མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནམ་འོག་གསར་འགྱུར་ཟེར་བར་ལན་འདེབས།

བོད་ཀྱི་དུས་བབ།
༢༠༢༠/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

 གནམ་འོག་གསར་འགྱུར་ཟེར་བས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཟུར་ཟ་དང་དབུ་མའི་ལམ་ལ་འཁྱོག་བཤད་ཀྱི་དྲི་བར་ལན་འདེབས།།

ཚེ་རིང་སྲི་བརྟན།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧  ཚེས་ ༡༩  རེས་གཟའ་ཉི་མ་ཉིན་གནམ་འོག་གསར་འགྱུར་ཟེར་བའི་བརྙན་ལམ་ཐོག་ནས་གྲྭ་ལོག་བློ་དགའ་ཟེར་བས།  དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བ་རྒྱ་ཆེའི་བོད་མི་མང་ཚོགས་ལ་དྲི་བའི་ལས་རིམ་ཞེས་པ་ཞིག་བཤད་སོང་། སྤྱིར་བཏང་ཁོ་པས་གཏམ་འཆལ་དེ་འདྲ་ཤོད་བཞིན་འདུག་ཀྱང་དེ་ལ་དོ་སྣང་དང་ལན་འདེབས་བྱེད་རྒྱུའི་འབད་བརྩོན་དགོས་གལ་བརྩིས་མེད་པ་དེ་ནི་ཆོས་རྗེ་ས་པཎ་གྱིས།    ངན་སྐྱུགས་ཁྲོན་པ་སུ་ཞིག་སློང་།     །སྐྱུགས་པ་མཁས་པ་སུ་ཞིག་མྱོང་།  གསུངས་པ་ལྟར་རེད།  འོན་ཀྱང་ཁོ་པའི་གཏམ་འཆལ་དེ་ཚོའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དགའ་ལྡན་ཕོ་ བྲང་ལ་ཟུར་ཟ་ཇེ་མང་དུ་གཏོང་བཞིན་ཡོད་པ་དང་།  ལྷག་པར་དུ་ད་ལམ་གྱི་ལེའུ་ཚན་དེའི་ནང་མི་ལོ་བཅུ་ཕྲག་མང་པོའི་དུས་ ཚོད་བཟང་པོ་ཆུད་ཟོས་སུ་ཕྱིན་ནས་དབུ་མའི་ལམ་ལ་གྲུབ་འབྲས་ཏིལ་འབྲུ་ཙམ་མ་བྱུང་བ་དང་།  བརྒྱུད་ལམ་དེའི་ནང་ལ་ཕྱོགས་ གཅིག་ནས་ཐ་ན་རྒྱལ་བ་རིན་པོ་ཆེའི་སྐུ་སྲོག་ལའང་ཉེན་འཚབ་དེ་འདྲ་ཞིག་བྱུང་བ་ཡིན་ཚུལ་སོགས་འགོ་མཇུག་བར་གསུམ་དུ་དབུ་ མའི་ལམ་གྱི་སྲིད་བྱུས་ལ་སྐྱོན་བརྗོད་དང་སྦྲེལ་ནས་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་ཁག་ངན་འགེལ་བའི་ ཚིག་བརྗོད་མང་པོ་ཞིག་བཀོད་འདུག་པ་དེ་ཚོར་ལན་འདེབས་མདོར་བསྡུས་ཤིག་མ་བྱས་ན་སྤྲང་པོའི་སྤྲེའུ་འཁྲབ་པ་དེར་དབྱུག་པས་བཀོད་བྱུས་གཏོང་མཁན་ཡོད་པ་དེ་ཚོ་ངན་པ་བྱ་རྒྱས་སུ་སོང་ནས་༸གོང་ས་མཆོག་གི་བཀའ་དྲིན་ལ་བསམ་ཤེས་ཡེ་ནས་མེད་པར་ དྲིན་ལན་ལོག་འཇལ་གྱིས་ལས་ངན་གསོག་མཁན་བསོད་དམན་པ་ཇེ་མང་དུ་འགྲོ་རྒྱུ་མ་ཟད། སྤྱི་ཚོགས་ནང་དབུ་མའི་ལམ་གྱི་གནད་ དོན་ཇི་བཞིན་མ་རྟོགས་མཁན་འགར་བློ་དོགས་ཡོང་མི་སྲིད་པ་མིན་ཅིང་།  ལྷག་པར་དུ་རྒྱལ་བ་རིན་པོ་ཆེའི་སྐུ་སྲོག་ལའང་ཉེན་ འཚབ་བཟོ་མཁན་ནི་རྒྱ་དམར་གུང་ཁྲན་དང་།  གསོས་ཕྲུག་དོལ་རྒྱལ་རྗེས་འབྲང་པ་ཚོ་ཡིན་པ་ལས་དབུ་མའི་ལམ་གྱི་གནད་དོན་ དང་འབྲེལ་བ་སྦྱར་བ་ནི་གཞི་རྩ་མེད་པའི་དཀྲོག་གཏམ་ཆེན་པོ་ཞིག་ཆེད་བཟོས་བྱས་འདུག་པ་ཧ་ཅང་མ་འོས་པ་ཡིན།   ཁོ་པའི་དྲི་ བ་ཁག་གི་ནང་དོན་མང་ཆེ་བ་འདྲ་པོ་ཡིན་སྟབས་རེ་རེ་བཞིན་དབྱེ་འབྱེད་ཀྱིས་ལན་བརྒྱབ་ན་སྐད་ཆ་ཉིས་ཟློས་ཡིག་ཚོགས་ཀྱི་རྒྱུ་ལས་མ་འདས་པར་ཕྱོགས་བསྡོམས་ཀྱིས་ལན་འདེབས་བྱས་པས་མ་འཐུས་པ་མི་འདུག་ཀྱང་།  མང་ཚོགས་ནང་རང་དང་རང་འདྲ་བ་ ཀློག་པ་པོ་རྣམས་ལ་མཁྱེན་རྟོགས་བདེ་བའི་སླད་དུ་གཤམ་གསལ་དོན་ཚན་རེ་རེ་བཞིན་ལན་འདེབས་མདོར་བསྡུས་ཤིག་བྱེད་རྒྱུ་ཡིན།

༡༽  དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱ་དམར་གུང་ཁྲན་འོག་ཏུ་མགོ་སྒུར་རྒྱུ་དེ་ཡིན་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་བཞི་པ་ བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན་ཞེས་པའི་ནང་དོན་དང་འགལ་ཟླ་ཆགས་ཡོད་པ་ཁྱེད་རང་ལ་ཐུགས་སྣང་ཨེ་བྱུང་།

ལན།     བཅའ་ཁྲིམས་དོན་ཚན་བཞི་པའི་ནང་༼ལྷག་པར་དུ་བོད་དོན་བདེན་མཐའ་གསལ་ཐབས་དང་།  བོད་མི་ཡོངས་ཀྱི་བསམ་སྤྱོད་ དང་དངོས་པོའི་ཁེ་ཕན་ཡར་རྒྱས་གཏོང་བའི་ལས་འགན་བསྒྲུབ་རྒྱུ།༽ ཞེས་གསལ་ཡོད་པ་ལྟར་དེ་དག་སྒྲུབ་པར་དེང་འཛམ་བུ་ གླིང་གི་དངོས་ཡོད་གནས་སྟངས་དང་ཕུགས་རྒྱང་རིང་པོའི་ཁེ་ཕན་གང་ཅིའི་ཐད་ནས་གྲུབ་འབྲས་སོན་ཐུབ་པ་དེ་དབུ་མའི་ལམ་གྱི་ཐབས་ལམ་ལས་ལྷག་པ་ཞིག་མེད་པ་རྒྱ་ཆེའི་མང་ཚོགས་ཀྱིས་གསལ་པོ་མཁྱེན་པའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་མང་གཙོའི་ བརྒྱུད་རིམ་ཐོག་ནས་གཏན་འབེབས་གནང་པ་མ་ཡིན་ནམ། ལྷག་པར་དུ་བཅའ་ཁྲིམས་དོན་ཚན་གསུམ་པ། ཆབ་སྲིད་ཀྱི་རང་བཞིན་ ནང་།༼མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་བ་མེད་པའི་ལྟ་བར་གཞི་བཅོལ་པའི་ཐོག་ནས་རང་དབང་དང་། ཞེས་པ་ནས་བཙན་ བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ།༽ཞེས་གསལ་པོ་ཡོད།  དེས་ན་འཚེ་བ་མེད་པའི་ཐོག་ནས་བོད་དོན་བདེན་ མཐའ་གསལ་དགོས་ན་དབུ་མའི་ལམ་ལས་གཞན་པའི་ཐབས་ལམ་ཞིག་མེད་ཅིང་།   དེ་མ་ཡིན་པ་རྒྱུ་མཚན་ལྡན་པའི་ཐབས་ལམ་ ཞིག་ཡོད་ན་སྟོན་དང་།

༢༽  རྒྱ་དམར་གུང་ཁྲན་གྱི་རྩ་འཛིན་ཡིག་ཆ་ཁྱེད་རང་གིས་བཀླགས་ཡོད་སྲིད་པ་རེད།   དབུ་མའི་ལམ་གྱི་སྲིད་བྱུས་དེའི་ནང་དོན་སྙིང་པོ་རྒྱ་མི་གུང་ཁྲན་གྱི་དབང་འཛིན་པས་རྡོ་ལག་བརྒྱུད་བྱས་པ་ཧ་ཅང་གཏིང་གནག་པོའི་སྲིད་བྱུས་ཤིག་ཡིན་པ་བོད་མི་ཚོ་དེའི་མགོ་བསྐོར་འོག་ཚུད་སོང་བ་ཞིག་ཡིན་པ་བསམ་བློ་བཏང་ཨེ་མྱོང་།

ལན།     དབུ་མའི་ལམ་གྱི་སྲིད་བྱུས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདིར་འདས་མ་འོངས་ད་ལྟ་དུས་ གསུམ་གྱི་གནས་སྟངས་ལ་ཐུགས་ཞིབ་ལོ་མང་གནང་པའི་ཉམས་མྱོང་གི་སྙིང་པོ་ཡང་དག་པའི་ལམ་སྟོན་འོག་བྱེས་འབྱོར་མི་མང་ ནང་ཡུན་རིང་རང་དབང་གི་ཐོག་ནས་འདུ་འཛོམས་གྲོས་བསྡུར་སྦྱངས་བཤད་མཐིལ་ཕྱིན་བྱས་པ་དང་།  གཞིས་བཞུགས་རྒྱ་ཆེའི་ མང་ཚོགས་ནས་དངོས་ཤུགས་བརྒྱུད་གསུམ་དུ་ཡིག་ངག་གཉིས་ཐོག་ནས་བསམ་ཚུལ་བསྡུས་ཏེ་མང་གཙོའི་འགྲོ་ལུགས་དང་ཡོངས་ སུ་མཐུན་པའི་ཐོག་ནས་ཕྱོགས་བསྡོམས་བརྒྱབ་པའི་ཚད་མཐོའི་མང་མོས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་ པའི་སྲིད་བྱུས་ཞིག་ཡིན་པ་ས་རིས་ཐང་གསལ་ཡིན་བཞིན་དུ་རྒྱ་དམར་གུང་ཁྲན་གྱི་རྩ་འཛིན་ཡིག་ཆ་རྡོ་ལག་བརྒྱུད་བྱས་པའི་སྲིད་ བྱུས་བོད་མི་ཚོ་དེའི་མགོ་སྐོར་འོག་ཚུད་པ་ཞིག་ཡིན་ཟེར་བ་རྒྱ་དམར་གྱི་རྒྱུག་ཁྱི་དེ་ཚོས་དགོས་པའི་དབང་གིས་ལོག་བཤད་དཀྲོག་ གཏམ་སྣ་ཚོགས་ཇི་ཙམ་བཤད་ཀྱང་དེར་རྒྱ་ཆེ་མང་ཚོགས་དབུ་འཁོར་ནས་ཡིད་ཆེས་བྱེད་མཁན་ཡོང་མི་ཐུབ།

༣༽  རྒྱ་ནག་གི་སྟོབས་ཤུགས་དེ་རྟག་པ་བརྟན་པ་ཡོད་པ་ཞིག་ལ་ཁྱེད་རང་ཡིད་ཆེས་ག་ཚོད་ཡོད་དམ་མེད། དབུ་མའི་ལམ་གྱི་སྲིད་བྱུས་འོག་རྒྱ་ནག་ལ་ སྐྱབས་བཅོལ་རྒྱུ་དེ་ཕུགས་བརྟན་པོ་ཞིག་རེད་འདུག་དང་མི་འདུག

ལན།     སྤྱིར་འཇིག་རྟེན་གྱི་བྱ་བ་གང་ལའང་རྟག་པ་དང་བརྟན་པ་མེད་པ་ཤེས་བཞིན་དུ་རྒྱ་ནག་གི་སྟོབས་ཤུགས་ལ་རྟག་པ་དང་བརྟན་པ་ཡོད་པའི་ཡིད་ཆེས་བྱེད་མཁན་ནི་སྐབས་འཚོལ་བ་དེ་ཚོ་རེད།  དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་བོད་རྒྱ་ཆེའི་མི་མང་གི་འཕྲལ་ ཕུགས་གཉིས་ཀྱི་བདེ་དོན་རླབས་ཆེན་རྩོད་བཞིན་པ་དེར་རྒྱ་དམར་གཞུང་གི་འགོ་འཁྲིད་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ནང་༼ཁ་བྲལ་བཤད་ཀྱི་འདུག་༽ཟེར་ནས་ཁག་འདོགས་འདྲ་མིན་བྱེད་པ་ལས་རྒྱུ་མཚན་ལྡན་པའི་ལན་སྤྲད་མ་ཐུབ་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་ཡོད་པ་དེ་རྒྱ་ནག་ལ་སྐྱབས་བཅོལ་བ་རེད་ཟེར་གྱི་ཡོད་དམ།  ད་དུང་ཡང་དབུ་མའི་ལམ་གྱི་སྲིད་བྱུས་གཞི་ལ་བཞག་པའི་ཐོག་ནས་ཆུ་མོའི་འགྲོ་ལུགས་ལ་གཞིགས་པའི་ཀོ་བ་གཏོང་ཕྱོགས་ཟེར་བའི་དཔེ་ལྟར་འཛམ་གླིང་ནང་སྲིད་དོན་གྱི་འགྱུར་བ་དང་བསྟུན་ནས་སྐབས་བབ་རྣམ་དཔྱོད་བེད་སྤྱོད་གཏོང་ས་ཡོད་པ་ཞིག་ཡིན།

༤༽  རྒྱ་ནག་ལ་བསམ་ཤེས་དང་གུ་ཡངས་ཡོང་རྒྱུ་མེད་པ་མི་ལོ་བཅུ་ཕྲག་མང་པོའི་རིང་བོད་གཙོས་པའི་འཛམ་གླིང་མི་མང་གི་ཉམས་མྱོང་ཡིན་དུས་དོན་ངོ་མ་ཁྱེད་རང་གིས་གུང་ཁྲན་ཏང་ལ་བཅངས་པའི་རེ་བ་དེར་དོན་སྙིང་ག་རེ་འདུག

ལན།     འདས་པའི་མི་ལོ་བཅུ་ཕྲག་འགའ་ཤས་ནང་རྒྱ་དམར་སྲིད་གཞུང་ལ་འགྱུར་བ་རབས་དང་རིམ་པར་ཕྱིན་ཡོད་པ་དེ་ཚོ་བསམ་ཤེས་དང་གུ་ཡངས་ཐོག་ནས་བྱུང་པ་རེད་ལ་ད་དུང་ཡང་འགྲོ་རྒྱུ་ཉག་གཅིག་རེད།  བོད་ཀྱི་གནད་དོན་འདི་རྒྱ་དམར་གཞུང་གི་ཐོག་མའི་དམིགས་ཡུལ་དང་འཆར་གཞི་ལས་ཡོངས་སུ་བརྒལ་ཏེ་ཁོ་པ་ཚོའི་རེ་བའི་ལྡོག་ཕྱོགས་ཤིག་ཏུ་གྱུར་ཡོད།    དེར་བརྟེན་རྒྱ་དམར་གྱི་འགོ་འཁྲིད་ཚོར་བོད་རྒྱའི་དཀའ་རྙོག་མ་སེལ་ཐབས་མེད་ཀྱི་འགན་འཁུར་ཆེན་པོ་ཞིག་ཆགས་ཡོད་པ་ལས་ཕྱོགས་གཅིག་ རྐྱང་པས་གུང་ཁྲན་བཏང་ལ་རེ་བ་བཅངས་ནས་བསྡད་པ་ཞིག་མིན།   བོད་དོན་འཐབ་རྩོད་ནི་བདེན་དོན་ཡིན་པར་སོང་དབུ་མའི་ ལམ་གྱི་ཐོག་ནས་བདེན་པའི་མཐའ་གསལ་ངེས་ཡིན།  དོན་སྙིང་གང་ཡང་མེད་པ་ནི་བོད་སྤྱི་དོན་ལ་འགན་འཁུར་ཏིལ་འབྲུ་ཙམ་མེད་པར་སྤྱི་ཚོགས་ནང་རྒྱ་དམར་གྱི་ལག་ཆར་དཀྲོག་གཏམ་སྤེལ་མུས་དེ་ཚོ་ཡིན་པ་གསལ་པོ་ངོས་འཛིན་དགོས།

༥༽  བོད་ནང་རྒྱལ་གཅེས་པ་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་ནས་རྒྱ་ནག་དམར་པོའི་གཞུང་ལ་ངོ་རྒོལ་གནང་པ་དེ་བོད་གཞུང་གིས་འུ་ཐུག་ཐབས་ཟད་ཅིག་ཡིན་པ་ངོས་ འཛིན་དང་ཁྱབ་བསྒྲགས་གནང་པ་རེད།   ད་དུང་ཡང་འུ་ཐུག་རང་བཞིན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་དེས་རྒྱ་ནག་ལ་ཨུ་ཚུག་བརྒྱབ་ན་འགྲོ་ས་ཡོད་པ་ཞིག་ཡིན་པ་བོད་མི་མང་ལ་ཡིད་ འཆེས་འཕེར་བའི་འགྲེལ་བཤད་བརྒྱབ་ཡས་ཨེ་ཡོད།

ལན།     བོད་རྒྱལ་ཁབ་དེ་རྒྱ་དམར་གྱིས་ཧམ་བཟས་བྱས་པ་ཙམ་མ་ཚད་རང་ཡུལ་དུ་རང་གི་ཆོས་དང་རིག་གཞུང་མི་རིགས་སྐད་ཡིག་དང་ བཅས་པ་རྩ་བརླག་འགྲོ་རྒྱུའི་ཛ་དྲག་ཉེན་ཁ་ཆེན་པོའི་གནས་སུ་ལྷུང་བཞིན་པར་བརྟེན།  རྒྱ་དམར་གཞུང་གི་བཙན་གནོན་གདུག་ རྩུབ་འོག་བཟོད་སྲན་གྱི་མཐའ་བྲལ་ནས་གཞན་ལ་འཚེ་བ་སྤངས་ཏེ་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་བྱེད་པ་ཞིག་དང་།  གཞིས་ བཞུགས་རྒྱ་ཆེའི་མི་མང་རྣམས་ཛ་དྲག་འཇིགས་དངངས་དེ་ལས་སྐྱོབ་ཐབས་སུ་དབུ་མའི་ལམ་གྱི་ཐོག་ནས་འབད་བརྩོན་ཡོད་དགུ་ རྩལ་སྤྲུགས་གནང་པ་ནི་འགན་འཁུར་ཡོད་པའི་ཐབས་ལམ་བཟང་ཤོས་དེ་ཡིན།  དེ་མིན་བསྒྲུབ་བྱའི་ཐབས་ལམ་རྒྱུ་མཚན་ལྡན་པ་ འདི་ཡིན་སྣེ་གཅིག་བསྟན་རྒྱུ་མེད་པར་ཁ་སྟོང་གཏམ་བཤད་ཀྱིས་མི་མང་ལ་རེ་སྟོང་དབུ་བསྐོར་ཞུས་ན་དེའི་རྗེས་འབྲས་ངན་པས་ ནམ་ཞིག་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་བརླག་ཏུ་འགྲོ་རྒྱུར་རྒྱ་དམར་གྱི་དམིགས་ཡུལ་བསྒྲུབ་ཐབས་ལ་ཤུགས་ཀྱིས་ མཐུན་གྱུར་བྱས་པ་ཞིག་མ་ཡིན་ནམ།

༦༽   དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱལ་ཁབ་གཅིག་གི་དཀའ་ངལ་སེལ་ཐབས་བྱས་པ་མ་ཡིན་པ།  མི་སྒེར་རམ་ཁྱིམ་ཚང་སྒེར་པ་ཞིག་གི་བདེ་བ་སྡུག་བསྔལ་གྱི་དོན་དག་ཞིག་ལ་བོད་ཀྱི་མ་འོངས་པའི་མི་རབས་ཕྱི་མས་ངོས་འཛིན་གནང་པ་ཡིན་ན་དེ་ལ་སྔ་ས་ནས་ཁུངས་བཙན་པའི་འགྲེལ་བཤད་ཡང་དག་པ་ཞིག་བརྒྱབ་ཡས་ཨེ་ཡོད།

ལན།     དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱལ་ཁབ་གཅིག་གི་དཀའ་ངལ་སེལ་ཐབས་བྱས་པ་མ་ཡིན་པ་མི་སྒེར་རམ་ཁྱིམ་ཚང་གཅིག་གི་བདེ་བ་སྡུག་བསྔལ་གྱི་དོན་དག་ཞིག་ཟེར་བ་དེ་སུ་ལ་ཟེར་གྱི་ཡོད་དམ།  འདི་ནི་ཚེར་ཕུང་ལ་བསྐོར་ནས་རི་བོང་ལ་འཇབ་རྡོ་ཟེར་བའི་ དཔེ་ལྟར་དོན་དུ་རྒྱལ་བ་རིན་པོ་ཆེ་དང་དགའ་ལྡན་ཕོ་བྲང་ལ་བསྟིང་ཚིག་ངན་ཁག་གཡོགས་ཐབས་ཤིག་ལས་རྒྱུ་མཚན་གཞན་གང་ཡང་མེད།  དེ་ལ་འདིར་དཔེ་མཚོན་ཙམ་བཤད་ན།  ཕྱི་ལོ་ ༡༩༨༧ ཟླ་  ༡༢ ཚེས་  ༡༧  ཉིན་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་ འགོ་འཛིན་ཡན་མིང་ཕུ་ལ་བཏང་པའི་ཚིག་ཐོར་ཀྲུང་དབྱང་གིས་ཏཱ་ལའི་བླ་མར་འཛིན་པའི་མཛད་ཕྱོགས་༼དོན་ཚན་ལྔ་༽ལ་ འགྱུར་བ་མེད་ཟེར་བར་བཙན་བྱོལ་གཞུང་གིས་ལན་འདེབས་གནང་པའི་ནང་།༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནས་དུས་རྒྱུན་དུ་ང་ནི་བོད་མི་མང་གི་མགྲིན་ཚབ་པ་ཞིག་ཡིན་གསུངས་མུས་དང་། བོད་དོན་ནི་བོད་མིའི་ཆེད་དང་།  དེ་ཡང་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་ཡིན།  ཞེས་བཀའ་གནང་ཡོད་པ་དང་། ༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་སྒེར་གྱི་ཐོབ་ཐང་དོན་གནད་སྐོར་ང་ཚོས་སྔར་ཕན་གོ་ བསྡུར་བྱས་མེད་ལ་མ་འོངས་པར་ཡང་བཀའ་མོལ་གནང་དགོས་གང་ཡང་མེད།  ཅེས་དང་།  ཕྱི་ལོ་ ༡༩༩༢  ཟླ་ ༩ ཚེས་  ༡༡  ཉིན་ ༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཏིང་ཞའོ་ཕིང་དང་།   ཅང་ཙེ་མིང་སོ་སོར་ཕྱག་བྲིས་དང་མཉམ་དུ་བཏང་པའི་དྲན་ཐོ་ནང་།   ཕྱི་ལོ་  ༡༩༨༡  ཟླ་ ༧  ཚེས་ ༢༨ ཉིན་ཧུའུ་ཡོ་པང་གིས་རྒྱ་ལོ་དོན་གྲུབ་ལ།  ཏཱ་ལའི་བླ་མར་འཛིན་པའི་བྱེད་ཕྱོགས་དོན་ཚན་ལྔ་ ཞེས་པའི་ཡི་གེ་ཞིག་སྤྲད་པ་དེར་ཧ་ཅང་ཡ་མཚན་དང་། བློ་འཕམ་པོ་བྱུང་། གང་ལགས་ཟེར་ན། ང་ཚོས་པེ་ཅིང་ལ་འབྲེལ་བ་མུ་ མཐུད་བྱེད་པའི་དགོས་དོན་སྙིང་པོ།   མི་རབས་ནས་མི་རབས་བར་བོད་རྒྱ་ཁྱིམ་མཚེས་སུ་སྡོད་དགོས་པའི་བོད་མི་ས་ཡ་དྲུག་འཕྲལ་ཕུགས་བདེ་བར་འཁོད་ཐབས་ཀྱི་རྩ་དོན་ལ་དོ་སྣང་བདག་སྤྲོད་ཅི་ཡང་མ་བྱས་པར་ངོས་རང་མི་སྒེར་གཅིག་གི་གནང་སྟངས་སྐོར་བཤད་དེ་ང་ཚོའི་གྲོས་གཞི་སྙིང་པོ་ཁ་ཕྱོགས་སྒྱུར་ཐབས་བྱས་སོང་། ཞེས་དང་།  གཞན་ཡང་གསུམ་བཅུའི་དུས་དྲན་སྐབས་ཀྱི་ གསུང་འཕྲིན་སོགས་ནང་འཛམ་གླིང་ཡོངས་ལ་ཕྱི་གསལ་ནང་གསལ་ཡོད།   དེར་བརྟེན་མ་འོངས་པའི་མི་རབས་རྣམས་ལོ་རྒྱུས་ དངོས་ཡོད་ལ་དཔྱད་པ་བྱེད་སྐབས་༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ལ་ཡིད་དབང་འཕྲོག་སྟེ་དད་པ་ལྷག་པར་དུ་འཕེལ་བ་ཞིག་ཡོང་རྒྱུ་ཡིན་པར་གདོན་མི་ཟ། ཁྱོད་ལྟ་བུ་རང་གི་ལྟོ་གོས་ཙམ་ཡང་ལོག་འཚོར་མ་བསྟེན་པར་ཁུངས་མི་འཁྱོལ་མཁན་ རྨོངས་པ་འགའ་ནི་ད་ལྟའང་མངོན་སུམ་ལ་བསྙོན་པའི་དཀྲོག་གཏམ་ཆེད་བཟོ་བྱེད་བཞིན་པ་དེ་འདྲ་མ་འོངས་པར་ཡང་རེ་ཟུང་ཡོང་སྲིད་ན་དེ་ལ་སྙིང་རྗེའི་ཡུལ་དུ་བལྟ་རྒྱུ་ལས་གཞན་ཅི་བྱེད།

༧༽   དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་རྟ་ལམ་བོང་བུས་བཀག་ནས་མི་ལོ་བཅུ་ཕྲག་མང་པོའི་རིང་བོད་རྒྱལ་ཁབ་བསྐྱར་གསོའི་ལས་དོན་འཐུས་ཤོར་བཏང་སོང་ཟེར་མཁན་མང་པོ་འདུག  མི་ཚང་མས་གསལ་པོ་མཐོང་བཞིན་པ་ད་ལྟའི་བོད་ཀྱི་ཆབ་སྲིད་ཀྱི་གོ་སྐབས་བཟང་པོ་དེ་བར་ཆད་ཤོར་ན་དེའི་ཉེས་འགན་དང་ལས་འགན་དེ་སུ་ལ་ཡོད་རེད།

ལན།     འདས་པའི་བྱུང་རབས་དང་བོད་མི་རིགས་ལ་འགན་འཁུར་བའི་ཐོག་ནས་དངོས་ཡོད་གནས་ཚུལ་ལ་བསམ་གཞིགས་མ་བྱས་པར་རང་ཉིད་ཀྱི་འཚོ་གོས་ཆེད་དུ་རང་དབང་ལུང་པར་རང་སྣང་གང་དྲན་ཤོད་མཁན་འགའ་ཤས་ཡོད་ངེས་རེད།  དེ་མིན་བོད་དང་ བོད་མི་རིགས་ཀྱི་བདེ་དོན་ལ་བསམ་གཞིགས་ནན་པོ་བྱས་པ་ཡིན་ན།  ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གཞུང་གིས་བོད་ས་ཡོངས་ལ་ དྲག་གནོན་འཚབས་ཆེན་བྱས་ཏེ་བོད་མི་རྣམས་གདུག་རྩུབ་མནར་གཅོད་སྣ་ཚོགས་འོག་བོད་ཡུལ་དེ་དམྱལ་བའི་འཇིག་རྟེན་ཞིག་ གྱུར་པ་དང་། མི་ལོ་ཉི་ཤུའི་རིང་བོད་ཕྱི་ནང་དབར་འབྲེལ་བ་མེད་པར་རྒྱ་དམར་གྱིས་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་ཡ་ང་བ་ཇི་ བྱས་རྣམས་ཕྱི་ལ་ཁྱབ་བསྒྲགས་མ་ཐུབ་པར་ཆེས་མུན་ནག་གི་དུས་དེར་བོད་ནང་འཚམས་གཟིགས་སྐུ་ཚབ་སྔ་རྗེས་ཕེབས་ཐུབ་པ་ དང་།  བོད་ཕྱི་ནང་གཉེན་འཕྲད་འགྲོ་འོངས།  བོད་ནས་ན་གཞོན་མང་པོ་རང་དབང་ལུང་པར་སློབ་གཉེར་དང་གྲྭ་སར་འཛུལ་ ཞུགས་ཐུབ་པ་སོགས་ཀྱིས་བོད་ནང་གི་གནས་ཚུལ་འཛམ་གླིང་ཡོངས་ལ་གསལ་པོ་ཆགས་ཐུབ་པ་དང་།   བོད་ནང་སྲིད་བྱུས་གུ་ ཡངས་ཕྲན་བུ་ཐོབ་ནས་ཆོས་དང་རིག་གཞུང་དཔལ་འབྱོར་ཉམས་པ་སླར་གསོ་བྱེད་རྒྱུའི་མཚོན་པའི་མང་ཚོགས་ལ་དབུག་ངལ་གསོ་བའི་གོ་སྐབས་ཤིག་ཐོབ་པ་མ་ཟད།  བོད་རྒྱ་འབྲེལ་མོལ་སྔ་རྗེས་རིམ་པར་བྱུང་ཐུབ་པ་དང་།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་ པོ་མཆོག་འཛམ་གླིང་ཤར་ནུབ་གང་སར་ཞབས་སོར་འཁོད་ནས་ཆོས་སྲིད་ཀྱི་མཛད་པ་རླབས་ཆེན་རྒྱ་ཆེ་རྒྱུན་མི་ཆད་པ་བསྐྱངས་ དང་སྐྱོང་བཞིན་པ་དེ་ཚོར་རྒྱ་གཞུང་གིས་འགོག་རྐྱེན་བཟོ་མ་ཐུབ་པ།  ལྷག་པར་དུ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ ཞི་བདེའི་གཟེངས་རྟགས་སོགས་སྙན་གྲགས་ཆེ་བའི་གཟེངས་རྟགས་བརྒྱ་ཕྲག་གཉིས་ལ་ཉེ་བ་འབུལ་བཞེས་བསྐྱངས་པ།  དེ་ལ་བརྟེན་ ནས་བོད་དོན་འཛམ་གླིང་ཐོག་གསོན་གནས་ཐུབ་པ་ཙམ་མ་ཟད།  བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གྱིས་འཛམ་ གླིང་ནང་དར་ཁྱབ་ཐུབ་པ་སོགས་བརྗོད་ཀྱིས་མི་ལང་པའི་མཛད་འཕྲིན་ཉི་མ་ལྟར་ཤར་བ་འདི་རྣམས་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་པ་འོན་པས་གོ་ཚོད་དང་ལོང་བས་མཐོང་ཚོད་ཡིན།  དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ལ་དེ་སྔོན་ཨ་རིའི་སྲིད་ འཛིན་བྷུ་ཤུ་ དང་།  སྲིད་འཛིན་ཨོ་བ་མ་སོགས་ཆེས་མཐོའི་དབུ་འཁྲིད་ཁག་དང་།  ཨ་རིའི་གྲོས་ཚོགས་དང་ཡུ་རོབ་གྲོས་ཚོགས་སོགས་མཁས་དབང་དང་གྲགས་ཅན་སྤྱི་སྒེར་གནད་ཡོད་ཧ་ཅང་མང་པོས་རྒྱབ་སྐྱོར་ཐོབ་དང་ཐོབ་བཞིན་ཡོད།  རྒྱ་དམར་གུང་ཁྲན་ དཔོན་རིགས་ཚོས་ཀྱང་བོད་དོན་འདི་བཏང་ན་རྫ་མ་ཆག་མ་བཏང་ན་ལག་པ་འཚིགས་པའི་དཔེ་ལྟར་དངོས་དོན་དང་མཐུན་པའི་ལག་ལེན་བསྟར་མ་ཐུབ་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ལ་ངང་སྒུག་བྱེད་པ་དང་།  ཕྱོགས་གཞན་ནས་བོད་ ནང་རྒྱ་མི་གནས་སྤོས་ཀྱིས་བོད་ཡུལ་རྒྱ་ཡུལ་ཏུ་སྒྱུར་རྒྱུའི་ཆེད་དུ་བཙན་བྱོལ་ནང་བོད་མི་ཀླད་སྟོང་ལྟ་ལོག་པ་ཁག་གཅིག་བེད་སྤྱད་ནས་དཀྲོག་གཏམ་སྣ་ཚོགས་ཁྱབ་སྤེལ་གྱིས་དུས་ཚོད་སྐྱེལ་ཐབས་བྱེད་བཞིན་པ་རེད།  དེར་བརྟེན་ད་ལྟ་རྒྱལ་བ་རིན་པོ་ཆེ་སྐུ་འཚོ་ བཞུགས་ཡོད་པའི་གོ་སྐབས་བཟང་པོ་འདིར་བོད་དོན་ལ་བར་ཆད་ཤོར་ན་དེའི་ཉེས་འགན་ནི་བཙན་བྱོལ་ནང་བོད་མི་རྒྱ་དམར་གུང་ཁྲན་གྱི་རྒྱུག་ཁྱི་བྱེད་མཁན་ཚོས་ཁུར་དགོས།

༨༽   དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་སྤྲང་པོའི་ལྟོ་སློང་སློང་བྱེད་པའི་བྱ་སྤྱོད་དེའི་ལག་པ་ཡ་གཅིག་བཟེད་ས་དེ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཆགས་ཡོད།  བོད་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་སྤྱིའི་རྒྱལ་ཁབ་ཕལ་ཆེ་བ་ད་ལྟའི་ཆར་རྒྱ་ནག་ལ་ངོ་ལོག་ཟིན་པ་རེད།  ལག་པ་ཡ་གཅིག་ཆད་ཚར་བ་དེ་ཁྱེད་རང་གིས་ཚོར་གྱི་འདུག་གམ།

ལན།     དབུ་མའི་ལམ་གྱི་སྲིད་བྱུས་ནི་བདེན་པ་དང་འཚེ་བ་མེད་པ་གཞི་རྩར་བཞག་སྟེ་དངོས་ཡོད་གནས་སྟངས་དང་འཚམས་པའི་རྣམ་དཔྱོད་ཀྱི་ཐོག་ནས་བདེན་པ་བདེན་ཐོག་ཏུ་འཁྱོལ་བ་བྱེད་བཞིན་པ་ཡིན་སྟབས་དེ་ལ་ཨ་རི་དང་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཁག་ གིས་མཚོན་པའི་དྲང་བདེན་ལ་དགའ་བའི་དབུ་འཁྲིད་དང་།   གྲོས་ཚོགས། ཚོགས་པ་ཁག་ནས་རྒྱབ་སྐྱོར་ལ་འགྱུར་བ་མེད་པར་སྔར་ལྷག་གནས་ཡོད་པར་རྒྱ་དམར་སྲིད་གཞུང་དངངས་འཚབ་སྐྱེས་ནས་ཐབས་ལམ་སྣ་ཚོགས་ཀྱིས་རྒྱུག་ཁྱི་དག་ལ་དཀྲོག་གཏམ་སྤེལ་བཅུགས་པ་འདི་རེད།  དེ་མིན་འཁོས་ཞན་དཔལ་འབྱོར་དོན་གཉེར་བ་རྒྱལ་ཁབ་ཆུང་གྲས་རེ་གཉིས་སྒེར་གྱི་དཔལ་འབྱོར་ཁེ་ཕན་ ཆེད་རྒྱ་གཞུང་ལ་སྤྲེལ་ལད་འཁྲབ་པ་དེ་ཚོ་དོན་དམ་པས་དགའ་ཞེན་གྱིས་ངོ་ལོག་པ་ཞིག་ཡིན་པ་མཚོན་མི་ཐུབ།  དེ་ནི་ཁོ་རང་ཚོ་ རང་གི་གནས་སྐབས་ཁེ་ཕན་ཙམ་ལས་ང་ཚོའི་བདེན་དོན་ལ་འགྱུར་བ་གང་ཡང་གཏོང་མི་ཐུབ།

༩༽   དུས་ཚོད་འདི་འདྲ་ཞིག་ལ་ཁྱེད་རང་གིས་བོད་མི་མང་བློས་བཏང་པ་ཡིན་ན་ངས་བོད་ཀྱི་ལོ་རྒྱུས་ལ་འགན་བླངས་པ་ཡིན།  བོད་ཀྱི་རྩ་དོན་ལ་འཁུར་བླངས་པ་ཡིན་ཟེར་ན་སྐད་ཆ་དེ་མི་སུའི་རྣ་བར་འགྲོ་གི་རེད་ཨ།

ལན།     དབུ་མའི་ལམ་གྱི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱི་དྲི་བ་འདི་ཉིད་བཟོ་དགོས་པའི་དམིགས་འབེན་གཙོ་བོ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཟུར་ཟ་བྱེད་རྒྱུ་དེ་ཡིན་པ་འདི་ནས་གསལ་པོ་ཤེས་ཐུབ།   འདས་པའི་མི་ལོ་བཅུ་ཕྲག་ནང་བོད་རྒྱལ་ཁབ་དང་མི་ རིགས་ཟུངས་ཟད་ཀྱི་ནད་པ་སྨན་པས་བོར་བ་ལྟར་གྱི་ཉམ་ཐག་འ་ཆད་འུ་ཐུག་གི་གནས་སུ་གྱར་བའི་སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལས་ད་ཆ་བོད་མི་རིགས་ཆོས་དང་རིག་གཞུང་བཅས་པ་ཉམས་པ་སླར་གསོས་ཀྱིས་འཛམ་གླིང་འདིའི་སྟེང་གསོན་པོར་གནས་ཐུབ་པ་དང་། གཞིས་བཞུགས་བོད་རྒྱ་ཆེའི་མི་མང་གི་ ཡིད་ཆེས་དང་རེ་བ་བློ་གཏད་བཅོལ་ས་དེ་རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་ཁོ་ན་དང་།   ཁོང་གིས་ལམ་སྟོན་དབུ་འཁྲིད་བཟང་ པོའི་འོག་ཡོད་པའི་མང་གཙོའི་ཀ་བ་གསུམ་ལྡན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཐུགས་འགན་བཞེས་བཞིན་པ་འདི་བོད་དོན་ བློས་བཏང་པ་རེད་ཟེར་གྱི་ཡོད་དམ། བོད་སྤྱི་པའི་དོན་དུ་ལྷག་བསམ་རྣམ་དག་གི་བསམ་བློ་ཡོད་པ་ཞིག་ཡིན་ན་བོད་དོན་བདེན་ མཐའ་གསལ་བའི་ནུས་པ་ཡོད་པ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁོ་ན་མ་གཏོགས་གཞན་སུ་ལ་ཡོད་དམ།   མདོར་ན་ཡོངས་གྲགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འགན་ཆེན་པོ་བཞི་ཡོད་པ་ནས་གསུམ་པ་དེ་བོད་དོན་མ་ཡིན་ནམ།

༡༠༽  བོད་ཀྱི་འབངས་མི་སེར་ཁྲོད་ནས་ལྟོ་གོས་གཏམ་གསུམ་ཚང་མ་གྱོང་བཏང་ནས་བོད་ཕྱི་ནང་གཉིས་ཀྱི་བོད་དོན་འཐབ་རྩོད་ལ་ངར་ཤུགས་ཅན་དང་གཏོང་ཕོད་ཅན་སྙིང་སྟོབས་ཅན་དེ་ཚོ་བློས་བཏང་ནས།  དབུ་མའི་ལམ་ཟེར་བ་དེ་ལ་ཤི་འཐམ་རོ་འཐམ་བྱེད་བསྡད་དགོས་ཡག་དེ་ག་རེ་ཡིན་ནམ།

ལན།     འདས་པའི་མི་ལོ་བཅུ་ཕྲག་གི་རིང་བསྟན་པ་ཆབ་སྲིད་ཀྱི་དོན་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་གྱི་དཔའ་བོ་ཕོ་མོ་རྣམས་ཀྱི་རེ་འདོད་མངོན་དུ་གྱུར་ཕྱིར་དབུ་མའི་ལམ་གྱི་སྲིད་བྱུས་ནི་བདེན་པ་གཞི་རྩར་བཞག་ སྟེ་དངོས་ཡོད་གནས་སྟངས་དང་འཚམས་ཤིང་ཁ་བཤད་ལག་སྟོང་མ་ཡིན་པར་དོན་འབྲས་སོན་ཐུབ་པའི་ཐབས་ལམ་བླ་ན་མེད་པ་དེ་ཡིན།  གོང་དུ་གསལ་བ་ལྟར་དབུ་མའི་ལམ་ལ་འཛམ་གླིང་གི་དབུ་འཁྲིད་མང་པོ་དང་།  རྒྱ་རིགས་ཤེས་ཡོན་ཅན་གྱིས་མཚོན་པའི་རྒྱ་མི་རིགས་མང་པོ། བོད་ཕྱི་ནང་གཉིས་ནས་རྒྱབ་སྐྱོར་ཚད་མཐོན་པོ་ཐོབ་ཡོད།   དེ་ལས་ལྷག་པའི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ ཐབས་ལམ་ཡང་དག་པ་ཡོད་པའི་བདམ་ཀ་གཞན་ཞིག་ད་བར་སུས་ཀྱང་བསྟན་ཐུབ་པ་བྱུང་མེད།

  ༡༡༽  དབུ་མའི་ལམ་དེ་བོད་ཀྱི་བདེན་མཐའ་གསལ་ཐབས་ཟེར་བ་ཕར་ཞོག  སྲིད་བྱུས་དེས་བོད་མི་ནང་ཁུལ་དུམ་བུར་བཏང་པའི་དགྲ་བོ་རྒྱ་དམར་པོའི་ལག་ཆ་ཞིག་ཏུ་གྱུར་ཟིན་པ་ཁྱེད་རང་གིས་ད་དུང་ཡང་ཤེས་མ་བྱུང་ངམ།

ལན།     དབུ་བའི་ལམ་གྱི་དགོས་དོན་དོར་ཐབས་མེད་པ་གཅིག་ནི་རྒྱ་དམར་གཞུང་གིས་བོད་ཡུལ་དུམ་བུ་ལྔ་ལ་བཅད་ནས་ཁག་བགོས་པའི་བོད་ཆོལ་ཁ་གསུམ་དེ་གཅིག་ཏུ་བསྒྲིལ་ནས་སྐྱིད་ན་སྐྱིད་མཉམ་དང་སྡུག་མཉམ་གནས་ཐུབ་པ་བྱེད་རྒྱུ་དེ་རེད།    དེ་ལས་ལྡོག་སྟེ་དངོས་ཡོད་གནས་ཚུལ་དང་མཐུན་པའི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཐབས་ལམ་འདི་ཡིན་མེད་པར་ཁ་སྟོང་ཚིག་སྟོང་གིས་དབུ་མའི་ལམ་གྱི་རླབས་ཆེན་ལས་དོན་ལམ་དུ་འགྲོ་མི་བཅུག་པའི་འགོག་རྐྱེན་བཟོ་མཁན་དེ་ཚོས་ཆོལ་ཁ་དང་ཆོས་བརྒྱུད་ལུང་མཚན་ནང་ཁུལ་དུ་གཞི་མེད་དཀྲོག་གཏམ་སྤེལ་ནས་བོད་མིའི་ཆིག་བསྒྲིལ་གཏོར་བཤིག་གཏོང་བ་དེ་རིགས་རྒྱ་དམར་གྱི་ལག་ཆ་ངོ་མ་དེ་ཡིན་པ་རྒྱ་ཆེའི་མང་ཚོགས་ཀྱིས་གསལ་པོ་མཁྱེན་གྱི་རེད།

༡༢༽   དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱ་གཉིས་ཕན་ཟེར་གྱི་འདུག   དགྲ་བོ་རྒྱ་དམར་ལ་གང་ཕན་པའི་ཕན་རབས་བོད་ལ་གང་ཕན་པའི་ཕན་རབས་ཤིག་ཤོད་ཡས་ཨ་ཡོད།  མ་གཞི་ནས་དགྲ་བོ་རྒྱ་དམར་ལ་ཕན་པ་སྒྲུབ་དགོས་པའི་ལས་འགན་དེ་ཁྱེད་རང་ལ་སུས་སྤྲད་སོང་།

ལན།     དེང་དུས་རབས་ཉེར་གཅིག་པ་འདིར་འཛམ་གླིང་ཞི་བདེ་གནས་དགོས་ན་དཀའ་རྙོག་མཐའ་དག་འབྲེལ་མོལ་གྱི་ལམ་ནས་སེལ་དགོས་ཤིང་།  དེས་ན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཐབས་ལམ་བཟང་ཤོས་དེ་ཡིན་པ་རྒྱལ་སྤྱིའི་ནང་བློ་གཟུ་བོར་གནས་པའི་དབུ་ འཁྲིད་དང་མཁས་དབང་སོགས་གནད་ཡོད་མི་སྣ་མང་པོས་བསྔགས་བརྗོད་ཞུ་བཞིན་ཡོད་པ་དང་། དབུ་མའི་ལམ་གྱི་ཐོག་ནས་བོད་ རྒྱའི་དཀའ་རྙོག་སེལ་ཐུབ་པ་ཡིན་ན་དེ་ནི་འཛམ་གླིང་ནང་ཞི་མཐུན་གྱི་མིག་དཔེ་ཡག་ཤོས་ཤིག་བསྟན་ཐུབ་པ་སྨོས་ཅི་དགོས།  བོད་རྒྱ་ཕྱོགས་གཉིས་ཀར་ཕན་རབས་རྒྱུ་མཚན་ཁུངས་འཕེར་ཡོངས་བསྒྲགས་སུ་ཡོད་པ་ཉི་ཤར་སྤར་མོས་འགོག་ཐབས་བྲལ་བ་ཡོད་ཀྱང་།    ཁྱོད་འདྲ་བ་ལ་ཆོས་རྗེ་ས་པཎ་གྱིས།  བཟང་ངན་མི་ཤེས་དྲིན་བྱས་བརྗེད། །ངོ་མཚར་གཏམ་ལ་མཚར་མི་འཛིན།  །མངོན་སུམ་མཐོང་ བ་སླར་ཡང་འདྲི། །ཞུམ་ཞིང་རྗེས་འབྲང་བླུན་པོའི་རྟགས། གསུངས་པ་ལྟར་དང་། དེ་བཞིན་དགྲ་བོ་རྒྱ་དམར་ལ་ཕན་པ་བསྒྲུབ་པའི་ ལས་འགན་ཡང་རྗེ་ས་པཎ་གྱིས། དུག་གི་ཚེར་མ་བཏོན་པ་བཞིན། །དགྲ་བོ་རྩད་ནས་བཅད་དོ་ཞེས། །རྒྱལ་པོ་ལུགས་ལས་བྱུང་མོད་ ཀྱང་། །བུ་བཞིན་བསྐྱངས་ན་བུ་བཞིན་བྱེད། གསུངས་པ་དང་། དེ་བཞིན་ལུགས་ཀྱི་བསྟན་བཅོས་ལས། ལྷ་དང་དྲང་སྲོང་སྟོབས་ལྡན་རྒྱལ། །ཐབས་མཁས་བསོད་ནམས་ལྡན་པ་ཡིས།  །ཚིག་ཙམ་གྱིས་ཀྱང་ཕན་གནོད་ཆེར།  །ནུས་ན་བྱ་བས་ལྟ་ཅི་སྨོས།  ཞེས་གསུངས་པ་བཞིན་སྐྱེས་བུ་དམ་པའི་ཐབས་མཁས་ཀྱི་མཛད་པ་རྣམས་ཐ་མལ་པ་རྣམས་ཀྱི་བསམ་བློའི་ནང་ཤོང་མི་ཐུབ།

༡༣༽   ག་རེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས།   དབུ་མའི་ལམ་གྱི་སྲིད་བྱུས་པང་ལ་ཉར་ནས་སྡོད་མཁན་ཚོས་ཉིན་མཚན་མེད་པར་དེ་སྒོམ། ཡོད་ཚད་བློས་བཏང་ནས་དེ་ལ་རེ་བ་བརྒྱབ།  དེང་སང་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེའི་བྲོ་བ་མྱོང་བཞིན་ཡོད་རེད། བྱས་ཙང་ཧོང་ཀོང་གི་གནས་ཚུལ་ལ་ལྟ་གི་ཨ་ཡོད།

ལན།     ད་ལྟའི་ཆར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་ཡིག་ཆ་རྒྱ་གཞུང་ལ་སྤྲད་པ་དེར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྐད་ཆ་མེད། དབུ་མའི་ལམ་གྱི་སྲིད་བྱུས་པང་ལ་ཉར་ནས་ཉིན་མཚན་མེད་པར་སྒོམ་གྱི་ཡོད་ན་དེ་ནི་བོད་སྤྱི་པའི་རྩ་དོན་ལ་ཚུལ་མཐུན་གྱིས་འགན་འཁུར་ལེན་པ་ཞིག་རེད།  ཡོད་ཚད་བློས་བཏང་ཟེར་བ་དེ་སུ་ལ་ཁག་ངན་གཡོགས་རྩིས་ཡིན་ནམ།  ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་རྒྱ་དམར་གྱིས་བཙན་འཕྲོག་བྱས་ཟིན་པ་དེ་རང་མོས་ཀྱིས་ཡོད་ཚད་བློས་ བཏང་པ་རེད་ཟེར་གྱི་ཡོད་དམ།   དབུ་མའི་ལམ་གྱི་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་ཡིག་ཆ་རྒྱ་དམར་གཞུང་ལ་སྤྲད་པ་དེའི་དོན་ཚན་དྲུག་པར་རང་སྐྱོང་གི་ངོ་བོ་དང་སྒྲོམ་གཞི་ཁ་གསལ་བཀོད་ཡོད་པ་དེར་རང་སེམས་རྣལ་དུ་ཕབ་ནས་བལྟས་ན་རྒྱུ་མཚན་ཡང་དག་ཤེས་ཐུབ། བོད་ནི་གནའ་དུས་ནས་རང་བཙན་རྒྱལ་ཁབ་གཅིག་ཡིན་པར་སོང་ དབུ་མའི་ལམ་ལ་གདེང་ཚོད་དང་ལྡན་པའི་ཐོག་ནས་དགོས་འདུན་སྟོན་ཡོད། ཧོང་ཀོང་གནའ་དུས་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་མ་ཟད།  ཧོང་ཀོང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེར་ཡང་ཚད་གཞི་དང་དུས་བཀག་ཡོད།  དེར་བརྟེན་བོད་དང་ ཧོང་ཀོང་གཉིས་ཀྱི་ལོ་རྒྱུས་གནས་སྟངས་ཐ་དད་ཡིན་པ་དེ་མི་མཐུན་བཞིན་དུ་ཞྭ་དཔེ་ལྷམ་བཀབ་ཀྱིས་མཚུངས་བསྡུར་བྱེད་པ་ནི་ རྨོངས་རྟགས་རེད།  མ་གཞི་ནས་སྲིད་དོན་ཟེར་བ་དེ་རྒྱུན་དུ་དབང་ཆ་དང་ཐོབ་ཐང་རྩོད་རྒྱུ་དང།  ནུས་ཤུགས་སྤེལ་རེས་བྱེད་རྒྱུ་ནི་ ཆོས་ཉིད་ཞིག་ཡིན་སྟབས་རྙོག་གླེང་རྩ་བ་ནས་མེད་པ་ཞིག་ཡོང་རྒྱུ་དཀའ། གཙོ་བོ་བོད་རིགས་གཅིག་བསྒྲིལ་གྱི་གོང་བུའི་ནུས་ཤུགས་དེ་གལ་ཆེན་པོ་ཡིན།  དེར་བརྟེན་རྒྱ་དམར་གྱིས་བོད་ནང་དུམ་བུར་བཏང་ནས་དབང་བསྒྱུར་བྱས་པ་དང་།   བཙན་བྱོལ་ནང་ཆོལ་ ཁ་དང་། ལུང་ཚན། ཆོས་ལུགས།  རྩ་དོན་བསྒྲུབ་བྱའི་བསམ་ཚུལ་མི་འདྲ་བའི་དབར་དཀྲོག་གཏམ་དཀྲུགས་ཤིང་གི་ལས་འགུལ་སྤེལ་བཞིན་པ་དེ་བོད་མིའི་གཅིག་བསྒྲིལ་མེད་པ་བཟོས་ནས་རྒྱ་དམར་གྱི་འདོད་དོན་སྒྲུབ་ཐབས་ཡིན་པ་མང་ཚོགས་གྱིས་མཁྱེན་ཐུབ།

༡༤༽ དབུ་མའི་ལམ་ཟེར་བའི་གུང་ཕྲན་གྱི་བྱུས་ངན་དེའི་རིས་སུ་སོང་ན།  བོད་ཀྱི་ལོ་རྒྱུས་ལ་སྙིང་པོ་མེད་པ།  བོད་རང་བཙན་ལ་རྒྱབ་ལྗོངས་མེད་པ། བོད་མི་མང་ལ་ནུས་པ་མེད་པ།  བོད་ཀྱི་སྲོལ་རྒྱུན་རིགས་གཞུང་ལས་ཀྱང་རྒྱ་གར་གྱི་ཨ་ཁུ་གཽཏཾ་མའི་ནང་ཆོས་རིག་གཞུང་རྩ་ཆེ་བ་མཐོང་གི་རེད་ཟེར་བ་དེ་བདེན་པ་རེད་དམ་མ་རེད།

ལན།     དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་ལོ་རྒྱུས་ལ་སྙིང་པོ་མེད་པ། བོད་རང་བཙན་ལ་རྒྱབ་ལྗོངས་མེད་པ། བོད་མི་མང་ལ་ནུས་པ་མེད་པ།  ཟེར་བ་དེ་སུས། ག་དུས། ག་པར་བཤད་འདུག  འཛུབ་སྟོན་གྱིས་དང་།  དབུ་མའི་ལམ་ནི་འདས་པའི་ལོ་རྒྱུས་ཀྱི་བོད་རང་བཙན་ཡིན་པ་དེ་རྩ་བར་ཟིན་ནས་རྒྱུ་མཚན་ཡང་དག་གི་སྒོ་ནས་བོད་མི་རིགས་རྩ་བརླག་མི་འགྲོ་བ་དང་།  ཆོས་དང་རིག་གཞུང་སྐད་ཡིག་ འཁོར་ཡུག་རྣམས་སྲུང་སྐྱོབ་ཐུབ་ཐབས་སུ་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་ཞིག་ལག་བསྟར་བྱེད་བཞིན་པ་དེར་མངོན་སུམ་ལ་བསྙོན་པའི་ལོག་འགྲེལ་བྱེད་པ་ནི་རྒྱ་དམར་གྱི་ལས་འགན་སྒྲུབ་པ་མིན་ན་ཅི་རེད།  བོད་ཀྱི་སྲོལ་རྒྱུན་རིག་གཞུང་ཐོག་བོད་ལ་ནང་ཆོས་ཆུ་ འགོ་གངས་གཏུགས་ཀྱིས་རྒྱ་གར་ནས་དར་བ་ཡིན་པ་དེར་སྲིད་དོན་གྱི་ལོག་བཤད་བྱེད་ས་གང་ཡང་མེད་པ་དང་། འཚེ་བ་མེད་པའི་ལྟ་བ་ནི་ལོ་སྟོང་ཕྲག་སྔོན་ནས་དར་བའི་རྒྱ་གར་གྱི་རིག་གཞུང་བཟང་པོ་ཞིག་ཡིན་པ་དེར་མི་འདོད་པ་ནི་དྲག་སྤྱོད་རིང་ལུགས་པའི་རང་གཤིས་ངན་པ་ཞིག་རེད།  ལར་ནས་ཨ་ཁུ་གཽཏཾ་གྱི་ནང་ཆོས་ཞེས་ཁྱད་གསོད་ཀྱི་ཚིག་བེད་སྤྱོད་གཏོང་ཕོད་པ་ནི་དམ་ལོག་གི་རང་མདོག་དངོས་སུ་བསྟན་འདུག

༡༥༽ དབུ་མའི་ལམ་ལ་རྒྱབ་སྐྱོར་མང་པོ་ཐོབ་ཀྱི་འདུག་ཟེར། རྒྱ་རིགས་མཁས་པས། ག་རེའི་རྒྱ་རིགས་མཁས་པ། རྒྱ་རིགས་རྩོམ་པོ་ཨར་པིས་བོད་རྒྱ་ཞི་མོལ་ལ་ལྟ་བ་ཟེར་བ་དེའི་ནང་ངྷ་ས་དང་པེ་ཅིང་བར་གྱི་གྲོས་མོལ་དེ་གསལ་སྟོན་བྱས་ཡོད་རེད། དེབ་དེ་ཡག་པོ་བཀླག་རྒྱུ་ཨ་བྱུང་།

ལན།     དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་རིགས་ཤེས་ཡོན་ཅན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པོ་དང།   ཤེས་ཡོན་ཅན་ཝང་ལི་ཞོང་། ཀྲང་ཙུང་ཧ། དགེ་རྒན་ཆེན་མོ་ལྕམ་ཏིང་ཙི་ལིན། ཁྲིམས་ལུགས་མཁས་དབང་ཡུའི་ ཧའོ་ཁྲེན། ཁྲིམས་རྩོད་པ་ཀྲུའུ་ཅིའུ་ཧུ་ཡི་སོགས་གྲགས་ཅན་མི་སྣ་སྟོང་ཕྲག་བརྒལ་པས་ཆེད་རྩོམ་ཡོངས་གྲགས་སུ་སྤེལ་ཡོད་པ་རྣམས་སྣང་མེད་དུ་བཞག་ནས།  རྒྱ་གཞུང་གིས་ཆེད་གླས་རེ་ཟུང་གི་རྩོམ་བྲིས་དམིགས་སུ་བཀར་ནས་བརྒྱུད་བསྒྲགས་བྱེད་པ་ནི་རྒྱ་དམར་གྱི་རྒྱུག་ཁྱི་ཚོའི་ལས་འགན་ཡིན་པ་ཤེས་ཀྱི་ཡོད།

༡༦༽  མང་གཙོ་ལ་དགའ། བོད་ཀྱི་མང་གཙོ་དེ་རྒྱལ་བ་རིན་པོ་ཆེའི་དགོངས་པ་རྩ་ཆེན་པོ་ཞིག་རེད། དབུ་མའི་ལམ་གྱི་མི་རིགས་ས་ཁོངས་རང་སྐྱོང་ཟེར་བ་དེའི་ནང་གུང་ཕྲན་གྱི་འདོད་པ་དང་བསྟུན་ནས་མང་གཙོ་མེད་པ་བཟོས་ཡོད་རེད། དབུ་མའི་ལམ་འདེམས་ཀྱི་ཡིན་དང་། བོད་ཀྱི་མང་གཙོ་འདེམས་ཀྱི་ཡིན།   གཅིག་གསུངས་དང་།

ལན།     དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་མི་རིགས་རང་དབང་སྲུང་སྐྱོབ་ཐུབ་པ་བྱ་རྒྱུ་ནི་ནད་ཐོག་སྨན་འཁེལ་གྱི་ཐབས་ལམ་ཞིག་ཆགས་ཡོད།   བོད་ནང་གི་ཛ་དྲག་གནས་སྟངས་ལ་བསམ་ཤེས་ཡེ་ནས་མ་བྱས་པར་རང་དབང་ལུང་པར་རང་མགོ་གང་ཐོན་གྱིས་རྒྱགས་གཏམ་བཤད་ནས་བསྡད་པ་ཡིན་ན་ནམ་ཞིག་བོད་ཡུལ་ཡོངས་རྫོགས་རྒྱ་ཡུལ་དུ་བསྒྱུར།  བོད་མི་རིགས་སྐད་ཡིག་རིག་གཞུང་དང་བཅས་པ་རྩ་མེད་གཏོང་རྒྱུའི་རྒྱ་དམར་གྱི་བྱུས་ངན་དེ་འགྲུབ་རྒྱུ་ལས་མ་འདས།

༡༧༽  མི་རང་རང་སོ་སོས་དགའ་མོས་ཆེན་པོ་བྱེད་སའི་མི་རེ་རེ་ཡོད་རེད།  ཁྱོད་རང་བོད་ཀྱི་མི་རིགས་དང་། བོད་ཀྱི་མང་གཙོ། བོད་རྒྱལ་ཁབ་བཅས་ལ་དགའ་ཞེན་ཡོད་རེད།   ཁྱོད་རང་གིས་མི་གཅིག་དེ་འདེམས་ཀྱི་ཡིན་པ།  རྒྱལ་ཁབ་དེ་འདེམས་ཀྱི་ཡིན། མི་གཅིག་དེ་རྩ་ཆེན་པོ་བརྩི་ཡི་ཡིན་པ།  མི་རིགས་དེ་རྩ་ཆེན་པོ་བརྩི་ཡི་ཡིན།  མི་གཅིག་པོ་དེ་མེད་པ་ཆགས་སོང་ན་བོད་ལ་སྙིོང་པོ་མེད་པ་མཐོང་གི་ཡོད་དང་།  བོད་ཀྱི་མང་གཙོ་དེ་མེད་པ་ཆགས་ན་བོད་ལ་སྙིང་པོ་མེད་པ་ མཐོང་གི་ཡོད།

ལན།     བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོ། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས། ཞེས་༸གོང་ས་ ༸སྐྱབས་ མགོན་ཆེན་པོ་མཆོག་དང་འབྲེལ་བའི་དོན་ཚན་གསུམ་བཀོད་པ་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱིས་རྒྱུ་མཚན་ཡང་དག་གི་སྒོ་ནས་གཏན་ལ་ཕབ་པ་ཞིག་རེད།  གཞིས་བྱེས་བོད་མི་ས་ཡ་དྲུག་གི་ནང་ནས་བསོད་སྐམ་པ་རེ་ཟུང་ཞིག་མ་གཏོགས་དེ་མིན་༸གོང་ས་ ༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེར་བླ་ན་མེད་པའི་དགའ་དད་གུས་གསུམ་ཞུ་བཞིན་ཡོད་པ་དེར་སུས་ཀྱང་འགོག་རྐྱེན་བཟོ་མི་ཐུབ།  གང་ལགས་ཤེ་ན།  དེ་ནི་ཆོས་ཕྱོགས་ཁོ་ན་མ་ཡིན་པར་བོད་འཆི་གསོན་གྱི་མཚམས་སུ་གནས་པའི་ཛ་དྲག་གནས་སྟངས་འདིའི་སྐབས་སུ་བོད་མི་རིགས་དང་། བོད་ཀྱི་ཆོས་དང་རིགས་གཞུང་འཛམ་གླིང་ཐོག་མིང་མ་ཡལ་བར་གསོན་གནས་དང་དར་རྒྱས་ཐུབ་ པ་མ་ཟད།  བཙན་ བྱོལ་ནང་མང་གཙོ་ཟེར་ནས་རང་སྣང་གང་དྲན་རྐང་བརྐྱངས་ལག་བསྣར་བྱེད་ས་ཡོད་པ་འདི་རྒྱལ་བ་རིན་པོ་ ཆེའི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ཡིན་པ་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་རེད།    ༸གོང་ས་ ༸སྐྱབས་མགོན་ རྒྱལ་བའི་དབང་པོ་མཆོག་དང་བོད་མི་མང་དབར་མགོ་དང་འཇིང་པ་ཡ་བྲལ་ཐབས་མེད་པ་དེས་རྒྱ་ནག་དམར་པོའི་འགོ་འཁྲིད་ཚོའི་སྙིང་ལ་ཚེར་མའི་རང་བཞིན་དུ་གྱུར་ཏེ་རྒྱལ་ཚོང་རྒྱུག་ཁྱི་ཚོར་དཀྲོག་གཏམ་དཀྲུག་ཤིང་བཟོ་རྒྱུར་ཐབས་ཤེས་སྣ་ཚོགས་ཀྱིས་ལས་འགུལ་སྤེལ་བཞིན་ཡོད་པ་རེད།   དེ་ཡང་ཆེ་ས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ལ་བར་ཆད་བཟོ་ཐུབ་ ཐབས་དང་། བོད་མིའི་སྒྲིག་འཛུགས་གཏོར་བཤིག་གཏོང་ཐབས།  བཙན་བྱོལ་སྤྱི་ཚོགས་ནང་རྫུན་གཏམ་སྣ་ཚོགས་དྲིལ་བསྒྲགས་ ཀྱིས་ཆིག་བསྒྲིལ་མེད་པ་བཟོས་ནས་གཞིས་བཞུགས་མི་མང་སེམས་ཤུགས་གཅོག་ཐབས་སོགས་ལ་འབད་རྩོལ་ལུ་གུ་རྒྱུད་དུ་བྱེད་ བཞིན་པ་བཅས་གསལ་པོ་རེད།   འོན་ཀྱང་དེ་ལ་གྲུབ་འབྲས་སྣ་གཅིག་ཐོབ་རྒྱུ་མེད་པ་མ་ཟད་རྒྱུག་ཁྱི་ཚོའི་རང་མདོག་དམར་རྗེན་དུ་གསལ་བཞིན་པ་རེད།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་ མཐའ་དག་ལྷུན་གྱིས་འགྲུབ་པ་དང་།   གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་ སྨོན་ལམ་བཅས།།    བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག། །།

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 1

  1. ཚེ་བརྟན་འགྱུར་མེད། says:
    ལོ་ 5 སྔོན།

    ཚེ་རིང་སྲི་བརྟན་ལགས་ནས་ལན་ཡག་པོ་ཞུས་འདུག་པར་ཐུགས་རྗེ་ཆེ་ལགས།
    ་་་
    གནམ་འོག་གསར་འགྱུར་ཟེར་བ་ནས་༸གོང་ས་མཆོག་ནས་དམངས་གཙོའི་ཐོབ་ཐང་གནང་བ་དེ་ལེན་ནས་དབུ་མའི་ལམ་ལ་འཁྱོག་བཤད་ཀྱི་སྐྱོན་བརྗོད་ཞུ་རྒྱུ་དེ་ཤེས་རེད། ཡིན་ཀྱང་བོད་པའི་དཔེ་ལ། རྟ་ཕོ་ལ་རྒྱུགས་ཤེད་ཡོད་ན་བྱང་ཐང་སྟོང་པ་རེད་ཟེར་པ་ཤེས་ཨེ་ཡོད། དེ་ཤེས་ན་སྟོན་དང་། སྟོན་རྒྱུ་ཡོད་ན་བསྟན་པས་མིའི་མཐོང་། ཤེས་ནས་མོས་གུས་ཀྱི་རྒྱབ་བསྐྱོར་ཐོབ། དེ་མིན་ཚིགས་སྐམ་པོའི་ང་རྒྱལ་ལས་གཞན་ཅི་ཕན།

    དབུ་མའི་ལམ་ནི་༸གོང་ས་མཆོག་བོད་མིའི་ཡང་དག་པའི་དབུ་འཁྲིད་ཡིན་པའི་ལས་འགན་གྱི་ཆ་ནས་བོད་རྒྱ་གཞི་མོལ་གྱི་སྲིད་བྱུས་བཟང་ཤོས། གཞན་རྒྱལ་རང་རྒྱལ་གྱི་ལམ་བཟང་ཞིག་སྟོན་གནང་བ་མ་ཚད་ལམ་དེར་བོད་མི་རྒྱ་ཆ་ ༩༩ ལྷག་གིས་མོས་མཐུན་ཞུས་སྟབས་སྐྱབས་བཅོལ་བོད་མིའི་གྲོས་ཚོགས་ནས་ཀྱང་སྲིད་བྱུས་སུ་གཏན་འབེབས་བསྟུད་མར་ཞུས་པའི་སྲིད་བྱུས་ཤིག་ཡིན་ནོ། ཡིན་ཀྱང་ལམ་གཞན་རང་བཙན་སོགས་སུ་རྩོད་མི་ཆོག་པའི་བཙན་བཀའ་གནང་མེད་པ་མ་ཟད་ཡོད་ཆོག་པའི་བཀའ་ཡང་ཕེབས་ཡོད། དེ་ན་ནག་ཡིབ་ནས་མིན་པར་དངོས་སུ་རང་བཙན་ལ་བརྩོན་ཤོག བཤད་པར་མི་གཙོ་བརྩོན་པར་གཙོ་། གཞན་སྤོས་མེས་ཉི་མར་ཅི་འགྲན། སྙིང་རྗེའི་ཡུལ་ལས་མི་འདས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese