ཀླུ་སྨྱོན་ཧེ་རུ་ཀ
དབྱངས་ཀྱི་མིག་ཚང་ཞེས་པའི་སྐད་འཕྲིན་ཚོགས་པ་འདིའི་ཚོགས་གཙོ་དྷིཿརྣོ་དཀར་ལགས་ཀྱིས་ཡང་བསྐྱར་ཡོང་ནས་སྐད་ཆ་ཞིག་བཤད་རོགས་ཞེས་སྐུལ་མ་བྱས་པ་བཞིན། རང་ཉིད་སླར་ཡང་ཚོགས་པ་འདིའི་ནང་དུ་ཡོང་ནས་གཏམ་བཤད་ཅིག་བྱེད་དགོས་བྱུང་སོང་།
དེ་རིང་འདིར་མང་པོ་ཞིག་བཤད་རྒྱུ་མེད། ཡིན་ན་ཡང་། སྙན་ངག་ཟེར་བ་དེ་རང་ཉིད་ཀྱི་མི་ཚེའི་ནང་དུ་འགྲོ་རོགས་འདུག་རོགས། ཟ་རོགས་འཐུང་རོགས། ཉལ་རོགས་ལངས་རོགས། དགའ་རོགས་སྐྱོ་རོགས་ཆགས་རོགས་སྡང་རོགས། ཐ་ན་སྨྱོ་རོགས་ལ་སོགས་པའི་གྲོགས་པོ་སྣ་འཛོམས་ཤིག་ཡིན་པས། སྙན་ངག་གི་སྐོར་ལ་སྐད་ཆ་ཁ་ཤས་བཤད་ན་མི་ཆོག་པ་མི་འདུག
ངའི་གཏམ་བཤད་འདིའི་ཁ་བྱང་ལ་སྙན་ངག་གི་བླ་སྲོག་ཚ་གླེང་ཞེས་པ་ཞིག་ཡོད། གལ་སྲིད་མེ་ལོང་མ་གཞིར་བཞག་ནས་སྲོལ་རྒྱུན་སྙན་ངག་སྦྱོང་མཁན་ཞིག་ཡིན་ན། སྙན་ངག་ལ་ལུས་རྒྱན་སྲོག་གསུམ་ཞེས་པ་ཞིག་ཡོད་པ་དེའི་ཁྲོད་ཀྱི་སྲོག་ཅེས་པ་དེ་ཧ་གོ་གི་ཡོད་པ་རེད། སོ་སོས་སྙན་ངག་གི་སྲོག་ངོ་མ་དེ་གང་ཡིན་ངོས་ཟིན་ཡོད་ཀྱང་མེད་ཀྱང་རུང་། སྙན་ངག་ལ་སྲོག་ཅེས་པ་ཞིག་དགོས་ཀྱི་ཡོད་པ་དང་དེའི་ཐ་སྙད་དེ་རྣ་ལམ་དུ་འཇགས་བསྡད་ཡོད་པ་རེད། དེར་བརྟེན། སྙན་ངག་གི་སྲོག་ཟེར་བའི་ཐ་སྙད་འདི་གསར་བ་གསར་རྐྱང་ཞིག་མ་རེད། དེའི་རྐྱེན་གྱིས་འདིའི་སྐོར་ལ་སྐད་ཆ་ཞིག་བཤད་ན་བཤད་བདེ་བོ་ཞིག་རེད་བསམ་གི་ཡོད།
ཐོག་དང་པོར་སྙན་ངག་ཟེར་བ་འདི་ག་འདྲ་ཞིག་ལ་ངོས་འཛིན་དགོས་ཀྱི་ཡོད་པ་དང་། དེ་ནས་སྙན་ངག་གི་སྲོག་ཟེར་བ་དེ་ག་འདྲ་ཞིག་ལ་ངོས་འཛིན་དགོས་ཀྱི་ཡོད་པ། དེ་ནས་དེ་གཉིས་བར་གྱི་རྟེན་འབྱུང་གི་འབྲེལ་བ་ལ་སོགས་པའི་སྐོར་ལ་སྐད་ཆ་གོ་རིམ་དེ་ཙམ་མེད་པ་ཞིག་བཤད་པ་ཡིན་ན་འགྲིག་གི་ཡོད་ཀྱི་རེད་བསམས། ཁ་སང་སྔོན་མར་ཞུས་པ་ནང་བཞིན། ང་རང་ལ་མཚོན་ན་སྙན་ངག་ཟེར་བ་དེ་ལ་ཕྱི་ཡི་སྙན་ངག་དང་ནང་གི་སྙན་ངག་ཅེས་པ་ཞིག་ལ་བསམ་བློ་གཏོང་གི་ཡོད། ངག་ཏུ་གྱེར་བའི་སྙན་ངག ཡིད་ལ་སྒོམ་པའི་སྙན་ངག ཚིག་ཏུ་བྲིས་པའི་སྙན་ངག་ཅེས་པ་ལྟ་བུ་རིམ་པ་མི་འདྲ་བར་ཕྱེས་པ་ཡིན་ན་ཐལ་དྲགས་ཀྱི་ཡོད་ཀྱི་མ་རེད་བསམ་གི་ཡོད།
མི་ཁ་ཤས་ཤིག་གིས་ཁྱོད་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་དེ་ཚོ་སྙན་ངག་རེད་ཅེས་བརྗོད་ན་བདེ་བོ་མི་འདུག་བརྗོད་མཁན་ཡང་རེ་ཟུང་བྱུང་སོང་། ཡིན་ན་ཡང་། དེ་ནི་སྙན་ངག་ཅེས་པའི་ཐ་སྙད་འདི་ལ་སྒྲ་དོག་འཇུག་གི་གོ་བ་ཙམ་མ་གཏོགས་སྒྲ་ཡངས་འཇུག་གི་གོ་བ་ལེན་མ་ཐུབ་པ་དེ་འདྲ་རེད། ཐ་སྙད་འདི་ལ་སྒྲ་ཡངས་འཇུག་གི་གོ་བ་བླངས་པ་ཡིན་ན། སྙན་ངག་ཅེས་པའི་སྐབས་ཀྱི་ངག་ཅེས་པ་འདི་ལ་མཐའ་གཅིག་ཏུ་ཡིག་ཐོག་དང་ངག་ཐོག་གི་སྙན་ངག་ལ་གོ་མི་དགོས་པར། ཚད་མ་རྣམ་འགྲེལ་ལས། སྒྲ་ནི་བརྗོད་འདོད་རྗེས་འབྲངས་ཕྱིར། །ཞེས་གསུངས་པ་བཞིན་དུ། དཔེ་ཞིག་བཞག་པ་ཡིན་ན། མར་དེ་གང་ནས་བྱུང་བ་རེད་ཅེ་ན་འོ་མ་ལས་བྱུང་བ་དང་། འོ་མ་གང་ནས་བྱུང་བ་རེད་ཅེ་ན་བ་མོ་དང་འབྲི་མོའི་ལུས་ཀྱི་འཚོ་བཅུད་ལས་བྱུང་བ་རེད། དེའི་གོ་རིམ་དེ་ལ་བསམ་བློ་ཞིག་བཏང་བ་ཡིན་ན། ཡིག་ཐོག་གི་སྙན་ངག་དེ་ངག་ཐོག་གི་སྙན་ངག་ལས་བྱུང་བ་དང་། ངག་ཐོག་གི་སྙན་ངག་དེ་སེམས་ཐོག་གི་སྙན་ངག་ལས་བྱུང་བ་ཞིག་ཡིན་པ་ཤེས་ཡོང་བས། གོ་རིམ་འདི་ལ་བསམ་བློ་ནན་ཏན་ཞིག་གཏོང་དགོས་ཀྱི་ཡོད་པ་རེད།
གལ་སྲིད་རྒྱུ་འབྲས་རྟེན་འབྱུང་གི་གོ་རིམ་དེར་བསམ་བློ་ཞིག་བཏང་བ་ཡིན་ན། སྙན་ངག་གི་རྩོམ་གཞིའི་ང་ཚོའི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་དེ་དང་འདུ་ཤེས་དེ་སྙན་ངག་མ་རེད་མི་སུས་ཀྱང་བརྗོད་ཐུབ་ཀྱི་མ་རེད། དེ་སྙན་ངག་རེད་ཅེས་བརྗོད་པ་ཡིན་ན་སྐྱོན་ཆ་མེད་པ་ཞིག་ཆགས་བསྡད་ཡོད་པ་རེད། ང་ཚོ་བོད་བརྒྱུད་ནང་བསྟན་གསང་སྔགས་ཉམས་ལེན་བྱེད་མཁན་དེ་ཚོར། རྒྱུ་མིང་འབྲས་བུ་ལ་བཏགས་པ་ཞེས་པ་དང་། འབྲས་མིང་རྒྱུ་ལ་བཏགས་པ་ཞེས་པ་ཞིག་ཡོད་པ་རེད། དེ་ལྟར་བསམ་བློ་བཏང་བ་ཡིན་ན་སྙན་ངག་གི་རིག་པ་འདིའི་གཏིང་ཇེ་ཟབ་ཏུ་འགྲོ་བ་ལ་ཕན་གྱི་འདུག་ལ། སྙན་ངག་གི་རིག་གཞུང་འདིའི་ཁོར་ཡུག་དེ་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེ་དང་། གཟི་བརྗིད་ཇེ་ཆེར་འགྲོ་བ་ལ་ཕན་གྱི་འདུག དེ་ལྟར་ཡིག་ཐོག་ངག་ཐོག་སེམས་སྟེང་གི་སྙན་ངག་ཅེས་པ་ཞིག་ཆེས་ཐོག་མར་བརྗོད་འདོད་བྱུང་སོང་། གལ་སྲིད་དེ་ལྟར་བཏགས་ན་ཕན་ཐོགས་ག་རེ་འདུག་ཅེ་ན། ང་ཚོས་ནམ་རྒྱུན་སྙན་ངག་ཅེས་བརྗོད་པའི་སྐབས་སུ་ངེས་པར་དུ་སྙན་ངག་པ་ཞེས་པ་སྤྱི་ཚོགས་ཁྲོད་ཀྱི་མི་སྐོར་ཞིག་དང་། དེའི་ནང་ནས་ཀྱང་ཡོངས་གྲགས་སུ་རྩོམ་ཡིག་འབྲི་བའི་ཤེས་ཡོན་པའི་སྡེ་ཞེས་པ་ཞིག་ཟུར་དུ་ཕྱེ་དགོས་པ་ཞིག་ཡོད་པ་དེའི་བསམ་བློ་གུ་དོག་གི་རྒྱ་ལས་གྲོལ་ཏེ། སྙན་ངག་ཅེས་པའི་སྐབས་སུ་ངེས་པར་དུ་སྨྱུག་ཐོགས་ཤེས་ཡོན་པའི་སྡེ་ཞིག་ཟུར་དུ་ཡོད་མི་དགོས་པར། ངག་ཐོག་ནས་སྙན་ངག་རྩོམ་མཁན་ཡོད་པ་དཔེར་ན་གླུ་གཞས་དང་སྒྲུང་ལ་སོགས་པའི་ངག་ཐོག་སྙན་ངག་རྩོམ་མཁན་གྲངས་ལས་འདས་པའི་དཔུང་སྡེ་ཞིག་ཡོད་པ་དང་། དེ་ཙམ་ལས་ཀྱང་ཕར་བརྒལ་ནས་གལ་སྲིད་མི་དེས་སྙན་ངག་ངག་ཐོག་ནས་རྩོམ་མི་ཐུབ་ན་ཡང་། སེམས་ཁོང་དུ་སྙན་ངག་དེ་རྒྱ་མཚོ་ལྟ་བུར་འཕྱུར་བཞིན་པ་དང་། སེམས་ཁོང་དུ་སྙན་ངག་གི་ཚོར་བ་དེ་སྐར་ཚོགས་ཇི་བཞིན་བཀྲ་བའི་དཔུང་ཚོགས་ཆེན་པོ་ཞིག་ཡོད་པ་རེད།
ང་ཚོའི་སོ་སོ་སྐྱེ་བོའི་ས་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་སའི་བར་དུ་གལ་སྲིད་གང་ཟག་ཅིག་ལ་རྣམ་ཤེས་དེ་ཡོད་ཕྱིན་ཆད། གལ་སྲིད་གང་ཟག་དེ་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་དེ་ཡོད་ཕྱིན་ཆད། གལ་སྲིད་གང་ཟག་དེ་ལ་བྱམས་པ་དང་སྙིང་རྗེ་ཡོད་ཕྱིན་ཆད། ཆོས་ཕྱོགས་ནས་ལམ་གྱི་གཙོ་བོ་རྣམ་གསུམ་ཞེས་པ། ངེས་འབྱུང་དང་བྱང་སེམས་ཡང་དག་པའི་ལྟ་བ་ཞེས་པ་གང་ཟག་རང་ཉིད་དང་ཕྱི་རོལ་ཡུལ་གྱི་འཁོར་བ་འདིའི་འབྲེལ་ཐག་ལྟ་བུ་ཞིག་ཡོད་ཕྱིན་ཆད། གང་ཟག་དེའམ་སེམས་ཅན་དེའི་སེམས་ནང་དུ་སྙན་ངག་ཅིག་ཡོད་པ་དང་། དེ་ཡི་རྐྱེན་གྱིས་གང་ཟག་དེ་སྙན་ངག་གི་བྱེད་པ་པོའམ་སྙན་ངག་པ་ཡིན་པ་དང་། ང་རང་ཡིན་ན་ནམ་རྒྱུན་དེ་ལྟ་བའི་ངོས་འཛིན་ཞིག་བྱེད་ཀི་ཡོད།
སྙན་ངག་ཅེས་པ་ཞིག་སེམས་སུ་ཤར་བའི་སྐབས་སུ་དེ་རུ་སྙན་ངག་ཅིག་གྲུབ་བསྡད་ཡོད་པ་དང་། དེ་ཙམ་ལས་ཀྱང་ཕར་བརྒལ་ནས། སྙན་ངག་ཅེས་པའི་ཐ་སྙད་ཅིག་ངེས་པར་དུ་སེམས་སུ་འཆར་མི་དགོས་པར། རང་ཉིད་ཀྱི་རྨི་ལམ་ཚུན་ཆད་དུའམ། ང་ཚོའི་རྨི་ལམ་ནང་དུ་ས་གནས་ཤིག་ཏུ་བསླེབས་ནས་མི་འདྲ་མིན་ལ་ཐུག་འཕྲད་བྱེད་པ་དང་། དེ་ལ་བརྟེན་ནས་དགའ་སྐྱོ་ཆགས་སྡང་གི་ཚོར་བ་སྐྱེ་བ་སོགས་ཡོང་གི་ཡོད་པ་རེད། ཐ་ན་རྨི་ལམ་མ་རྨིས་པའི་སྐབས་སུ་ང་ཚོ་གཉིད་སྐྱིད་པོ་ཞིག་ཁུག་པ་འམ་བརྒྱལ་བ་ལྟ་བུའི་གནས་སྐབས་དེ་ཡང་སྙན་ངག་ཅིག་རེད། དེ་ལ་ཧ་ཅང་གཏིང་ཟབ་པའི་སྙན་ངག་གི་ཚོར་བ་ཟེར་རྒྱུ་རེད། སྙན་ངག་གི་ཚོར་བ་མཆོག་ཏུ་གྱུར་པ་ཞིག་གི་ཀློང་དུ་བྱིངས་བསྡད་ཡོད་པ་རེད།
དེ་འདྲ་བྱས་ནས་སྙན་ངག་ཟེར་བ་འདི་ལ་སྐད་གདངས་མི་འདྲ་བ་མང་པོ་ཞིག་ཡོད་པ་རེད། གལ་སྲིད་སྙན་ངག་འདི་ལམ་ཞིག་ཡིན་ན་ས་ཚིགས་མི་འདྲ་བ་ཡོད་པ་རེད། ཁ་སང་དེ་རིང་ས་ཆ་གང་ཞིག་ཏུ་རླངས་འཁོར་བསྐོར་ནས་སོང་བ་ཡིན་ན་ཡང་སྣུམ་སྣོན་ས་ཚིགས་ཡོད་པ་རེད། སྙན་ངག་གི་སྣུམ་སྣོན་ས་ཚིགས་དེ་འདྲ་གྲངས་ཀ་མང་པོ་ཞིག་ཡོད་པ་རེད། གལ་སྲིད་སྙན་ངག་ཅེས་པ་དེ་ལ་སྣུམ་སྣོན་ས་ཚིགས་གཅིག་མ་གཏོགས་མེད་པ་ཡིན་ན། ཁྱོད་ཀྱིས་རང་གི་སྒྱུ་རྩལ་གྱི་རླངས་འཁོར་དེ་ཐག་རིང་དུ་གཏོང་ཐུབ་ཀྱི་མ་རེད། ངས་དེ་འདྲ་ཞིག་ལ་ངོས་འཛིན་གྱི་མེད། ཁྱོད་ཀྱིས་སྒྱུ་རྩལ་གྱི་རླངས་འཁོར་དེ་འཚོ་སའི་ཁྲོད་ཀྱི་ས་ཆ་གང་ཞིག་ཏུ་བསྐོར་ནས་སོང་བ་ཡིན་ན་ཡང་། སྙན་ངག་གི་སྣུམ་སྣོན་ས་ཚིགས་དེ་ཚོ་མཐའ་གཅིག་ཏུ་རྒྱ་ལམ་གྱི་འཁྲིས་སུ་ཡོད་པ་ཞིག་ཀྱང་མ་ཡིན་པར། རི་ཀླུང་ཆུ་འགྲམ་ཁུག་ཀྱོག་གང་སར་ཡོད་པ་ཞིག་རེད།
དེ་ལྟར་བསམ་བློ་བཏང་བ་ཡིན་ན། ངག་ཐོག་གི་སྙན་ངག་རྩོམ་ན་རེད། ཡིག་ཐོག་གི་སྙན་ངག་རྩོམ་ན་ཡང་སེམས་ཁྲལ་ཞིག་དགོས་པ་མ་རེད། ཡིན་ན་ཡང་ཕངས་པ་ཞིག་ལ་མི་མང་པོ་ཞིག་གུ་དོག་གི་སེམས་ཁྲལ་དེས་བཅིངས་ཏེ། ཨ། ད་ནི་ངས་སྙན་ངག་ཅིག་སྦྱོང་ཐུབ་མ་སོང་། ངས་སྙན་དེབ་ཅིག་ཀློག་ཐུབ་མ་སོང་། ངས་སྙན་ངག་གི་དགེ་རྒན་ཞིག་བསྟེན་ཐུབ་མ་སོང་། ང་ལ་སྙན་ངག་པའི་བག་ཆགས་ཤིག་ཡོད་ཀྱི་མ་རེད་ཅེས་པའི་སེམས་ཁྲལ་ཞིག་ཡོད་པ་རེད། ཡིན་ན་ཡང་སེམས་ཁྲལ་དེ་རིགས་རྩ་བ་ཉིད་ནས་དགོས་ཀྱི་ཡོད་པ་མ་རེད། ཁྱད་པར་དུ་ང་ཚོ་ནང་པ་སངས་རྒྱས་པ་ཞིག་ཡིན་ན་སེམས་ཅན་ཐམས་ཅད་ལ་བདེ་གཤེགས་སྙིང་པོ་ཡོད་ཟེར་གྱི་ཡོད་པ་རེད། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ཅན་འདི་དག་ཐམས་ཅད་སངས་རྒྱས་རྒྱུ། །ཞེས་པའི་ཚིག་རྐང་འདི་གཉིས་ནི་སྙན་ངག་མཁན་ལ་སྦྱར་ན་ཧ་ལས་པའི་གོ་རྒྱུ་ཆེན་པོ་ཡོད་པ་ཞིག་རེད། ང་ཚོས་ཚིག་རྐང་འདི་གཉིས་ལས་དྲངས་ཏེ། སྙན་ངག་ས་བོན་འགྲོ་བ་ཀུན་ལ་ཡོད། །འགྲོ་བ་འདི་དག་ཐམས་ཅད་སྙན་ངག་པ། །ཞེས་བརྗོད་ན་འགྲིག་གི་རེད། ཚིག་འདི་འདྲ་ཞིག་ལ་བསམ་བློ་བཏང་བ་ཡིན་ན། ཁྱོད་ཀྱིས་ངག་ནས་གྱེར་ཐུབ་ན་རེད། ལག་ནས་འབྲི་ཐུབ་ན་རེད། དེ་མ་ཐུབ་ན་ཡང་ཁྱོད་རང་སྙན་ངག་གི་སེམས་ཁམས་དེའི་ནང་ནས་ཉལ་བསྡད་ན་འགྲིག་གི་ཡོད་པ་རེད། ང་ཚོས་ནམ་རྒྱུན་ཐེག་པ་ཆེན་པོའི་ལྟ་གྲུབ་ཀྱི་ནང་དུ། བྱང་ཆུབ་སེམས་དཔའི་སྡོམ་པ་ཞུས་ནས་བཟུང་སྟེ། གལ་སྲིད་སྡོམ་པ་མ་ཉམས་པ་ཡིན་ན་གང་ཟག་དེ་ཉལ་ཡང་རུང་ལངས་ཀྱང་རུང་། བཟའ་ཡང་རུང་འཐུང་ཡང་རུང་། འགྲོ་ཡང་རུང་འདུག་ཀྱང་རུང་། གཉིད་ཁུག་ཀྱང་རུང་གང་ཟག་དེའི་རྒྱུད་ཀྱི་དགེ་རྩ་དེ་མུ་མཐུད་དུ་འཕེལ་བཞིན་ཡོད་པ་རེད་ཅེས་གསུང་གི་ཡོད་པ་དེ་དང་མཚུངས་པ་རེད།
ཁྱེད་རྣམ་པ་འབྲོག་པ་ཞིག་ཡིན་ཡང་རུང་། རོང་བ་ཞིག་ཡིན་ཡང་རུང་། གྲྭ་པ་དང་ཚོང་པ། ཉེན་རྟོག་པ་དང་རྐུན་མ། ཇག་པ་དང་སྨད་འཚོང་མ། གང་ཞིག་ཡིན་ཡང་སོ་སོའི་སེམས་ཁམས་སུ་སྙན་ངག་གི་འཇིག་རྟེན་ཞིག་ཡོད་པ་རེད། སྙན་ངག་གི་བླ་དེ་ཡོད་པ་རེད། སྙན་ངག་གི་སྲོག་དེ་ཡོད་པ་རེད། རྒྱུ་མཚན་ནི་ཁྱོད་ལ་ཚོར་བ་དེ་ཡོད་པ་རེད། ཁྱོད་ཀྱི་ཚོར་བ་དེ་སྙན་ངག་གི་འཇིག་རྟེན་རེད། སྙན་ངག་གི་འཇིག་རྟེན་ལ་བཞད་པའི་ཚོར་བའི་མེ་ཏོག་མཛེས་སྡུག་རྣམ་པར་བཀྲ་བ་ཞིག་རེད། དཔེར་ན་སེམས་དང་སེམས་བྱུང་ཞེས་བརྗོད་དུས། དེའི་ནང་གི་གཙོ་སེམས་དེ་ཁྱོད་ཀྱི་སེམས་གཏིང་གི་སྙན་ངག་པ་དེ་རེད། གཙོ་སེམས་དེ་ལས་འཕྲོས་པའི་སེམས་བྱུང་ལྔ་བཅུ་ང་གཅིག་ལ་སོགས་པའི་སེམས་བྱུང་དེ་ཚོ་སྙན་ངག་རེད་ཡ།
ཡང་ཁྱོད་རང་གི་ཀུན་གཞིའི་ཡིད་ཀྱི་རྣམ་ཤེས་ཞེས་པ་དེ་ནི་སེམས་ཁོང་གི་སྙན་ངག་པ་དེའི་ཡི་གེ་འབྲི་སའི་ཤོག་བུ་འདྲ་བོ་དང་སྨྱུ་གུ་དང་སྣག་ཚ་ལྟ་བུ་རེད། ཀུན་གཞིའི་ཡིད་ཀྱི་རྣམ་ཤེས་ཀྱི་སྟེང་དེ་རུ་རྣམ་རྒྱུན་རྙིང་མའི་རྫོགས་ཆེན་སོགས་ཀྱི་ནང་དུ་ཀུན་བྱེད་རྒྱལ་པོ་ཞེས་པ། མངོན་བརྗོད་ཀྱི་ནང་དུ་ཡང་སེམས་ལ་ཀུན་བྱེད་རྒྱལ་པོ་ཟེར་བ་རེད། དེ་ལྟ་བུའི་སེམས་རགས་པ་དེ་ནི་སེམས་ནང་གི་སྙན་ངག་པ་དེ་རེད། སེམས་རགས་པ་དེས་དབང་པོ་སྒོ་ལྔ་ལ་བརྟེན་ནས་མིག་གིས་གཟུགས་མཐོང་བ་དང་རྣ་བས་སྒྲ་ཐོས་པ། སྣས་དྲི་སྣོམ་པ་དང་ལྕེས་རོ་མྱོང་བ། ལུས་ཀྱིས་རེག་བྱ་ལ་ལོངས་སྤྱོད་པ་ལྟ་བུ། ཐ་ན་རྨི་ལམ་དུ་ཡང་གཟུགས་སྒྲ་དྲི་རོ་རེག་བྱ་ལོངས་སྤྱོད་ལ་བརྟེན་ནས་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་དང་། གོང་དུ་བཤད་པའི་སེམས་བྱུང་ལྔ་བཅུ་ང་གཅིག་ལ་སོགས་པའི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཕྲ་རགས་མང་པོ་ཞིག་་སྐྱེས་ཀི་ཡོད་པ་རེད། དེ་ཚོ་ཚང་མ་ང་ཚོའི་སེམས་ནང་གི་སྙན་ངག་རེད་ཡ།
ང་ཚོས་ག་རེ་བྱས་ནས་མི་མང་པོ་ཞིག་གིས་སྙན་ངག་ཡག་པོ་འབྲི་ཐུབ་ཀི་ཡོད་པ་དང་། མི་མང་པོ་ཞིག་གིས་ག་རེ་བྱས་ནས་སྙན་ངག་ཡག་པོ་ཞིག་འབྲི་ཐུབ་ཀི་མེད་པ་རེད་ཅེ་ན། དེ་ནི་སེམས་ནང་གི་གཙོ་སེམས་ཀྱི་སྙན་ངག་པ་ཞིག་ཡོད་པ་དེ་དང་སེམས་བྱུང་གི་སྙན་ངག་གི་ཐོན་རྫས་མང་པོ་ཞིག་ཡོད་པ་དེ་ཚོའི་མང་ཉུང་ལས་འབྱུང་གི་ཡོད་པ་རེད། ང་ཚོའི་སེམས་ཀྱི་གཙོ་སེམས་དེས་ཅི་ཙམ་ཞིག་སེམས་བྱུང་ལྔ་བཅུ་ང་གཅིག་སྟེ་དགེ་བ་ཡིན་པ་དང་སྡིག་པ་ཡིན་པ། དགེ་སྡིག་བར་མ་སོགས་མང་པོ་ཞིག་ཡོད་པ་དེ་ཚོ་འཕྲོ་འགྱེད་བྱེད་ཐུབ་མིན་ལ་རག་ལས་པ་རེད།
ཁ་སང་དེ་རིང་ང་ཚོའི་ཁ་པར་གྱི་བརྡ་རྟགས་ཡོང་བའི་ཆེད་དང་། རླུང་བརྙན་འཕྲིན་གྱི་གློག་གི་རྦ་རླབས་ཡོང་བའི་ཆེད་དུ་ཁང་བརྩེགས་དང་རི་མཐོན་པོ་དེ་ཚོའི་རྩེ་རུ་ལྕགས་ཀྱི་རྒྱུགས་པ་ཞིག་སློང་གི་ཡོད་པ་དེ་དང་གཅིག་མཚུངས་རེད། སེམས་ཀྱི་གཙོ་སེམས་དེས་ཚོར་བའི་སྙན་ངག་ཅི་ཙམ་ཞིག་བཀྱེས་མ་བཀྱེས་ལ་བརྟེན་ནས་ངག་ཐོག་ནས་སྙན་ངག་ཅི་ཙམ་ཞིག་ཡོང་མིན་དང་། ཡིག་ཐོག་ནས་སྙན་ངག་ཅི་ཙམ་ཞིག་ཡོང་ཐུབ་མིན་དེ་ཐག་གཅོད་བྱེད་ཀྱི་ཡོད་པ་རེད། དེར་ངེས་པར་དུ་བསམ་བློ་གཏོང་དགོས་ཀྱི་ཡོད་པ་རེད།
གཞི་རྩའི་ཆ་ནས་འགྲོ་བ་སེམས་ཅན་ཐམས་ཅད་ལ་སྙན་ངག་པའི་ས་བོན་ཡོད་པ་དང་། འགྲོ་བ་སེམས་ཅན་ཐམས་ཅད་སྙན་ངག་པ་རེད། དེའི་སྙན་ངག་པ་ཞེས་པ་དེ་གཏིང་ཟབ་ས་ན་ཡོད་པའི་སྙན་ངག་པ་དེ་རེད། ཚོར་བའི་གཏིང་ཟབ་ས་ན་ཡོད་པའི་སྙན་ངག་པ་དེས་ཚོར་བའི་སྙན་ངག་ཅི་ཙམ་ཞིག་འབྲི་ཐུབ་མིན་གྱི་སྟེང་ནས་ངག་ཐོག་དང་ཡིག་ཐོག་གི་སྙན་ངག་ཅི་ཙམ་ཞིག་འབྱུང་མིན་དེ་ཐག་གཅོད་ཀྱི་ཡོད་པས། དེ་ལྟར་སྙན་ངག་གི་ཕྱི་ནང་གསང་གསུམ་མམ་རགས་པ་དང་ཕྲ་བ་ཤིན་ཏུ་ཕྲ་བའི་རྟེན་འབྱུང་གི་འབྲེལ་བ་གསུམ་ཡོད་པ་རེད།
དེའི་རྐྱེན་གྱིས་སྙན་ངག་མཁན་ཞིག་ཡིན་ན་ངེས་པར་དུ་སེམས་ཁམས་དེ་གུ་ཡངས་བྱེད་དགོས་པ་དང་། སེམས་ཁམས་དེའི་སྒོ་ཕྱེས་ནས་ནམ་མཁའ་ལྟ་བུར་རྒྱ་བསྐྱེད་དགོས་པ་དང་། སྐར་ཚོགས་ལྟ་བུར་གྲངས་མང་གི་འཇུག་དགོས། ཉི་མ་ལྟ་བུར་འོད་གསལ་དུ་ཆུགས། རྒྱ་མཚོ་ཅི་བཞིན་གཏིང་ཟབ་ཏུ་ཆུགས། མེ་ལྕེ་ནང་བཞིན་ཚ་དྲོད་དེ་འབར་གི་ཆུགས། རྒྱ་མཚོ་ལྟ་བུར་རྦ་རླབས་དེ་འཕྱུར་གི་ཆུགས། འོ་མ་ཅི་བཞིན་བྲོ་བ་དེ་མངར་གི་ཆུགས། ཙནྡན་ལྟ་བུར་དྲི་མ་དེ་ཞིམ་གི་ཆུགས། ལུམ་འབྲས་ཅི་བཞིན་བྲོ་བ་དེ་སྐྱུར་གི་ཆུགས། སི་པན་ཅི་བཞིན་བྲོ་བ་དེ་ཚ་གི་ཆུགས། ཏིག་ཏ་ནང་བཞིན་བྲོ་བ་དེ་ཁ་གི་ཆུགས།
དེ་ལྟར་བྱས་པ་ཡིན་ན་སྙན་ངག་མི་ཡོང་བའི་སེམས་ཁྲལ་དེ་དགོས་ཀྱི་མ་རེད། དཔེར་ན་ཚད་མ་རྣམ་འགྲེལ་ནང་དུ། མི་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ལྡོག་པར་བྱེད། །ཅེས་གསུངས་པ་བཞིན་དུ། རྒྱུ་ཕུན་སུམ་ཚོགས་པ་དེ་ཡོད་སོང་བ་རེད། སེམས་བྱུང་དེ་ཚོ་མེ་ལྟ་བུར་འབར་གི་བཅུག་པ་རེད། དེའི་འབྲས་བུ་དེ་ནི་ངག་ཐོག་སྙན་ངག་དེ་ཚོ་རེད། སེམས་ཀྱིས་ཐ་སྙད་མང་པོ་ཞིག་བཙོ་སྦྱངས་བྱས་ཡོད་པ་རེད། ངག་ཐོག་གི་སྙན་ངག་ཟེར་བ་དེ་ཡང་མཐའ་གཅིག་ཏུ་ངག་ནས་གྱེར་དགོས་པའི་ངེས་པ་ཡོད་པ་མ་རེད།
དེའི་ཕྱིར། ཞོགས་པར་གཉིད་ལས་སད་ནས་བཟུང་སྟེ་དགུང་མོར་མ་ཉལ་བར་དུ། རང་གིས་ཅི་ཞིག་མཐོང་གི་འདུག རང་གིས་ཅི་ཞིག་གོ་གི་འདུག རང་ཉིད་ལ་ཚོར་བ་ཅི་ཞིག་སྐྱེས་སོང་། དེ་ཡོངས་སུ་རྫོགས་པ་ལ་སྙན་ངག་གི་ཐམ་ཀ་འདྲ་བོ་ཞིག་རྒྱག་དགོས་ཀྱི་ཡོད་པ་དེ་གནད་འགག་ཅིག་རེད། གལ་སྲིད་ཁྱོད་ཀྱིས་རི་མཐོན་པོ་ཞིག་མཐོང་བ་ཡིན་ན་འདྲ། རི་དམའ་བོ་ཞིག་མཐོང་བ་ཡིན་ན་འདྲ། མི་མཛེས་པོ་ཞིག་མཐོང་ན་འདྲ། མི་མདོག་ངན་ཞིག་མཐོང་ན་འདྲ། ཁྱོད་ཀྱིས་ཅ་ལག་གོང་ཆེན་ཞིག་མཐོང་ན་འདྲ། ཁྱོད་ཀྱིས་ཅ་ལག་གོང་ཆུང་ཞིག་མཐོང་ན་འདྲ། ཁྱོད་ཀྱིས་དེ་རིང་ཚོར་བ་བདེ་བ་ཞིག་མྱངས་ན་རེད། ཁྱོད་ཀྱིས་དེ་རིང་ཚོར་བ་མི་སྡུག་པ་ཞིག་མྱངས་ན་རེད། ཁྱོད་དེ་རིང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་བསྐྱོད་ཡོད་ན་འདྲ། ཁྱོད་དེ་རིང་ས་ཆ་ཀྱག་ཀྱོག་དང་མྱ་ངམ་ཐང་། འབར་འབུར་དང་གནམ་གཤིས་རྩུབ་པོ། མཁའ་དབུགས་མི་གཙང་ས་ཉམ་ང་ལ་ཡི་མུག་ས་ཞིག་ཏུ་བསྐྱོད་པ་ཡིན་ན་རེད། སྙན་ངག་མཁན་ལ་མཚོན་ན་ཁྱད་པར་ཡོད་པ་མ་རེད། དེའི་རྐྱེན་གྱིས་ང་ཚོས་མེས་པོ་གོང་མ་རྣམས་ཀྱིས། སྙན་ངག་མཁན་ལ་ཅི་ཡང་རྒྱན། །ཞེས་གསུངས་པ་རེད།
ང་ཚོའི་ཆོས་པ་དེ་ཚོས་སྐྱིད་སྡུག་ལམ་འཁྱེར་ཞེས་པ་དེ་ཚོ་དྲན་པར་གྱིས། སྙན་ངག་མཁན་ཞིག་ཡིན་ཚེ་རང་གི་མཐོང་ཐོས་མྱོང་གསུམ་ཡོངས་སུ་རྫོགས་པ་དེ་ཚོ་སྙན་ངག་གི་ལམ་དུ་འཁྱེར་ཤེས་དགོས་པ་རེད། དེ་འཁྱེར་ཤེས་པ་ཡིན་ན་ང་ཚོའི་སྙན་ངག་མཁན་འདས་པོ་ཡི་དམ་ཚེ་རིང་གིས། སྙན་ངག་གི་བླ་སྲོག་བཤད་པ་ཞེས་པ་ཞིག་བརྩམས་ཡོད་པ་དེ་ལྟ་བུ་ཞིག་འབྱུང་གི་ཡོད་པ་རེད། གང་སྣང་ཐམས་ཅད་སྙན་ངག་ཏུ་ཤར་གི་ཡོད་པ་རེད། གུང་ཐང་བསྟན་པའི་སྒྲོན་མེའི་ཆུ་དང་ཤིང་གི་བསྟན་བཅོས་ཀྱི་ནང་དུ། སྣང་བ་དཔེ་རུ་ཤར་བ་ཡི།། རྣལ་འབྱོར་དེ་ལ་གདམས་ངག་མང་།། ནགས་ཀླུང་སྟུག་པོའི་དོ་ར་རུ།། ཤིང་ལོའི་ཕུང་པོ་འཛད་མཐའ་མེད།། ཞེས་པ་ཞིག་ཡོད་པ་དེ་ལྟ་བུ་ཞིག་རེད། རྗེ་མི་ལ་རས་པ་ཁོང་ཚོས། སྣང་སྲིད་གླུ་རུ་ཤར་བ་ཞེས་པ་དེ་དང་། རྙིང་མ་ཡིན་ན་བླ་མ་དེ་ཚོའི་རྫོགས་ཆེན་གྱི་མགུར་དང་རྣམ་ཐར་དེ་ཚོའི་ཁྲོད་དུ། སྣང་སྲིད་བརྡ་དང་དཔེ་ཆར་ཤར་བ། སྣང་སྲིད་དཔེ་རུ་ཤར་བ། སྣང་སྲིད་ཉམས་ལེན་དུ་ཤར་བ་ཞེས་པ་ཞིག་ཡོད་པ་རེད། དེ་ཚོ་མ་ཡིན་པའི་ང་ཚོའི་མ་ཅིག་ལབ་སྒྲོན་སོགས་ལས་བརྒྱུད་པའི་གཅོད་ཀྱི་ཕྱག་དཔེ་དེ་ཚོའི་ནང་དུ། མགོན་མེད་མགོན་དང་ལམ་ཞུགས་དེད་དཔོན་དང་། །ནད་པའི་སྨན་དང་ཕོངས་པའི་ནོར་ལ་སོགས། །གང་དང་གང་གིས་འགྲོ་ལ་ཕན་བཞེད་པ།། དེ་དང་དེ་ཡི་དངོས་པོར་བདག་གྱུར་ཅིག །ཅེས་པ་ཞིག་ཡོད་པ་རེད།
དཔེ་དེ་ཚོ་ང་ཚོའི་སེམས་སྟེང་དུ་ཚུར་བླངས་ནས་རང་ཉིད་ལ་ག་རེ་སྣང་བ་དེ་སྙན་ངག་ཡིན་པའི་བསམ་བློ་ཞིག་གཏོང་ཐུབ་པ་ཡིན་ན། སྙན་ངག་ཅེས་པ་དེ་འབེལ་འབེལ་ལྷུག་ལྷུག་ཏུ་ཐོན་ཡོང་གི་ཡོད་པ་རེད། སྔོན་མའི་རྒྱ་གར་གྱི་མཁས་པ་པཎ་ཆེན་ནྰ་རོ་པ་དེ་ཚོས་གླིང་ཕྲན་གསེར་དུ་བསྒྱུར་ཞེས་པའི་གཏམ་རྒྱུད་ཅིག་ཡོད་པ་རེད། དཔེར་ན་མར་པས་དཀའ་སྤྱད་ཀྱིས་བསྒྲུབས་པའི་གསེར་གྱི་མཆོད་པ་ཕུལ་དུས། བླ་མས་གསེར་དེ་ཚོ་ནགས་གསེབ་བམ་བྱེ་མའི་གསེང་དུ་གཏོར་བ་དང་། མར་པ་དེ་ལ་ཕངས་སེམས་སྐྱེས་དུས། གལ་སྲིད་ང་ལ་གསེར་དགོས་ན་སྣང་སྲིད་ཐམས་ཅད་གསེར་ཡིན་གསུངས་ནས་ཞབས་ས་ལ་བརྡབས་པ་ཙམ་གྱིས་ཁོར་ཡུག་ཐམས་ཅད་གསེར་དུ་གྱུར་སོང་ལུགས་ཁོང་ཚོའི་རྣམ་ཐར་ནང་ཡོད་པ་རེད།
ང་ཚོས་ཨུ་ཚུགས་བྱས་ནས་འདི་ནས་འདི་ཙམ་སྙན་ངག་གི་བརྗོད་བྱ་རེད། དེ་ཕན་ཆད་སྙན་ངག་གི་རྗོད་བྱེད་ཅེས་སྙན་ངག་གི་བརྗོད་བྱ་རྗོད་བྱེད་གཉིས་ལ་ཚད་བཀག་བཟོ་གི་ཡོད་པ་དེ་ཚོ་ནི་ང་ཚོའི་མ་རྟོགས་ལོག་རྟོག་རེད། དེ་འདྲ་རྩ་བ་ནས་བྱེད་རྒྱུ་ཡོད་པ་མ་རེད། བོད་ཡིག་ལ་མཚོན་ན་ཀ་ཁ་སུམ་ཅུ་ཐམ་པས་བྲིས་ཡོད་པ་ཞིག་ཡིན་ཕྱིན་ཆད་དེ་ནི་སྙན་ངག་གི་རྗོད་བྱེད་ལ་ངེས་པར་དུ་འགྲོ་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་རེད། དཔེ་བཞག་ན་ཆུ་ངོགས་གཏམ་རྒྱུད་དང་གླིང་གེ་སར་གྱི་སྒྲུང་ལྟ་བུ་ཞིག་རེད། དཔེ་ཆ་དེ་ཚོའི་ནང་དུ་ཐ་སྙད་འབུམ་ཕྲག་དང་ཡང་ན་ས་ཡ་དུ་མ་ཞིག་ཡོད་པ་རེད། ཐ་སྙད་དེ་ཚོ་ཚང་མ་སྙན་ངག་པས་སྙན་ངག་འབྲི་བྱེད་ཀྱི་རྗོད་བྱེད་རེད། བསམ་བློ་དེ་འདྲ་ཞིག་ངེས་པར་དུ་གཏོང་དགོས་ཀྱི་ཡོད་པ་རེད། དེ་མ་གཏོགས་ང་ཚོས་སྙན་ངག་ཅིག་འབྲི་བ་ལ་ཚིག་སྙན་མོ་ཞིག་དགོས་ཀྱི་འདུག མངོན་བརྗོད་ཅིག་དགོས་ཀྱི་འདུག ཡང་ན་ཟླ་བ་ཞེས་པའམ་མེ་ཏོག་ཅེས་པ་འམ། འཇའ་ཚོན་ཞེས་པའམ་མཛེས་སྡུག་ཅེས་པའམ། ཚིག་དེ་འདྲ་ཞིག་ལ་བསམ་བློ་བཏང་ནས། རྣ་བར་སྙན་ཞིང་འཇེབས་པ་ཞེས་པ་དེ་འདྲ་ཞིག་ལ་བསམ་བློ་བཏང་ནས་བསྡད་པ་ཡིན་ན་ཁྱེད་རང་ནམ་ཡང་སྙན་ངག་པ་ཚད་ལྡན་ཞིག་ཆགས་ཀྱི་མ་རེད། དེ་བཞིན་དུ་ཁྱེད་རང་གིས་མིག་གིས་མཐོང་བའི་ཕྱི་རོལ་གྱི་ཡུལ་ལྗོངས་དང་། འགྲོ་བ་མི་ལ་སོགས་པའི་སྲོག་ལྡན་གྱི་འཇིག་རྟེན་ནས་གང་ཞིག་སྙན་ངག་གི་བརྗོད་བྱ་རེད། གང་ཞིག་སྙན་ངག་གི་བརྗོད་བྱ་མ་རེད་ཅེས་གདམས་གསེས་བྱས་ནས་བསྡད་པ་ཡིན་ན། སྙན་ངག་ཡག་པོ་ཞེས་པ་དེ་རྩ་བ་ཉིད་ནས་འབྲི་སྟངས་ཤིག་ཡོད་པ་མ་རེད། དེའི་རྐྱེན་གྱིས་བསམ་བློ་དེ་འདྲ་ཞིག་རྩ་བ་ཉིད་ནས་མ་གཏོང་རོགས་ཞུ་གི་ཡོད། ཐ་སྙད་ཡོངས་རྫོགས་སྙན་ངག་གི་ཐ་སྙད་ཡིན་པ་དང་། ཐ་སྙད་དེ་ཚོའི་འཇུག་ཡུལ་བརྗོད་བྱ་ཡོངས་རྫོགས་སྙན་ངག་ཡིན་པའི་བསམ་བློ་ཞིག་གཏོང་དགོས་ཀྱི་ཡོད་པ་རེད།
དཔེ་བཞག་ན་དགེ་འདུན་ཆོས་འཕེལ་གྱིས་བྲིས་པའི་བརྩམས་ཆོས་དེ་ཚོར་ལྟོས་དང་། འབོལ་རྩོམ་དང་ཚིག་བཅད་དེ་ཚོར་བལྟས་ན་ཤེས་ཡོང་གི་རེད། ང་ཚོ་ཁེགས་ས་དེ་གང་ནས་ཁེགས་བསྡད་ཡོད་པ་རེད་ཅེ་ན། ང་ཚོས་ཐ་སྙད་དེ་ཚོ་སྒྲིག་སྟངས་མ་ཤེས་པར་ཁེགས་བསྡད་ཡོད་པ་དེ་ཚོ་གནད་འགག་ཅིག་རེད། དཔེ་བཞག་ན་ང་ཚོ་ནགས་ཚལ་ཞིག་གི་ནང་དུ་སོང་ནས་ཅོག་ཙེ་ཞིག་བཟོ་འདོད་ཡོད་དུས། ང་ཚོར་སོག་ལེ་དང་སྟ་རེ། ཤིང་གཤོག་དང་འཛེར་མ་དང་སྤྱིན་ཆུ་སོགས་ཤིང་བཟོ་བ་ཞིག་ལ་ཚང་དགོས་པའི་ཅ་ལག་ཡོངས་རྫོགས་ཚང་བསྡད་ཡོད་པ་རེད། ཡིན་ན་ཡང་རང་ཉིད་ཀྱི་ལག་པ་དེས་ཅོག་ཙེ་བཟོ་ཤེས་ཀྱི་ཡོད་པ་མ་རེད། ང་ཚོས་ཤིང་སྒམ་བཟོ་ཤེས་ཀྱི་ཡོད་མ་རེད། ང་ཚོས་ཤིང་གི་སྐུ་འདྲ་བཟོ་ཤེས་ཀྱི་ཡོད་པ་མ་རེད། དེ་དང་མཚུངས་པ་རེད། ང་ཚོ་གང་ཞིག་རྡུགས་སོང་བ་རེད་ཅེ་ན། ཚུལ་ཇི་ལྟར་ཅོག་ཙེ་བཟོ་དགོས་པ་དེ་མ་ཤེས་པར་ལུས་བསྡད་ཡོད་པ་རེད། དེ་ལ་བརྒྱ་ཤེས་ཀྱང་གཅིག་གིས་རྡུགས་ཟེར་ནི་རེད། ང་ཚོའི་དཀའ་ངལ་དེ་རེད། ང་ཚོས་སྙན་ངག་འབྲི་མི་ཤེས་པ་རེད། ང་ཚོས་སྙན་ངག་གི་ཚོར་བ་ཡོང་མ་ཡོང་ཟེར་བ་དེ་ནི་ང་ཚོས་སྙན་ངག་གི་ཚོར་བ་ངོ་མ་དེ་ཅི་ཞིག་ཡིན་མིན་མ་ཤེས་པ་རེད། སྙན་ངག་གི་ཚོར་བ་ཞེས་པ་ཞིག་ལོགས་སུ་ཡོད་སྣང་ཤར་བས་ནོར་འཁྲུལ་དེ་བྱུང་བ་རེད། ང་ཚོས་དེ་ལ་ཡོད་སར་བཞག་ནས་མེད་སར་བཙལ་ཞེས་ཀྱང་ཟེར་གི་ཡོད་པ་རེད།
གཙོ་སེམས་དེ་སྙན་ངག་མཁན་པོ་ཡིན་པ་དང་དེས་སེམས་བྱུང་ལྔ་བཅུ་ང་གཅིག་དང་བྱང་ཕྱོགས་སོ་བདུན་ལ་སོགས་པ། ཀུན་ཉོན་དང་རྣམ་བྱང་གི་ཡོན་ཏན་གང་ཞིག་གི་ཚོར་བ་ཞིག་བསྐྱེད་པ་ཡིན་ན་དེ་སྙན་ངག་ཅིག་ཡིན་པ་མ་ཤེས་པར། དེ་ཚོའི་ཁྲོད་ནས་གདམས་གསེས་བྱེད་བཞིན་བསྡད་པ་ཡིན་ན་འགྲིག་གི་ཡོད་པ་མ་རེད། དེའི་རྐྱེན་གྱིས་སྙན་ངག་ཡག་པོ་དེ་ཚོ་འབྲི་ཐུབ་ཀྱི་ཡོད་པ་མ་རེད། ཡིན་པ་དེ་ནི་ང་ཚོ་སྔོན་མའི་རྒྱ་གར་གྱི་ལྷ་སྒྲུང་དེ་ཚོའི་ཁྲོད་དུ་ཡོད་པའི་རྒྱ་གར་ལྷོ་ཕྱོགས་ཀྱི་རིན་པོ་ཆེའི་གླིང་ཕྲན་དུ་ནོར་བུ་ལེན་དུ་སོང་བ་ཞེས་པ་དེ་ཅི་བཞིན། ཡིད་བཞིན་གྱི་ནོར་བུ་ཏག་ཏག་གིས་ཁེངས་བསྡད་ཡོད་པའི་གླིང་ཕྲན་ཞིག་ཏུ་བསླེབས་ཡོད་ན་ཡང་། ང་ཚོས་རིན་པོ་ཆེའི་གླིང་ཕྲན་ནས་གདམས་གསེས་བྱས་ཏེ་གང་ཞིག་རིན་པོ་ཆེ་ཡིན་པ་དང་གང་ཞིག་རིན་པོ་ཆེ་མ་རེད་ཅེས་ལབ་བརྡོལ་འབྱིན་བཞིན་ལུས་བསྡད་ཡོད་པ་རེད།
དེ་ལ་དམིགས་ནས་ངས་གོང་དུ་བཤད་པ་སྟེ། ནང་ཆོས་ཀྱི་ཁྲོད་དུ། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ཅན་འདི་དག་ཐམས་ཅད་སངས་རྒྱས་རྒྱུ། །ཞེས་པ་དེ་དང་། ངས། ཚོར་བ་འདི་དག་ཐམས་ཅད་སྙན་ངག་རྒྱུ། །འགྲོ་བ་འདི་དག་ཐམས་ཅད་སྙན་ངག་པ། །ཞེས་པ་དེ་འདྲའི་བསམ་བློ་ཞིག་བཏང་བ་ཡིན་ན། སྙན་ངག་ཡག་པོ་ཞིག་མ་ཡོང་རང་ཡོང་རེད། དེ་ལྟར་སྙན་ངག་ཅེས་པ་འདི་ལ་གཞི་རྒྱ་ཆེ་ས་ཞིག་ནས་བསམ་བློ་བཏང་བ་ཡིན་ན། ཁྱོད་རང་གིས་མིག་གིས་གང་ཞིག་རིག་པ་ཐམས་ཅད་དང་རྣ་བས་ཅི་ཞིག་ཐོས་པ་ཐམས་ཅད། སེམས་སུ་གང་ཞིག་ཤར་བ་ཡོངས་རྫོགས་ཏེ། དབང་པོ་སྒོ་ལྔ་འདིས་ཉམས་སུ་མྱོང་བྱ་ཐམས་ཅད་སྙན་ངག་ཏུ་འཕོས་ཡོང་གི་རེད།
སྙན་ངག་ཅེས་པ་དེ་ལྟར་གཞི་རྒྱ་ཆེན་པོ་ཞིག་དང་སྟབས་བདེ་བོ་ཞིག་རེད། ང་ཚོས་ང་རང་ཚོ་སྙན་ངག་པ་ཟེར་བ་དང་སྙན་ངག་གི་ཚིག་ཅེས་པ་དེ་ཚོ། སྙན་ངག་གི་བརྗོད་བྱ་རྗོད་བྱེད་ཅེས་པའི་གུ་དོག་གི་བསམ་བློ་ཞིག་གི་ནང་དུ་བཅུག་བཞག་པ་ཡིན་ན། ང་ཚོས་ནམ་ཡང་སྙན་ངག་ཡག་པོ་ཞིག་འབྲི་ཐུབ་ཀྱི་མ་རེད། གལ་སྲིད་ཅིག་འབྲི་ཐུབ་པ་ཡིན་ཡང་ཟླ་བ་རེ་འགའི་ནང་ཉུང་ཉུང་རེ་མ་གཏོགས་འབྲི་ཐུབ་ཀྱི་མ་རེད། རྒྱུ་མཚན་ནི་ང་ཚོས་རིན་པོ་ཆེའི་གླིང་དུ་མ་རྟོགས་ལོག་རྟོག་གི་མིག་ཤེལ་གྱོན་ནས་ད་དུང་གདམས་གསེས་བྱེད་ཀྱི་ཡོད་པས་རེད།
ང་ཚོ་སྔོན་མར་སློབ་ཆུང་དུ་འགྲོ་སྐབས་ཀྱི་སློབ་དེབ་ཀྱི་ནང་དུ་སྤྲེའུས་ཁ་ཟས་བཙལ་བའི་གཏམ་རྒྱུད་ཅིག་ཡོད་པ་དེ་དྲན་གྱི་འདུག་གམ། སྤྲེའུ་དེ་ནགས་ཚལ་གྱི་ནང་དུ་སོང་ནས་ཤིང་ཏོག་འདྲ་མིན་རྙེད་ན་ཡང་། དང་པོ་རྙེད་དུས་གཞན་ཞིག་བཙལ། གཉིས་པ་རྙེད་དུས་གསུམ་པ་ཞིག་བཙལ། རང་ཉིད་ལ་དགོས་པ་ངོ་མ་དེ་གང་ཡིན་མ་ཤེས་པས། མཐའ་མཇུག་ཏོག་ཙམ་མ་གཏོགས་ལག་པ་སྟོང་པར་ལོག་དགོས་བྱུང་བ་ལྟ་བུ་རེད། ང་ཚོས་ཀྱང་སྙན་ངག་གི་བརྗོད་བྱ་རྗོད་བྱེད་དང་ཚོར་བ་ཞིག་བཙལ་ཅིང་བསྒུགས་བསྡད་པ་ཡིན་ན། མཐའ་མར་སྤྲེའུ་དེ་ལྟ་བུ་ཞིག་མི་ཆགས་པའི་ངེས་པ་ཡོད་པ་མ་རེད། དེས་རྐྱེན་གྱིས་བསླབ་བྱ་དེ་ལས་རྟོག་སད་ཅིག་འབྱུང་ཐུབ་པ་ཡིན་ན། སྣང་སྲིད་ཐམས་ཅད་སྙན་ངག་ཏུ་འཆར་བ་ཞིག་འབྱུང་གི་ཡོད་པ་རེད། རང་ཉིད་ཀྱི་སེམས་སེམས་བྱུང་གི་ཚོར་བ་ཡོད་དོ་ཅོག་སྙན་ངག་མཁན་བྱོས། སྣང་སྲིད་ཀྱི་ཆོས་གཞན་དག་སྙན་ངག་བྱོས་དང་དེས་འགྲིག་བསྡད་ཡོད་པ་རེད། མདོར་ན་ཡུལ་ཅན་ཐམས་ཅད་སྙན་ངག་པ་དང་ཡུལ་ཐམས་ཅད་སྙན་ངག་བྱོས།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་རུ། སེམས་ནི་རི་མོ་མཁན་དང་འདྲ། །འཇིག་རྟེན་འདི་དག་སེམས་ཀྱིས་བྲིས། །ཞེས་གསུངས་པ་འདིས་དོན་དག་ཐམས་ཅད་ཐག་བཅད་བཞག་ཡོད་པ་རེད། གཟིགས་དང་། སེམས་དེ་སྙན་ངག་མཁན་དེ་རེད། ཚོར་བ་ཕྲ་རགས་ཐམས་ཅད་སྙན་ངག་མཁན་དེའི་ཐོན་རྫས་རེད། དཔེ་བཞག་ན་གཙོ་སེམས་དེ་རི་མོ་མཁན་དེ་བྱོས། སེམས་སེམས་བྱུང་གི་ཚོར་བ་དེ་ཚོ་རི་མོ་འབྲི་སྤྱད་ཀྱི་ཚོན་དང་སྨྱུ་གུ་དེ་ཚོ་བྱོས། དེ་ནས་སྣང་སྲིད་ཐམས་ཅད་རི་མོར་འབྲི་རྒྱུ་རེད། ཡང་མིན་ན་ངའི་གཙོ་སེམས་དེ་པར་པ་དེ་རེད། པར་པ་དེའི་པར་ཆས་ལྟ་བུ་ནི་དབང་པོ་སྒོ་ལྔ་དེ་ཚོ་རེད། སེམས་དང་སེམས་བྱུང་གི་ཚོར་བ་དེ་ཚོ་ནི་པར་ཆས་ཀྱི་ལྷུ་ལག་དེ་ཚོ་རེད། ཚོར་བ་བདེ་སྡུག་བཏང་སྙོམས་དགའ་སྐྱོ་ཆགས་སྡང་དེ་ཚོ་ནི་པར་པ་དེས་པར་ཆས་དེ་སྤྱད་ནས་བླངས་པའི་འདྲ་པར་སྣ་ཚོགས་ཤིག་ཡོད་པ་དེ་ཚོ་རེད།
ངས་འདི་ནས་ཅི་ཞིག་བརྗོད་འདོད་ཀྱི་ཡོད་པ་རེད་ཅེ་ན། སྙན་ངག་གི་བླ་དང་སྲོག་ཅེས་པ་དེ་ཕྱི་ལོགས་ཤིག་ན་མེད་པར་རང་ཉིད་ལ་ཡོད་པ་དེ་ཡིན། ང་ཚོས་རང་ཉིད་སྙན་ངག་གི་ལས་དང་པོ་བ་ཞིག་ཡིན་ཞེས་པའི་བསམ་བློ་མ་རུངས་པ་དང་ལྐུགས་པ། གུ་དོག་གི་རང་བཞིན་དང་རང་ཉིད་ལ་གཉའ་གནོན། རང་ཉིད་ལ་བཀག་སྡོམ་གྱི་བསམ་བློ་དེ་འདྲ་རྩ་བ་ཉིད་ནས་མ་གཏོང་རོགས། ཁྱེད་རང་ནམ་ཡང་སྙན་ངག་གི་ལས་དང་པོ་བ་ཞིག་མིན། ང་ལྟ་བུ་ཡིན་ན་ཕལ་ཆེར་སྙན་ངག་གི་ལས་དང་པོ་བ་ཞེས་པ་ཞིག་མེད་ཅེས་ཀྱང་བརྗོད་ནུས་པ་ཡིན།
ང་ཚོ་ཚང་མ་རང་རང་གི་ཨ་མ་ལས་སྐྱེས་པ་ནས་བཟུང་སྟེ་སྙན་ངག་གི་རྩལ་དེ་རྫོགས་ནས། ཁྱུང་སྒོ་ངའི་ནང་ནས་གཤོག་རྩལ་རྒྱས་ཞེས་པ་དེ་འདྲ་ཞིག་ཆགས་བསྡད་ཡོད་པ་རེད། དེའི་རྐྱེན་གྱིས་སྨྱུག་ཐོགས་པ་ཁྱེད་ཅག་དཔའ་མ་ཞུམ། སེམས་མ་སྡུག སྣང་སྲིད་ཐམས་ཅད་སྙན་ངག་ཏུ་འཆར་བ་ཞིག་བྱོས། དེ་ལྟར་བྱས་པ་ཡིན་ན་སྙན་ངག་ཅེས་པ་དེ་རང་ཤུགས་བབ་ཡོང་གི་ཡོད་པ་རེད། དེ་ནི་ཁྱོད་ལ་འོ་མ་ཡོད་ན་ཁྱོད་ལ་མར་ཡོད་ཆོག་པ་ལྟ་བུ་ཞིག་རེད། ཁྱོད་ལ་ཏིལ་ཡོད་ན་ཁྱོད་ལ་སྣུམ་ཡོད་པ་ལྟ་བུ་ཞིག་རེད། ཁྱོད་ལ་ཙན་དན་ཡོད་ན་ཁྱོད་ལ་དྲི་བསུང་ཡོད་པ་ལྟ་བུ་ཞིག་རེད། ཁྱོད་ལ་སྒྲོན་མེ་ཡོད་ན་ཁྱོད་ལ་འོད་སྣང་ཡོད་པ་ལྟ་བུ་ཞིག་རེད། དེ་ཚང་མས་ཐུགས་ལ་བཟུང་ནས་སྙན་ངག་ཐད་ཀར་འབྲི་ཐུབ་ན་འབྲི་རོགས། ཐད་ཀར་འབྲི་ཐུབ་ཀྱི་མི་འདུག་བསམས་ན་ངག་ནས་གྱེར། ངག་ནས་ཀྱང་རེ་ཞིག་མི་ཡོང་ན་སེམས་ནས་བཞེངས། ངས་གོང་དུ་བརྗོད་པ་ལྟར་སེམས་ནས་ཡང་དང་སྐྱར་དུ་ཅི་ཙམ་ཞིག་བཞེངས་ཐུབ་པ་དེ་ལྟར་ངག་ནས་ཐོན་ཐུབ་ཀྱི་ཡོད་པ་རེད། ངག་ནས་སྙན་ངག་ཅི་ཙམ་བཞེངས་པ་དེ་ཙམ་ཞིག་ལག་ནས་འབྲི་ཐུབ་ཀྱི་ཡོད་པ་རེད། དེ་དང་དེ་ལྟ་བུའི་མཛེས་སྡུག་ལྡན་པའི་རྟེན་དང་བརྟེན་པའི་འབྲེལ་བ་ངོ་མཚར་བ་འདི་ལ་བསམ་བློ་ཞིག་བཏང་ནས། དྲ་ཚོམས་འདིའི་ནང་གི་བོད་ཕྱི་ནང་གི་སྙན་ངག་རིག་པའི་གྲོགས་པོ་ཚང་མ་སྙན་ངག་མཁན་གྱི་རྒྱལ་པོ་དང་བཙུན་མོར་འགྱུར་བར་ཤོག །
མཐའ་མཇུག སྐྱེ་བ་ཀུན་ཏུ་སངས་རྒྱས་ཀྱི།། སྙན་ངག་མཁན་དུ་འགྱུར་བར་ཤོག། ཅེས་པའི་ཚིག་རྐང་གཉིས་ཀྱིས་མཇུག་བསྡུ་བར་བྱའོ།།
ཀླུ་སྨྱོན་ཧེ་རུ་ཀས་དཔེ་མཚོན་བཞག་པ་དངོས་གནས་ཧ་ལས་པའི་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ། དེང་སྐབས་ནང་བསྟན་གྱིས་བསམ་བློའི་སྒོ་མང་པོ་ཞིག་བཀག་ཡོད་མདོག་མདོག་བྱེད་མཁན་ཚོར་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུས་འདུག
སྐད་ཆ་བཤད་དུས་གཟབ་གཟབ་གནང་རོགས།
ལོག་བཤད་མང་པོ་འདུག