོད་ཀྱང་། ཁོང་གི་བྱ་སྤྱོད་དེ་ནི་རྒྱལ་ཁབ་གྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་བྱ་སྤྱོད་ཞིག་ཏུ་བརྩི་ཏེ། སྐུ་ཞབས་གཤིན་ཁཱི་བཙོན་ཏུ་བཅུག རྒྱལ་ཁབ་གྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་ཡིག་ཆ་འགྲེམ་སྤེལ་བྱས་པ་འདི། སྨྲ་བརྗོད་རང་དབང་གི་ཁྲིམས་ཀྱི་གཞི་འཛིན་ས་མེད་པར། མ་ཉེས་ཁག་གཡོགས་ཀྱི་ཁྲིམས་ཀྱི་དྲ་རྒྱའི་ནང་ཚུད་པ་འདི་ལྟར་རེད།

ཁ་ཡན་དང་སྐུར་འདེབས་བྱས་པའི་སྐོར།

ཁྲིམས་དོན་འདི་ ༢༠༡༨ ལོར་སྲིད་སྐྱོང་བློ་བཟང་སེང་གེ་གཙོ་བོའི་བཀའ་ཤག་གིས། ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལ་མ་ཉེས་ཁག་གཡོགས་བྱས་པའི་གྱོད་དོན་དེ་རེད། གྱོད་དོན་དེ་བྱང་ཨ་རི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལ། སྲིད་སྐྱོང་བློ་བཟང་སེང་གེ་གཙོ་བོའི་བཀའ་ཤག་གིས། སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཨ་མེ་རི་ཀར་ཕྱིན་ཏེ། དོན་གཅོད་ཀྱི་ལས་ཀ་བྱས་ཏེ་ལོ་གཅིག་ལས་མ་འགོར་བར་གནས་དབྱུང་བཏང་ཞིང་། གནས་དབྱུང་བཏང་བ་དང་མཉམ་དུ། སྐུ་ཞབས་སྤེན་པ་ཚེ་རིང་གིས་བྱང་ཨ་རིའི་དོན་གཅོད་ཀྱི་ལས་ཀ་མི་འཇོན་ཚུལ་དང་། འཐུས་ཤོར་དུ་ཕྱིན་ཡོད་ལུགས། ཡིད་ཆེས་མེད་ལུགས་ཀྱི་གཏམ་བཤད་དང་ཡིག་ཆ་འགྲེམ་སྤེལ་བྱས། སྲིད་སྐྱོང་བློ་བཟང་སེང་གེ་གཙོ་བོའི་བཀའ་ཤག་གིས་དེ་ལྟར་ཡིག་ངག་གཉིས་ཀྱིས་ལམ་ནས་གཏམ་མཆལ་སྤེལ་བ་འདིས། སྐུ་ཞབས་སྤེན་པ་ཚེ་རིང་གི་མཚན་སྙན་གྲགས་ལ་གནོད་སྐྱོན་ཐེབས་ཡོད་པ་རེད།

༢༠༡༩ ལོར་བཙན་བྱོལ་བོད་མིའི་ཆེས་མཐོ་ཁྲིམས་ཞིབ་ཁང་ནས། བློ་བཟང་སེང་གེ་གཙོ་བོའི་བཀའ་ཤག་གི་བྱ་སྤྱོད་དེ་ནི་ཁུངས་སྐྱེལ་མེད་པ་དང་། གནས་ཚུལ་ཡོང་ཁུངས་ངེས་བརྟན་མེད་པར། ཁ་ཡན་སྒྲོགས་པ་ཁོ་ན་ཡིན་པར་ར་སྤྲོད་བྱུང་ཏེ། སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་བྱས་བའི། ཐག་གཅོད་ཀྱི་བཅད་ཁྲ་ཁྱབ་བསྒྲགས་གནང་ཡོད། འདི་ལས་སྨྲ་བརྗོད་རང་དབང་ནི་དངོས་ཐོག་བདེན་འཚོལ་དང་། སྤྱི་བསམ་ཡོད་པ། ཡ་རབས་སྤྱོད་བཟང་གི་ཁྱད་ཆོས་ཡོད་པའི་སྨྲ་བརྗོད་ཞིག་ཡིན་དགོས་པ་ལས། ཁུངས་ལུང་གང་ཡང་མེད་པའི་གཏམ་འཆལ་སྤེལ་ན་ང་ཚོའི་ཁྲིམས་ཁང་གིས་ཀྱང་ངོས་ལེན་མི་བྱེད་པ་གསལ་བོ་རེད།

མཐའ་དོན།

སྨྲ་བརྗོད་རང་དབང་ནི་ང་ཚོ་འགྲོ་བ་ཡོངས་ལ་མེད་དུ་མི་རུང་བའི་བརྩི་བཀུར་བྱེད་དགོས་པའི་ཐོབ་དབང་ཞིག་དང་། དམངས་གཙོ་སྲིད་གཞུང་གི་ངོམས་ཆོག་པ་དང་། ཁྲིམས་ཀྱི་སྲུང་སྐྱོབ་ཡོད་པའི་སྒྲིག་སྲོལ་ཞིག་ཡིན་པའང་གསལ་བོ་རེད། རེད་དེ་སྨྲ་བརྗོད་རང་དབང་གི་རང་དབང་དེ་ནི་ཚད་གཞི་ཡོད་པའི་རང་དབང་ཞིག་ལས། གལ་སྲིད་ཚད་གཞི་དེ་ལས་བརྒལ་ཚེ་སྨྲ་བརྗོད་རང་དབང་ལ་སྨྲ་བརྗོད་རང་དབང་གི་རིན་ཐང་དེ་མེད་པར་ཆགས་པ་མ་ཟད། ཉེས་བ་བསགས་པའི་རྒྱུ་རུ་འགྲོ་བ་ཡིན། དེ་དུས་མ་ཉེས་ཁག་གཡོགས་ཀྱི་ཁྲིམས་ཀྱིས་ལྕགས་ཀྱི་ཨ་ལོང་གིས་བསགས་བའི་ཉེས་བ་རྣམས་ཁྲིམས་ཀྱི་མདུན་ས་ནས་རེ་རེ་བཞིན་གཅུན་པར་བྱེད།

སྨྲ་བརྗོད་རང་དབང་གི་རིན་ཐང་ཆག་དགོས་བའི་རྒྱུ་མཚན་གཙོ་བོ་ནི། འགྲིག་གིན་མེད་པ་ལ། འགྲིག་གིན་མི་འདུག་ཞེས་ལབ་ན་མ་ཆོག་པ་ཞིག་མིན་པ་དང་། འགྲིག་གིན་ཡོད་པ་ཞིག་ལ་འགྲིག་གིན་མི་འདུག་ཞེས་བརྗོད་ན་དེ་བས་མི་ཆོག སྨྲ་བརྗོད་རང་དབང་གི་ཁྱད་ཆོས་གཙོ་བོ་ནི་བདེན་པ་ལ་རྒྱབ་སྐྱོར་དང་། རྫུན་མ་དག་མཐར་བྱས་ཤིང་དྲང་གཏམ་དང་། ཡ་རབ་སྤྱོད་བཟང་། ལྷག་བསམ་ཡོད་པའི་གཏམ་བཤད་དང་། རྩོམ་ཡིག མཚོན་རྟགས་བཅས་ལ་སྤེལ་བ་ལ་གོ་ཞིང་། དེ་བཞིན་ཏུ་རང་གི་སྤེལ་བའི་མཇུག་འབྲས་ལས་ཕ་རོལ་སྤྱི་ཚོགས་དང་། མི་སྒེར་ལ་ཕན་ཐོགས་ཞིང་ཡར་རྒྱས་ཀྱི་ནུས་བ་ཡོད་པ་ཞིག་ཏུ་འཛུགས་བསྐྲུན་བྱེད་རྒྱུ་ནི་སྨྲ་བརྗོད་རང་དབང་གི་རྩ་བའི་དགོས་དམིགས་ཡིན་པ་གསལ་བོ་རེད།

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧
Mobile App

སེར་བྱེས་མཁས་སྙན་གྲྭ་ཚང་གིས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་གཙི་ཞུས།

༢༠༢༥/༡༠/༡༧
Mobile App

བོད་ནང་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་ལ་ཉེས་ཆད་བཅད།

༢༠༢༥/༡༠/༡༦

མཆན། 1

  1. ཇ་ཚེ། says:
    ལོ་ 5 སྔོན།

    ལ་མོ་ཚུལ་ཁྲིམས་ལགས་ཡག་མོ་སྡོད་རོགས། སྤྱི་ལ་གནོད་པའི་གཏམ་མ་སྤེལ་ན་ལེགས། སྤྱི་ལ་ཕན་པའི་གཏམ་རེ་སྤེལ་ན་བཟང་། ཆོལ་གསུལ་མཐུན་ལམ་དགོས་པར་མ་ཤེས་སམ། དབྱེན་དཀྲུག་ཡིག་ཉོག་མ་སྤེལ་བོད་པའི་བུ། ལ་མོ་ཚུལ་ཁྲིམས་ཁྱེད་ལ་རེ་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese