མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༢༠ལོའི་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས།

བོད་ཀྱི་དུས་བབ།
༢༠༢༠/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp

གངས་རིའི་ཉི་མ།

རྒྱ་གར་ནི་འཛམ་གླིང་གི་གནའ་བོའི་རིག་གནས་འབྱུང་ཁུངས་ཀྱི་ལྟེ་བ་ཞིག་སྟེ། རིག་གཞུང་སྣ་ཚོགས་ཀྱི་ཤེས་རིག་ཕུན་སུམ་ཚོགས་ཞིང་ཤེས་རིག་འཕེལ་རྒྱས་ཀྱི་བྱུང་རབས་ཧ་ཅང་རིང་བའི་རྒྱལ་ཁབ་ཅིག་ཡིན། དུས་དིང་སང་ཡིན་ནའང་རྒྱ་གར་གྱི་ཆོས་རིག། ལོ་རྒྱུས། རིག་གཞུང་། སྒྱུ་རྩལ། མཚན་ཉིད་རིག་པ་དང་ལྟ་གྲུབ་སོགས་ཀྱི་ཤུགས་རྐྱེན་དང་བག་ཆགས་དབང་གིས། ཤར་ཨེ་ཤ་ཡའི་གླིང་ཆེན་གཙོ་བྱས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཆེ་ཆུང་མང་པོ་ཞིག་གི་རིག་གནས་ཀྱི་མགོ་ཁུངས་ཆགས་ཡོད་པར་བརྗོད་མ་དགོས་མོད།  ཡིན་ནའང་། རྒྱ་གར་གྱི་བྱུང་རབས་ལོ་རྒྱུས་ཁྲོད་དར་རྒུད་ཀྱི་དཀྱོག་མཚམས་མང་པོ་མང་པོ་བརྒྱུད་ནས་དུས་དེ་རིང་མཚམས་སུ་སླེབས་པ་རེད། དཔེར་ན། ཁ་ཆེའི་དམག་ཤུགས་རྒྱ་གར་ལ་སླེབས་མགོ་བཙུགས་ནས་བཟུང་། དུས་རབས་དྲུག་བདུན་ཙམ་གྱི་རིང་ཁོང་ཚོས་ཆོས་ལུགས་ལྟ་བར་སྒོམ་ཞིང་ཆབ་སྲིད་ལག་ཆར་བཀོལ་ཏེ། རྒྱ་གར་མི་མང་གི་ཤ་དང་རུས་ལ་འཐིམ་པའི་མེས་དབོན་ཚོའི་ཤུལ་བཞག་རིག་གནས་ལ་རྩ་བ་ནས་གཏོར་བཅོམ་ཚད་མེད་བཏང་བས། དུས་དེ་ནས་བཟུང་། གནའ་བོའི་འཛམ་གླིང་རིག་གནས་ཀྱི་ཕ་ས་ཞེས་ཡོངས་སུ་གྲགས་པའི་རྒྱལ་ཁབ་ཆེན་པོ་ཞིག་ཉམས་པའི་འགོ་བཙུགས་པ་མ་ཡིན་ནམ།

དེ་རིང་གི་རྒྱ་གར་ནི་སྐད་དང་ཡི་གེ། ཆོས་དང་རིག་གཞུང་། མི་དང་ས་ཁྱོན་གྱི་དབང་ཐང་ཧ་ཅང་རྒུད་དེ། སྔོན་བྱོན་མཁས་དབང་སྟོང་ཕྲག་དང་གཞུང་ལུགས་སྣ་མིན་གྱི་གདན་ས་ཆེན་པོ་འདི། གྱོན་ཆས་ཀྱི་ཁ་དོག་དང་ལྷ་ཁང་གི་འདྲ་སྐུ་ཙམ་ལས་ཕལ་ཆེར་ཡལ་སོང་བའི་གནས་སྟངས་ཤིག་ཏུ་གྱུར། ད་ལྟའི་ཁོང་ཚོས་ཕ་མེས་ཡང་མེས་ཚོའི་རིག་པའི་རྩལ་དང་བསམ་པའི་རྣམ་དཔྱོད་ལས་མཆེད་པའི་རིག་པའི་གཞུང་ལུགས་དང་། སྐྱེས་ཆེན་དམ་པ་དུ་མས་ལེགས་སྐྱེས་སུ་ཕུལ་བའི་རིག་པའི་རྣམ་གཞག་དེ་དག་དང་ལེན་གནང་ཐུབ་ཀྱི་མེད་པ་མ་ཟད། སོ་སོའི་ཤ་ཁྲག་དང་འབྲེལ་ཞིང་ཕ་ས་འདིའི་ཁྱད་ནོར་ཞིག་ཡིན་པ་མཐའ་ན་ངོས་འཛིན་ཙམ་ཡང་ཐོབ་མཁན་ཧ་ཅང་ཉུང་ཉུང་ཡིན། འདང་རེ་བརྒྱབ་ན། ད་ལྟའི་ཁོང་ཚོར་ཁག་ཇི་ཡོད་སྙམ། དུས་རབས་མང་པོ་ཞིག་ལ་ཁ་ཆེ་བའི་མངའ་ཐང་འོག་མནར་གཅོད་དང་དཀའ་ཚེགས་གཟེད་དགོས་ཁར། བར་སྐབས་ཤིག་ནས་རྒྱལ་ཕྲན་བར་གྱི་ནང་འཁྲུག་འགོ་བརྩམས་ཏེ་ཚང་མ་གཡུལ་སར་ལངས། མཐར་ཨིན་ཇི་བཙན་རྒྱལ་རིང་ལུགས་ཀྱི་མི་སེར་སྤེལ་ཡུལ་དུ་གྱུར་ཏེ། མི་མང་གཙོ་བྱས་རྒྱལ་ཁབ་ཀྱི་ཆབ་དཔལ་རིག་གསུམ་ལ་གྱོང་གུན་སྔོན་ནས་ཚབས་ཆེ་རུ་ཕོག། ད་ལྟ་ང་ཚོ་ཚང་མས་མངོན་གསལ་དོད་པོས་མཐོང་གསལ་ལྟར་རེད། འཛམ་གླིང་རིག་གནས་ཀྱི་ཏོག་ཅེས་མིང་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག། ལོ་རྒྱུས་འཕོ་འགྱུར་ཁྲོད་གློ་བུར་དུ་ཕ་མེས་ཡང་མེས་ཚོའི་རིག་གནས་ཀྱི་དྲི་ཙམ་ཡང་སྟོན་ཐུབ་ཀྱི་མེད་པ། དེ་རིང་དང་ཁ་སང་གི་མི་རབས་གསར་བའི་བསམ་བློའི་ཁ་ཕྱོགས་ལས་རྟོགས་ཐུབ་ཀྱི་མི་འདུག་གམ།

གང་ལྟར་ཀྱང་། དེ་དག་ཚང་མ་དངོས་སུ་བྱུང་བའི་ལོ་རྒྱུས་ཀྱི་ཕམ་ཁ་ཞིག་ཏུ་གྱུར། སྤྱི་ལོ་ ༡༩༤༧ ལོར་རྒྱ་གར་གཞུང་མང་གིས་རང་བཙན་ཐོབ་པའི་དུས་སྐབས་ཏེ་ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན་སོགས་ཀྱི་གནས་སྟངས་གང་ནས་བལྟས་རུང་རྒྱལ་ཡོངས་ལ་ཟིང་འཁྲུག་ཆེན་པོ་ལངས་བསྡད་ཡོད་པས། རྒྱ་གར་རྒྱལ་ཡོངས་ལ་ཁྲིམས་དང་སྒྲིག་འཛུགས་སྲ་བརྟན་ཞིག་བཟོ་ཐུབ་མེད་པའི་སྐབས་ཐོག་དེར། མགོ་ཁྲིད་ཚོས་རྒྱལ་ཁབ་དང་མི་མང་གཉིས་ལམ་ལ་འཇོག་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད་ནའང་། སྤྱི་ལོ་ ༡༩༤༨ ལོ་ནས་མཐོ་སློབ་ཤེས་ཡོན་ལྷན་ཚོགས་ (University Education Commission 1948-49) བཙུགས་གནང་སྟེ། དེ་ནས་བཟུང་སྔ་རྗེས་སུ་ཤེས་ཡོན་དང་འབྲེལ་བའི་ཁྲིམས་དང་སྒྲིག་འཛུགས་རིམ་པ་མང་པོ་བསྐྱར་བཅོས་དང་ཁ་སྣོན་གནང་འགོ་བཙུགས། དམིགས་བསལ་སྤྱི་ལོ་ ༡༩༦༨ ལོར་ཀོང་རི་སི་ (Congress) གཞུང་འཛིན་ཚོགས་པའི་སྣེ་ཁྲིད་འོག། ལམ་སྟོན་གནང་བའི་རྒྱལ་ཡོངས་ཀྱི་ཤེས་ཡོན་སྲིད་བྱུས་ (National Policy on Education) ནི་ཤེས་ཡོན་འཕེལ་རིམ་གྱི་ལོ་རྒྱུས་ཁྲོད་ཆེས་ཐོག་མའི་སྲིད་བྱུས་ཤིག་ཆགས་ཤིང་། རྒྱལ་ཡོངས་ཀྱི་ཤེས་ཡོན་སྲིད་བྱུས་གཉིས་པ་ནི་སྤྱི་ལོ་ ༡༩༨༦ ལོར་སྤེལ་གནང་སྟེ་ད་བར་དུ་རྒྱུན་འཁྱོངས་གནང་བཞིན་པ་འདི་ཡིན། སྲིད་བྱུས་འདིར་སྤྱི་ལོ་ ༡༩༩༢ ལོར་མགོ་ནས་བསྐྱར་ཞིབ་དང་བསྐྱར་བཅོས་ཤིག་བྱེད་དགོས་ཀྱང་ཁེལ་ཡོད། བགྲང་བྱ་མང་པོ་མང་པོ་ཞིག་གི་རིང་དུ། གཞུང་འཛིན་ཚོགས་པ་གཅིག་གི་ལངས་ཕྱོགས་འོག་གི་ཤེས་ཡོན་སྲིད་བྱུས་ལ། འོག་སློབ་གྲྭའི་སློབ་མ་དང་བར་སློབ་གྲྭའི་དགེ་རྒན། སྒང་ཤེས་ཡོན་པའི་སྡེ། གཞན་ཡང་གཞུང་འཛིན་མི་སྣ་སོགས་ཀྱིས་ངོ་རྒོལ་རབ་དང་རིམ་པ་གནང་ཡོད། དེའི་རྒྱུ་མཚན་ཡང་ད་ལྟའི་སློབ་གྲྭ་ཁག་གི་སློབ་དེབ་དང་སློབ་ཁྲིད་ནང་གྲངས་ཉུང་མི་རིགས་དང་། གཞན་ཡང་ཡུལ་ལུང་སོ་སོར་སྐད་དང་ཡི་གེ། རིག་གཞུང་། ལོ་རྒྱུས་སོགས་མི་འདྲ་ཡོད་པས། དེ་དག་མང་པོ་ཞིག་ཡོངས་སྒྲིལ་གྱི་ཤེས་ཡོན་སྲིད་བྱུས་ཤིག་ཏུ་འགྱུར་མེད་པ་མངོན་གསལ་ཡིན་པ། དེ་ནི་ད་ལྟ་དང་འདས་ཟིན་པའི་སློབ་གྲྭ་དང་ཤེས་ཡོན་ལམ་ལུགས་ལས་ཀྱང་གསལ་བོར་རྟོགས་ནུས།

ཉེ་སྔོན་ཟླ་བ་བདུན་པའི་ཚེས་ ༢༩ ཉིན། ད་ལྟའི་རྒྱ་གར་གཞུང་འཛིན་ཚོགས་པའི་སྣེ་ཁྲིད་འོག། རྒྱ་གར་གྱི་ ༢༠༢༠ ལོའི་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་ (National Education Policy 2020) ཞེས་པ་དངོས་སུ་ངོས་ལེན་ཐོབ་པའི་གསར་འགོད་གསལ་བསྒྲགས་བསྐྱངས། ཡིག་ཆའི་ནང་གསེས་དང་ལྷག་པར་དུ་སྤྱི་ཚོགས་སྟེང་གི་ཤེས་ཡོན་དང་སློབ་གསོའི་ཐད། ཉམས་ཞིབ་དང་དཔྱད་བརྗོད་སྤེལ་མཁན་ཚོའི་བསམ་ཚུལ་ལ་གཞིག་ན། ད་ལྟའི་ཤེས་ཡོན་སྲིད་བྱུས་འདིའི་འོག་སྔར་གྱི་ལམ་སྲོལ་མང་པོ་ཞིག་ལ་བསྒྱུར་བཅོས་དང་གསར་སྣོན་གནང་ཡོད་པ་མ་ཟད། ཤེས་ཡོན་སྲིད་བྱུས་འདི་དིང་གི་འཛམ་གླིང་མི་མང་གི་མིག་དཔེ་རུ་འཛིན་སའི་ཨ་རི་དང་དབྱིན་ཇི། འཇར་མིན། སུད་སི། ཕིན་ལན་ཌི་སོགས་ཀྱི་སློབ་གསོའི་སྒྲོམ་གཞི་དང་ཐབས་ལམ་སོགས་ལས་དཔེ་བླངས་ཡོད་པར་ཚོད་དཔག་བྱེད་མཁན་མང་།

གང་ལྟར། སྲིད་བྱུས་གསར་པ་འདིས་འབྱུང་འགྱུར་རྒྱ་གར་མི་མང་གི་ཁ་ཕྱོགས་ཏེ། འཛམ་གླིང་གསར་བའི་གོམ་འགྲོས་དང་མཐུན་ཞིང་འཛམ་གླིང་མི་མང་གི་དབུ་ཁྱུད་ཅིག་ཏུ་འགྱུར་བའི་རེ་བ་དང་སྨོན་འདུན་བཅོལ་གྱིན་ཡོད་པ་རེད། སྔར་ཤེས་ཡོན་དང་འབྲེལ་བའི་བྱེད་སྒོ་ཁག་མི་ཤུགས་གོང་འཕེལ་ལྷན་ཁང་ (Ministry of Human Resource Development) གི་ཁྱབ་ཁོངས་འོག་བསྡུས་ཡོད་ནའང་། དེའི་ཚབ་ཏུ་ཤེས་ཡོན་གསར་བའི་དགོངས་དོན་དང་ཤེས་ཡོན་པའི་སྡེ་ཁག་གི་དགོངས་ཚུལ་ལྟར། ད་ནས་བཟུང་ཤེས་ཡོན་ལྷན་ཁང་ (Ministry of Education) ཞེས་པའི་མིང་ལ་ཕྱིར་བཅོས་བྱས་ཡོད། དེའི་རྒྱུ་མཚན་ཡང་ཤེས་ཡོན་གྱི་རིན་ཐང་ལ་ངོས་འཛིན་དང་མཐོང་ཆེན་སྔར་ལས་བྱེད་ཀྱིན་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད། མཚམས་འདི་ནས་ད་ལོའི་ཤེས་ཡོན་སྲིད་བྱུས་གསར་བའི་ཁྱད་ཆོས་ཁ་ཤས་གཙོ་སྟོན་བྱས་ན། སྲིད་བྱུས་འདིས་སློབ་གྲྭའི་ཤེས་ཡོན་དང་མཐོ་སློབ་ཀྱི་ཤེས་ཡོན། ཡང་སྤྱིར་བཏང་ཤེས་ཡོན་དང་འབྲེལ་བའི་རིགས་བཅས་སྡེ་ཚན་གསུམ་གྱི་ཤེས་ཡོན་སྒྲོམ་གཞི་ལ་བསྒྱུར་བཅོས་བཏང་ཡོད་པར་དོ་སྣང་བྱུང་།

དང་པོ་སྟེ་སློབ་གྲྭའི་ཤེས་ཡོན་སྒྲོམ་གཞི་ལ་རྩ་བ་ནས་བསྒྱུར་བཅོས་དང་གསར་སྣོན་ཆེན་པོ་གནང་བ་ནི། ཤེས་ཡོན་གསར་བའི་དགོངས་དོན་ནང་བྱིས་པ་ལོ་གསུམ་ནས་ལོ་བཅོ་བརྒྱད་བར་སྡེ་ཚན་བཞི་ལ་དབྱེ་སྟེ། སློབ་ཁྲིད་དང་བསླབ་གཞི་གཉིས་ཀྱི་སྒྲོམ་གཞི་སྔར་ལྟར་ཡིག་རྒྱུགས་ཀྱི་སྐར་གྲངས་གཙོ་འཛིན་མ་ཡིན་པར། སློབ་མའི་ཁམས་དང་ནུས་པ་གསོ་སྐྱོང་སླད་མ་སྐད་གཙོ་འཛིན་ (འཛིན་རིམ་ལྔ་པ་བར་) ཐོག་རྩེད་རིགས་དང་རིག་རྩལ། སྒྱུ་རྩལ་རིག་པ་སོགས་ཀྱི་ངོ་བོ་བརྒྱུད་ལམ་བཞག་སྟེ། མཐར་རིམ་པ་གསུམ་པ་དང་བཞི་པའི་ནང་སླེབས་སྐབས། སློབ་ཕྲུག་རང་ངོས་ནས་སོ་སོའི་ནུས་པ་དང་ཁམས་ལ་འཚམ་པའི་སློབ་ཚན་སོགས་ལ་གདམ་གསེས་བྱེད་ཐུབ་པའི་འཇོན་ཐང་བསྐྲུན་གནང་རྒྱུ། ཡང་ད་ལྟ་ནང་བཞིན་འབྱུང་རིག་དང་ཚོང་རིག། ཚན་རིག་སོགས་སྡེ་ཚན་གཅིག་གི་ངོ་བོ་ལས་ལོགས་སུ་བཀར་མི་རུང་བ། དམིགས་བསལ་ལག་ཤེས་དང་རྩེད་མོའི་རིགས་ཀྱི་ཤེས་བྱ་མང་པོ་ཞིག་སློབ་གྲྭའི་ཉིན་རེའི་བྱེད་སྒོ་ཁག་ནང་། སློབ་སྦྱོང་གཞན་ལྟར་གཅིག་མཚུངས་བརྕི་མཐོང་དང་གལ་ཆེན་གནང་དགོས་ཡོད་པས། ལམ་སྟོན་རྩ་འཛིན་འདིའི་འོག་ནས་སློབ་ཕྲུག་དུང་ཕྱུར་མང་པོར་སློབ་སྦྱོང་གི་གོ་སྐབས་སྔར་ལས་ཇེ་བཟང་དང་ཇེ་ཡངས་གཏོང་གི་ཡིན་པ་མ་ཟད། སྔར་སློབ་གྲྭ་ཁག་ནས་ཕྱིར་འབུད་བཏང་བའི་སློབ་མ་ས་ཡ་ཉི་ཤུ་ཙམ་ལ་སླར་ཡང་སློབ་སྦྱོང་གི་གོ་སྐབས་གནང་རྒྱུའི་ལམ་སྟོན་མཛད་ཅིང་། ན་ཆུང་བྱིས་པ་རང་ལོ་ ༣ ནས་ ༦ བར་གྱི་ལྟ་སྐྱོང་དང་སློབ་གསོའི་ཐད་སྔར་མ་བྱུང་བའི་གལ་ཆེན་དོན་ཆེན་དུ་བཟུང་ཡོད།

གཉིས་པ་སྟེ་མཐོ་སློབ་ཀྱི་ཤེས་ཡོན་སྡེ་ཚན་ནང་གླེང་གཞི་ཆེན་པོ་གནང་ས་ཞིག་ནི། ཉེ་བའི་འབུམ་རམས་པ་མེད་པར་བཟོས་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་དུས་ལོ་བཞིར་བཟོས་གནང་སྟེ། ལོ་བཞིའི་ནང་རང་གི་འདོད་མོས་ལྟར་སློབ་སྦྱོང་གི་སྡེ་ཚན་ཁག་ལ་ཡར་འཛུལ་མར་ཐོན་གྱི་རང་དབང་སྔར་ལས་ཇེ་ཡངས་དང་ཇེ་བདེ་བསྐྲུན་ཡོད་པ་མ་ཚད། ལོ་བཞིའི་སློབ་ཡུན་རིང་སློབ་གཉེར་བར་ལོ་རེའི་ནང་ངོས་འཛིན་ལག་འཁྱེར་རེ་ཡོད་པའི་ལམ་ལུགས་དང་། གལ་སྲིད་ལོ་བཞིའི་སློབ་སྦྱོང་བརྒྱུད་རིམ་ཁྲོད་སྟོང་པ་འདུག་དགོས་ཁས་ན་རྗེས་ཕྱོགས་ནམ་ཡོད་ལ་སླར་ཡང་མུ་མཐུད་གནང་ཆོག་པ་བཟོས་ཡོད། དེ་དག་ནི་ད་ཡོད་ཀྱི་ཤེས་ཡོན་སྲིད་བྱུས་ཀྱི་ཞན་ཆ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་དགོས་པ་རེད་སྙམ། ད་དུང་རྒྱ་གར་གྱི་མཐོ་སློབ་ཤེས་ཡོན་ལྷན་ཚོགས་ (Higher Education Commission of India) ཞེས་པ་གསར་འཛུགས་གནང་ནས། དེའི་འོག་གི་ཤེས་ཡོན་སྡེ་ཚན་ཆེན་པོ་བཞིའི་འཛིན་སྐྱོང་ལ་ལྟ་རྟོག་གནང་རྒྱུ་ཡིན་པ་རེད། གཞན་ཡང་སློབ་ཆེན་ཁག་གི་སློབ་གཉེར་བ་དང་ཁྱད་ལས་མི་སྣ་སོགས་གསོ་སྐྱོང་ཐད། འཛམ་གླིང་ཡར་ཐོན་ཅན་གྱི་འགྲོས་ལྟར་གཙུག་ལག་སློབ་ཆེན་ཚད་ལྡན་ཁག་ཏུ་ཤེས་རིག་འདྲ་མིན་སྐོར་གྱི་ཞིབ་འཇུག་སྡེ་ཚན། གཞན་ཡང་རྒྱལ་ཡོངས་ཀྱི་ཞིབ་འཇུག་ལྟེ་གནས་སོགས་གསར་འཛུགས་དང་རྒྱ་བསྐྱེད་གནང་རྒྱུའི་ཐད་མདུན་བསྐྱོད་ཀྱི་ལམ་ཡངས་པོ་ཕྱེ་གནང་གི་ཡོད་པ་རེད།

གསུམ་པ་སྟེ་སྤྱིར་བཏང་ཤེས་ཡོན་དང་འབྲེལ་བའིི་བསྒྱུར་བཅོས་དང་གསར་སྣོན་གཞན་རིགས་ནི། རྒྱ་གར་ནི་དབུལ་ཕྱུག་གཉིས་བར་ཧེ་བག་ཧ་ཅང་ཆེན་པོ་ཤོར་བའི་རྒྱལ་ཁབ་ཅིག་ཡིན་སྟབས། ཤེས་ཡོན་གསར་བའི་དགོངས་དོན་ནང་ས་ཆ་ཁུག་ཀྱོག་དང་སྤྱི་ཚོགས་རྗེས་ལུས་ཀྱི་ས་གནས་ཁག་གི་བྱིས་པ་ཚོའི་ཆེད། དཔལ་འབྱོར་གྱི་རོགས་སྐྱོར་དང་སློབ་ཡོན་སྔར་ལས་ཇེ་མང་དང་ཇེ་རྒྱས་སུ་བཏང་སྟེ། སྤྱི་ལོ་ ༢༠༣༥ བར་སྤྱི་ཡོངས་ཀྱི་སློབ་ཞུགས་གནང་བའི་གྲངས་འབོར་སྔར་ལས་ལྡབ་ལོག་ཏུ་གཏང་བའི་རྩིས་ཡོད་པ་མ་ཟད། སློབ་སྦྱོང་གི་ཡོ་ཆས་དང་འཛིན་སྐྱོང་གི་ལས་རིགས། འཛུགས་སྐྲུན་གྱི་ལས་འཆར་སོགས་ཀྱི་བརྒྱུད་ལམ་འཕྲུལ་ཆས་རིག་པའི་བཀོལ་སྤྱོད་ཐད་ནས་རྒྱ་བསྐྱེད་གནང་འཆར། གཞན་ཡང་འཛམ་གླིང་གི་གཙུག་ལག་སློབ་ཆེན་བརྒྱའི་ནང་ཚུད་པའི་གཙུག་ལག་སློབ་ཆེན་ཁག་གི་ཡན་ལག་བཙུགས་ཆོག་པའི་སྒོ་མོ་དབྱེ་རྒྱུ་ཡིན་པས། དེ་དང་ལྷན་ཕྱི་རྒྱལ་གྱི་སྐད་ཡིག་གསར་པ་འགའ་ཡང་གསར་སྣོན་གནང་ཡོད་པའི་ཁྲོད་བོད་ཡིག་ཀྱང་བཅུགས་ཡོད་འདུག། ཡང་དགེ་རྒན་གྱི་ཆ་རྐྱེན་ནང་མ་མཐའ་ཡང་ལོ་བཞིའི་སློབ་སྦྱོང་ཐོན་པའི་ལག་འཁྱེར་ཡོད་དགོས་སོགས། འདི་དང་འདི་ལ་སོགས་པའི་བསྒྱུར་བཅོས་དང་གསར་སྣོན་ཧ་ཅང་མང་བས། ང་ཚོ་ཚང་མས་སྤྱི་ལོ་ ༢༠༢༡ ལོ་ནས་དཔུང་པ་མཉམ་གཤིབ་ངང་མདུན་སྐྱོད་ཀྱི་གོམ་ཁ་ལྷན་གཅིག་ཏུ་སྤོ།

མདོར་ན། ༢༠༢༠ ལོའི་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་ནི། རྒྱ་གར་གཞུང་མང་རང་བཙན་ལོན་ནས་ད་བར་གྱི་རྒྱ་གར་གཞུང་གི་ཤེས་ཡོན་སྲིད་བྱུས་ཐེངས་གསུམ་པ་དེ་དང་། ད་ལྟའི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་ནས་མི་ལོ་ཧྲིལ་བོ་ ༣༤ ཙམ་འགོར་བའི་རྗེས་གསར་དུ་ཐོན་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན། ཤེས་ཡོན་གྱི་སྒྲོམ་གཞི་དང་སྲིད་བྱུས་འདིའི་ཐད་སྤྱི་ཚོགས་ནང་མང་པོས་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། ཤེས་ཡོན་དང་སློབ་གསོའི་ཐད་དཔྱད་ཞིབ་དང་ཉམས་ཞིབ་གནང་མཁན་གྱི་མི་སྣ་མང་པོས་གདེང་འཇོག་ཆེན་པོ་བྱས་ཡོད་པ་རེད། དེའི་རྒྱུ་མཚན་ནི། ད་ལྟའི་ཤེས་ཡོན་སྲིད་བྱུས་ནང་མི་ཞིག་གི་ནུས་པ་དང་ཕུགས་བསམ་ཡོད་ཚད་རྒྱུགས་སྐར་གྱི་བརྒྱ་ཆ་ཁོ་ནས་ཚད་ཐིག་འཇལ་བའི་བྱེད་སྟངས་འདིས། མི་མང་བོས་ཕུགས་བསམ་འཚོལ་བར་བཀག་སྒོ་ཆེན་ཆེན་པོ་ཐེབས་ཡོད་པ་རེད།  ཤེས་ཡོན་གསར་པའི་དགོངས་དོན་ནང་སློབ་མ་རེ་རེའི་ཁམས་དང་ནུས་པར་ཆེ་མཐོང་གནང་སྟེ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་ནས་རང་ཉིད་ཀྱི་ཁྱད་ཆོས་སྟེང་ནས་ཕུགས་བསམ་འཚོལ་བའི་ལམ་ཁ་ཡངས་པོར་ཕྱེས་གནང་ཡོད། ད་ལྟའི་ཤེས་ཡོན་སྲིད་བྱུས་ཀྱིས་ནག་པང་དང་སློབ་དེབ་བར་ནས་ཁྱད་ལས་མི་སྣ་གསོ་སྐྱོང་ཡོང་བར་རེ་ལྟོས་ཆེན་པོ་བྱས་ཡོད་ཀྱང་། ཤེས་ཡོན་གསར་པའི་སྲིད་བྱུས་ཀྱིས་མིའི་གཞི་རྩའི་རྣམ་དཔྱོད་གྲོལ་ཏེ་ཁྱད་ལས་མི་སྣ་སྐྱེད་སྲིང་ཡོང་བར་ཕྱག་སྟོན་མཛད། ད་དུང་། ད་ལྟའི་ཤེས་ཡོན་སྲིད་བྱུས་ཀྱིས་རྒྱ་གར་གཞུང་མང་གི་མ་འོངས་མདུན་ལམ་ལག་འཁྱེར་ཙམ་ལ་བློ་ཁ་ཕྱོགས་ནས་ཡོད་ཀྱང་། ཤེས་ཡོན་གསར་བའི་སྲིད་བྱུས་ཀྱིས་རྒྱ་གར་གཞུང་མང་གི་འབྱུང་འགྱུར་ནི། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་མི་རབས་གསར་བ་ཞིག་གི་རྣམ་དཔྱོད་པའི་སྡེར་རེ་བ་བཅོལ་ནས་ཡོད།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩

མཆན། 2

  1. འདམ་སྐྱེས། says:
    ལོ་ 5 སྔོན།

    གངས་རིའི་ཉི་མ་ལགས་ནས་སྐབས་དུས་སུ་ཆེད་སྩོམ་དོན་ཕན་ལྡན་པ་ཡག་པོ་འབྲི་སྤེལ་གནང་བར་བསྔགས་བརྗོད་དང་བོད་ཀྱི་དུས་བབ་ལའང་འདི་བཞིན་གལ་ཆེན་གནས་ཚུལ་ལ་ཐུགས་སྣང་གིས་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ།།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 5 སྔོན།

    སྤྱི་ཚོགས་འཕེལ་རིམ་བརྒྱུད་ནས་རྒྱལ་ནང་གི་ཆབ་དཔལ་རིག་གསུམ་གསར་གཏོད་དང་ཡར་རྒྱས་འགྲོ་དགོས་པ་དེ་མི་གི་སྤྱི་ཚོགས་ལ་བསམ་ན་ཤིན་ཏུ་ནས་གལ་ཆེའི་ནང་གི་གལ་ཆེན་ཞིག་ཡིན་པ་དང་རྒྱལ་ཁབ་ཡར་རྒྱས་འགྲོ་བ་ལ་མེད་དུ་མི་རུང་བ་དེ་མི་མང་གི་ཤེས་ཡོན་ལ་རག་ལས་པ་དང་རྒྱ་གར་གྱི་ཤེས་ཡོན་སྲིད་ཇུས་གསར་པ་འདིའི་རྒྱ་གར་མི་མང་གི་བསམ་བློའི་གནས་ཚད་དང་གོ་རྟོགས་ཀྱི་ནུས་པ་སྔར་ལས་ཆེ་རུ་འགྲོ་ཐུབ་པའི་ཡིད་ཆེས་དང་བཅས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese