མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་རྒྱབ་སྐྱོར་བྱེད་དགོས་པའི་ཐུན་མིན་རྒྱུ་མཚན་བཅུ་གསུམ།

བོད་ཀྱི་དུས་བབ།
༢༠༢༠/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཕྱོགས་ཁུག་རྟ།

གླེང་སློང་།

ད་ཆ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱིས་ཚོགས་སྡེ་ཁག་གིས་འོས་མི་འདོན་ལམ་བཀག་ཟིན་པས། མི་མང་མི་རེ་ངོ་རེས་ནུས་པ་རྩལ་བཏོན་གྱིས་འོས་མིའི་སྐོར་ཤེས་རྟོགས་བྱེད་དགོས་པ་ནི་གཡོལ་ཐབས་མེད་པའི་ལས་འགན་ཞིག་ཆགས་ཡོད་ལ། རྒྱུ་མཚན་ཁོ་ནར་གཞི་བཅོལ་ཏེ་འོས་བསྡུའི་ལས་རིམ་ནང་ཞུགས་ཐུབ་ཚེ། བོད་སྤྱི་ལ་ཕན་ངེས་པ་ཐེ་ཚོམ་མེད་སྟབས། གུས་པས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་རྒྱབ་སྐྱོར་བྱེད་དགོན་དོན་ཡང་རང་སེམས་ཁོ་ནར་མ་བཞག་པར། གཟུར་གནས་བློ་ལྡན་རྣམས་ལ་ཞུ་བར་སྤྲོ་ལ། གུས་ལ་ཡིད་ཆེས་དང་རེ་བ་བྱེད་མཁན། དེ་བཞིན་རྒྱབ་སྐྱོར་ཞུ་ས་ནོར་བར་ངོས་འཛིན་གནང་མཁན་རེ་ཟུང་ཞིག་གིས་ཀྱང་དངོས་བརྒྱུད་གང་རུང་ནས་རྒྱུ་མཚན་ཅི་ཡིན་གྱི་དྲི་བ་རེ་འགའ་འབྱོར་སོང་བས། དེ་དག་ཚང་མར་དཀྱུས་གཅིག་ཏུ་ལན་འདི་ཕུལ་བ་ཡིན།

         ༡ བཀའ་ཟུར་མཆོག་ངོ་ཤེས་རིམ་དང་དེའི་རིང་གི་མྱོང་བ་ཕྱོགས་སྡོམ།

བཙན་བྱོལ་དུ་ཐོག་མར་འབྱོར་ཉིན་ནས་བཀའ་ཟུར་མཆོག་བོད་ཀྱི་རྩ་དོན་དང་འབྲེལ་ཏེ་ངོ་ཤེས་པར་གྱུར། དེ་ནས་ད་བར་མི་ལོ་ ༡༨ དང་། ལྷག་པར་གཞུང་དང་མི་མང་གི་སྲི་ཞུར་ཞུགས་ཁུལ་གྱི་ལོ་ ༡༣ རིང་གངས་ཅན་སྐྱིད་གཤོངས་སུ། བོད་ཀྱི་གནས་ཚུལ་ལ་ཞབས་ཞུ་དང་སློབ་སྦྱོང་ཟུང་འབྲེལ་བྱས་རིམ་ནང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ཡིད་ཆེས་བློ་གཏད་ཆོག་པའི་དབུ་ཁྲིད་ཚད་འཕེར་ཞིག་ཏུ་རྒྱུ་མཚན་རིམ་བརྩེགས་ལ་བརྟེན་ནས་ཡིད་ཆེས་ངེས་རྙེད་ཟབ་མོ་བྱུང་བས། དེ་སྔ་ ༢༠༡༨ ནས་༸གོང་ས་མཆོག་ལྷོད་བཞུགས་ཡོང་ཆེད་དང་བོད་མི་མང་གི་ཆེད་དུ་སྐུ་ངོ་མཆོག་ ༢༠༢༡ ལོར་སྲིད་སྐྱོང་དུ་བཞེངས་དགོས་ཀྱི་འདུག་ཅེས་གསོལ་འདེབས་ནན་ཆེར་ཞུས་པ་ཡིན།

         ༢ བོད་མིའི་ཞག་རྩི་ལྡན་པའི་མི་སྤུས་ཚད་ལོངས་པ་ཡོད་པ།

བོད་ཀྱི་རྩ་དོན་གྱི་སྙིང་པོ་རབ་ཏུ་ཕྱུག་པའི་བོད་ཀྱི་རིག་གནས་ལ་ཐུག་པས། བོད་ཀྱི་རིག་གནས་དང་དེའི་གཞི་རྟེན་བོད་ཀྱི་སྐད་ཡིག་ཉམ་ཆག་ཕྱིན་ཚེ། བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་སྙིང་པོ་བོར་ཟིན། བོད་ཀྱི་སྲིད་སྐྱོང་ནི་བོད་རང་གི་རིག་གནས་ལ་བཅོས་མིན་གྱི་ཡིད་ཆེས་ཐོབ་པ་ཞིག་དགོས་ཤིང་། ༸གོང་ས་༸སྐྱབས་མགོན་ཆེན་པོས་དེ་སྐྱོབ་ཐབས་ཀྱི་བཀའ་དགོངས་ལམ་སྟོན་རྣམས་ཚུལ་བཞིན་ལག་བསྟར་བྱེད་མཁན་ཞིག་དགོས་པས། བོད་ཀྱི་རིག་གནས་ཀྱིས་བསྐྲུན་པའི་མི་གཞི་ཚད་ལོངས་ཤིང་། ལས་འབྲས་གཙིགས་སུ་འཛིན་ཅིང་། དྲང་བདེན། ཡ་རབས། བཟང་སྤྱོད། གཞན་ཕན་བཅས་སྤྱི་སྒེར་གྱི་ལས་དོན་གང་གནང་ཁྲོད་དབྱེར་མེད་དུ་འདྲེས་པར་གནང་མཁན་ཞིག་ཡིན་པས། སྲིད་སྐྱོང་གི་གནང་སྒོའི་ཆ་ཐམས་ཅད་དུ་ཁོང་གིས་བོད་ཀྱི་རིག་གནས་སྙིང་པོར་གྱུར་བའི་ལས་དོན་ཐད་ཤུགས་བསྐྱོན་ངེས་པ་ནི་ཡིད་ཆེས་བློས་འགེལ་བྱས་ཆོག་པར་སྙམ།

         ༣ དུས་ཚོད་ཀྱི་ཛ་དྲག་རང་བཞིན་ལ་གདོང་ལེན་བྱེད་ཐུབ་པ།

༸གོང་ས་སྐྱབས་མགོན་ཆེན་པོ་དགུང་གྲངས་ ༩༥ སོན་མཚམས་ནི་བོད་མི་རིགས་ཀྱི་གནས་བབ་སྤྱི་ཡོངས་ནས་ཞུས་ན། ཟླ་བ་ཡར་ངོ་མར་ངོའི་དཀྱིལ་ཐིག་ཡིན། ད་ནས་རྩིས་པའི་མི་ལོ་ ༡༠ ནི་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ནང་ཤིན་ཏུ་གལ་གནད་ཆེན་པོ་ཆགས་ཡོད་པས། གནས་སྟངས་འདི་འདྲའི་སྐབས་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པས་སྤྱི་མིར་ངོས་འཛིན་ཡིད་ཆེས་ཐོབ་པ་ཞིག་སྲིད་སྐྱོང་དུ་ཐོབ་དགོས་པ། བོད་སྤྱི་པའི་དགོས་མཁོ་ཧ་ཅང་གལ་ཆེན་ཞིག་ཆགས་ཡོད་པས། དེ་ལྟ་བུའི་མི་ཞིག་ནི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་རང་རེད་སྙམ།

         ༤ ༸གོང་ས་མཆོག་བོད་མིའི་བླ་སྲོག་ཏུ་ངེས་ཤེས་རྙེད་ཅིང་བཀའ་དགོངས་སྒྲུབ་རྒྱུའི་མཐུན་རྐྱེན་འཛོམས་པ།

༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་གཞི་ལམ་སྟོན། མཚན་གྱི་གཟི་བརྗིད་ཚུན་ཆད་བོད་ཀྱི་བདེན་དོན་འཐབ་རྩོད་དང་ཁ་འབྲལ་ཐབས་མེད། ཇི་ཙམ་༸གོང་ས་མཆོག་གི་ལམ་སྟོན་འོག་ཤར་བསྐྱོད་ཐུབ་ན་བོད་ལ་རེ་བ་ཡོད་ཅིང་། དེ་མིན་བོད་ནང་རིམ་བསྒྱུར་རྩད་རྫོགས་ཀྱིས་བོད་མི་རྒྱ་མིར་བསྒྱུར་འགྲོ་བ་དང་། བཙན་བྱོལ་ནང་ཁ་འཐོར་ནས་རིམ་ཡལ་དུ་འགྲོ་ངེས་པའི་རྟགས་མཚན་གང་སར་མཐོང་རྒྱུ་ཡོད་པས། ༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལམ་སྟོན་གྱི་ཆ་ཙམ་ཡང་ལྷག་ལུས་མེད་པར་དུས་ལྟར་ལག་བསྟར་འབད་སྒྲུབ་ལ་གཞོལ་རྒྱུར། སྙིང་སྟོབས། བློས་གཏོང་། ཉམས་མྱོང་། ཞིབ་འཇུག། གཞོགས་འདེགས་བཅས་ཀྱི་ཆ་རྐྱེན་ཡོད་ཚད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་ཚང་འདུག་སྙམ།

      ༥ གཞིས་ལུས་མི་མང་གི་མངོན་འདོད་དང་གནས་སྟངས་ཚིག་ཙམ་མིན་པར་ཞིབ་ཏུ་མཁྱེན་པ།

བཀའ་ཟུར་མཆོག་བོད་དུ་འཁྲུངས་པ་དང་། བོད་ནས་ཕེབས་མཁན་ཚོའི་ནང་ཆབ་སྲིད་དང་འབྲེལ་བ་ཆགས་པའི་མི་སྣ་བརྒྱ་ཆ་དགུ་ཅུ་གོ་དགུས་ཞིབ་ཏུ་མཇལ་འཕྲད་ཞུས་ཡོད། ལོ་རབས་ ༨༠ ནང་བོད་དུ་གསང་བའི་ངང་རང་སྲོག་བློས་གཏོང་གིས་ཕེབས་པས། བོད་ནང་གི་བོད་མི་ཚོར་འཐབ་རྩོད་ཀྱི་སྙིང་སྟོབས་དང་རེ་བ་འཕར་མ་ཐོབ། གཉེན་འཕྲད་སྒོ་མོ་ཕྱེས་པ་ནས་གཞུང་སྒེར། གཞན་ཡང་ཕྱི་མི་སོགས་བརྒྱུད་བོད་ནང་གི་གནས་ཚུལ་མང་པོ་འབྱོར་ཡོད། ༡༩༩༧ ལོར་མང་མོས་ཐག་གཅོད་འོས་བསྡུའི་སྐབས་བོད་ནས་འབྱོར་བའི་བསམ་ཤོག་དང་། ༢༠༠༨ ལོར་དམིགས་བསལ་ཚོགས་ཆེན་བསྡུ་སྐོང་སྐབས་བོད་འབྱོར་བསམ་ཚུལ། ༢༠༡༡ ལོར་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་རྩིས་སྤྲོད་སྐབས་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་བསྡུ་སྐོང་སྐབས་བོད་ནས་དགོངས་ཚུལ་འབྱོར་ཡོད་པ་སོགས་ཀྱིས། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ཕུད། གཞིས་ལུས་བོད་མིས་དགོངས་ཚུལ་ཕུལ་ས་གཉིས་པ་མེད་པ་དང་ཟམ་པ་ལྟ་བུ་ཆགས་ཡོད་པས། བོད་ནང་གི་གནས་ཚུལ་ཞིབ་ཕྲ་མཁྱེན་རྟོགས་ཡོད་པ་བཀའ་ཟུར་འབྲོང་ཆུང་ལས་ལྷག་མེད་ཅེས་ཚིག་ཐག་བཅད་ནས་ཞུ་ཐུབ། གུས་པ་ལྟ་བུ་བོད་ནས་གསར་འབྱོར་གྲས་ཡིན་ཡང་། རང་གི་ཕ་ཡུལ་ཙམ་མ་གཏོགས། བོད་ཁྱོན་ཡོངས་ཀྱི་གནས་ཚུལ་ཞིབ་ཚགས་ཤེས་ཀྱི་མེད། བཀའ་ཟུར་མཆོག་ལས་འགན་གྱི་ཆ་ནས་བོད་ཁྱོན་ཡོངས་ནས་གནས་ཚུལ་ཞུ་ས་ལྟ་བུ་ཆགས་ཡོད། དེ་ཙམ་མ་ཟད། ཁོང་གིས་བོད་དུ་མི་མང་པོ་མྱུལ་ཞིབ་ཏུ་བཏང་ཡོད་ལ། ཡོངས་གྲགས་གསལ་བོ་ཆགས་པའི་དཔེ་མཚོན་གཅིག་ལ། བཙོན་ཟུར་ངག་དབང་འཆི་མེད་ལགས་སྔ་ཕྱི་ཐེངས་ ༥ ཙམ་བོད་དུ་བཏང་བ་ཁོང་གི་རྩོམ་ཡིག་”བརྗེད་དཀའ་བའི་བདེ་སྲུང་བཀའ་བློན་”ཞེས་པར་གསལ་འདུག་པ་བཅས་རྒྱུ་མཚན་ཚད་ཐུབ་གྲངས་མང་གིས་སྒྲུབ་ཐུབ་པ་ནི། བོད་ཁྱོན་ཡོངས་ཀྱི་གནས་སྟངས་ཞིབ་ཏུ་མཁྱེན་པའི་དབུ་ཁྲིད་ཅིག་ཡོད་པ་ནི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་རེད་སྙམ།

         ༦ གཞིས་ལུས་རྒྱ་ཆེ་མི་མང་གི་སྙིང་སྟོབས་རྒྱུན་སྲིང་དང་། བོད་མིའི་ཆིག་སྒྲིལ་གྱི་རྩ་བ་ཉམ་ཆག་འགྲོ་གཞི་གཏན་འགོག་ཐུབ་པ།

བོད་ནང་གི་དོན་གྱི་བདག་པོ་བོད་མི་ཚོའི་དགོངས་ཚུལ་དང་ཐུགས་རེ་མཁྱེན་གྱི་ཡོད་པས། ནམ་ཡང་གཞིས་ལུས་བོད་མི་ཚོ་སེམས་ཤུགས་ཆག་གཞིའི་ལས་དོན་ཚོད་འཛིན་ཐད། སྐུ་ངོ་མཆོག་གིས་ཕྱི་ནང་གསང་གསུམ་ནས་ལས་དོན་སྣ་མང་བསྒྲུབས་འདུག་པ་ཞིབ་ཏུ་བལྟས་ན་ཤེས། ༸གོང་ས་སྐྱབས་མགོན་ཆེན་པོ་འཛམ་གླིང་གི་༸སྤྱི་ནོར་ཡིན་པ་ལྟར། བོད་མི་ས་ཡ་དྲུག་གི་ཁོག་པའི་སྙིང་དང་དཔྲལ་བའི་མིག བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ནུས་པ་གོང་ན་མེད་པ་དེ་ཡིན། ཆོས་དང་ཆབ་སྲིད། སྤྱི་ཚོགས། མི་མང་གི་མངོན་འདོད་དང་སེམས་ཤུགས་སོགས་གང་ཅིའི་སྲོག་རྩ་༸གོང་ས་ཆེན་པོ་ཉག་ཅིག་ལ་ཐུག་ཡོད་པས། བཀའ་ཟུར་མཆོག་གིས་༸གོང་ས་མཆོག་གི་སྐུ་ཕྱྭར་གནོད་རིགས་དང་། མཚན་སྨད་ཟུར་ཟ་ཞུ་མཁན་ཚོར་གདོང་ལེན་མཐར་ཕྱིན་པ་གནང་ཡོད། དཔེ་མཚོན་ནི། བོད་ཀྱི་ལོ་རྒྱུས་ནང་གི་ཉེས་ཅན་པ། རྒྱ་དམར་གྱི་རྒྱུགས་ཁྱི་དོལ་རྒྱལ་ཚོགས་པའི་རང་མཚང་དམར་རྗེན་དུ་བཏོན་ཏེ། འཛམ་གླིང་ནང་སྐད་གྲགས་ཆེ་བའི་གསར་འགྱུར་བརྒྱུད་ལམ་ཐོག་ཁུངས་སྐྱེལ་ཐུབ་པ་བྱུང་ཡོད་ལ། རྒྱ་གར་གཞུང་དང་ཨ་རི་གཞུང་གཉིས་ཀར་དོལ་རྒྱལ་ཚོགས་པའི་བྱ་བྱེད་ལས་གསུམ་ངོ་སྤྲོད་གསལ་བོ་ཞུས་པས། ད་ཆ་ཁོ་པ་ཚོའི་གདོང་རིས་གསལ་པོ་ཆགས་ཡོད། དེ་བཞིན་མཚན་སྨད་ཞུ་མཁན་རྣམས་ལ་རྒྱུ་མཚན་ཚད་ལྡན་གྱི་ལམ་ནས་སྨྲ་བ་མེད་པའི་གནས་སུ་བཀོད་ཡོད་ཅིང་། མ་འོངས་སྐུ་ངོ་མཆོག་གི་བཀའ་ཤག་ནས་འདིའི་ཐད་དམིགས་བསལ་ཤུགས་སྣོན་རྒྱག་ངེས་སྟབས། བོད་མི་འཐོར་བཤིག་འགྲོ་གཞིའི་མཚན་སྨད་ཞུ་བའི་བྱས་ཉེས་འདི་རིགས་རྩད་ནས་མེད་པ་བཟོ་ངེས་པ་ཞུ་མ་དགོས་པས། བཀའ་ཟུར་མཆོག་ནི་ལས་དབང་གིས་བསམ་སྤྱོད་མ་རུང་བ་དེ་དག་གི་མགོ་གནོན་དུ་མངགས་པ་ཡང་མིན་ནམ་སྙམ།

         ༧ རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་རགས་པ་ཙམ་མིན་པར་ཞིབ་ཏུ་མཁྱེན་པ།

བཙན་བྱོལ་ནང་གི་མཐོ་རིམ་མི་སྣ་ཚོས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྲེལ་བཤད་གནང་སྐབས། ནམ་རྒྱུན་ཞིབ་ཚགས་དེ་ཙམ་མཐོང་གི་མེད། ཡིན་ཡང་། སྐུ་ངོ་འབྲོང་ཆུང་ལགས་ནི་དེ་ལས་ལྡོག་སྟེ། བོད་དུ་རྒྱ་མི་སླེབས་པ་ནས། རིག་གནས་གསར་བརྗེ། མི་མང་སྤྱི་ཁང་ཟེར་པ་སོགས་དང་། ལོ་རབས་བརྒྱད་ཅུའི་ནང་ཧུའུ་ཡའོ་པང་གི་སྐབས་ནས་ཚུགས་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཟེར་པ་ཁག དེ་བཞིན་རྒྱ་རིགས་ཤེས་ལྡན་གཟུར་གནས་པ་སྒེར་གྱི་བསམ་ཚུལ་རྩོམ་ཡིག་ཁག་དེ་སྔ་བདེ་སྲུང་ཉམས་ཞིབ་ཁང་ནས་བོད་བསྒྱུར་གནང་ཡོད་པ་དག བདེ་སྲུང་ཉམས་ཞིབ་ཁང་གིས་བཏོན་པའི་རྒྱ་བོད་འབྲེལ་བའི་ལོ་རྒྱུས་སྐོར་གྱི་ཁུངས་གཏུག་སའི་དེབ་“གཏམ་དོན་ཚན་དྲུག་ཅུ་པ།” བདེ་སྲུང་བཀའ་ཟུར་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་རྒྱའི་ཡིག་ཚང་ནས་བོད་འབྲེལ་ལོ་རྒྱུས་ཟུར་བཏོན་གནང་བ་དཔར་བསྐྲུན་བྱས་པས་མཚོན། བགྲང་མི་ཚར་པའི་གནས་ཚུལ་མང་པོའི་ཐད་དངོས་སུ་ལམ་སྟོན་ཕྱག་ལས་གནང་ཙང་། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་གོ་རིམ་དང་། འགྱུར་བ། ཞི་དྲག་གི་ཐབས་ལམ། དམིགས་ཡུལ་བཅས་ཞིབ་ཏུ་མཁྱེན་པའི་ཐོག་གཏམ་བཤད་ཚད་འཕེར་གནང་ཡོད་པ་ཀུན་གསལ་ལ་སོང་། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་མཁྱེན་རྒྱ་མཆོག་ཏུ་ཡངས་པ་ཤེས་ལྡན་གཟུར་གནས་ཀུན་གྱིས་ཁས་ལེན་ངེས་སྙམ། གནད་འདི་ཧ་ཅང་གལ་ཆེ་བས་སྲིད་སྐྱོང་གི་ཐུགས་འགན་བཞེས་མཁན་ཞིག་ལ་མེད་ཐབས་མེད་པའི་ཆ་རྐྱེན་ཞིག་ཆགས་ཡོད།

         ༨ བོད་རྒྱ་འབྲེལ་མོལ་གྱི་ཕྱི་ནང་གསང་གསུམ་གྱི་གནས་ཚུལ་ཆ་ཚང་མཁྱེན་པ།

དབུ་མའི་ལམ་གྱི་བོད་རྒྱ་འབྲེལ་མོལ་ཐད། བོད་ནང་གི་དོན་གྱི་བདག་པོ་བོད་མི་ཚོའི་དགོངས་ཚུལ་ཤེས་པ། ༸གོང་ས་མཆོག་གི་ལམ་སྟོན་དགོངས་གཞི་རྣམས་ཐུགས་ལ་ངེས་པ། ༡༩༧༩ ནས་ ༡༩༩༤ བར་དང་། ༢༠༠༢ ནས་ ༢༠༡༠ བར་གྱི་རྒྱ་བོད་འབྲེལ་བའི་ཕྱི་ནང་གསང་གསུམ་གྱི་གནས་ཚུལ་ཡོངས་རྫོགས། དེ་བཞིན་བཀའ་ཤག་གིས་བཙུགས་པའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལས་དོན་མཐའ་དག རྒྱ་གར་གཞུང་གི་གསང་ལས་ཀྱིས་གཙོས་སྲིད་གཞུང་ཁག་གིས་བོད་རྒྱ་འབྲེལ་མོལ་དང་དེའི་མཐུད་ཐབས་གཉིས་ཀར་ལྟ་སྟངས་བཅས་ཕྱོགས་ཡོངས་ནས་ཞིབ་ཏུ་མཁྱེན་མཁན་ཡང་བཀའ་ཟུར་མཆོག་ཐུགས་འགན་བབ་འབྲེལ་གྱིས་ཆགས་ཡོད་པས། མ་འོངས་པར་བོད་རྒྱ་འབྲེལ་མོལ་མཐུད་ཐབས་ཐད་བཀའ་ཟུར་འབྲོང་ཆུང་མཆོག་ལ་རྒྱུས་མྱོང་དང་མ་རྩ་ཆ་ཚང་ཡོད་པས་མཆོག་ཏུ་གྱུར་བ་མིན་ནམ་སྙམ།

      ༩ བཀའ་བློན་ལས་ཁུངས་བདུན་དང་གྲོས་ཚོགས་ལ་འགན་འཁུར་ཞུ་སྟངས་ཀྱི་ཉམས་མྱོང་ལྡན་པ།

བཀའ་ཟུར་མཆོག་གིས་བཀའ་ཤག་ནང་ལོ་བཅུའི་རིང་ཕྱག་ལས་གནང་བས། བཀའ་བློན་ལས་ཁུངས་བདུན་གྱི་ལས་དོན་ཐད་ཉམས་མྱོང་ཕུན་སུམ་ཚོགས་ཤོས་ཡིན། བཅའ་ཁྲིམས་དང་འཛིན་སྐྱོང་སྒྲིག་གཞི་གཉིས་ཀར་གསལ་བ་བཞིན། བཀའ་ཤག་གི་ཐུགས་འགན་ནི་མཉམ་འདུས་ཀྱི་འགན་ཡིན་ཅིང་། བཀའ་བློན་ལས་ཁུངས་སོ་སོའི་རྩ་བའི་སྲིད་བྱུས་དང་འབྲེལ་བའི་ལས་དོན་དང་། གཞུང་ཞབས་གནས་སྤོས་ཀྱིས་མཚོན་ལས་དོན་འགངས་ཆེན་རིགས་བཀའ་ཤག་ལྷན་རྒྱས་ནས་ཐག་གཅོད་གནང་གི་ཡོད་པས། བཀའ་བློན་དུ་བཞུགས་མྱོང་བ་ཞིག་ཡིན་ན། བཀའ་བློན་ལས་ཁུངས་བདུན་ལ་རྒྱུས་ཡོད་ཧ་ཅང་ཆེ་བས། ད་ཡོད་སྲིད་སྐྱོང་འོས་མིའི་ཁྲོད་ལོ་བཅུར་བཀའ་བློན་གནང་མྱོང་བ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལས་མེད་ལ། གྲོས་ཚོགས་ནས་ཀྱང་གཟིགས་ཚུལ་ལེགས་པས་བཀའ་བློན་ཐེངས་གཉིས་ཀར་སྤྱི་མོས་བདམས་ཐོན་བྱུང་ཡོད་པ་བཅས་འཛིན་སྐྱོང་ལྷན་ཁང་བདུན་དང་། གྲོས་ཚོགས་ལ་འགན་འཁུར་ཞུ་ཕྱོགས་གཉིས་ཀར་ཉམས་མྱོང་ཕུན་སུམ་ཚོགས་པ་འདུག་སྙམ།

         ༡༠ ཕྱག་སྦྲེལ་བཀའ་བློན་ཚད་ལྡན་རག་ངེས་པ།

ཕྱག་སྦྲེལ་བཀའ་བློན་གྱི་ངོས་ནས་ཀྱང་བཙན་བྱོལ་བོད་མིའི་ཁྲོད་རྒན་གཞོན་ཕོ་མོ་མཁྱེན་འཇོན་རང་རྐྱ་ཐུབ་པ་ཞེ་ཅིག་རག་ངེས་པས། བཀའ་ཤག་གི་ལས་འགན་ཏེ། འབྲེལ་མོལ་སླར་གསོ། རྒྱལ་སྤྱིར་འབྲེལ་ལམ། རོགས་དངུལ་འཚོལ་བསྡུ་སོགས་ལ་ཚགས་ཚུད་ཅིང་། ལབ་གླེང་མེད་པའི་འཛིན་སྐྱོང་གནང་ངེས་པ་ཐེ་ཚོམ་མེད་སྙམ།

      ༡༡ མཉམ་འཁྲིད་མཉམ་བཀོལ་གྱི་ནུས་པ་ཕུལ་དུ་བྱུང་བ་ཡོད་པ།

མཉམ་འཁྲིད་གནང་ཐུབ་ཡོད་མེད་ད་སྔ་ཕྱག་ལས་གནང་མྱོང་སའི་ལས་ཁུངས་ཀྱི་གནས་བབ་ལས་སྡོམ་བརྒྱབས་ན་ཤེས། བཀའ་ཟུར་མཆོག་གིས་མགོ་ཁྲིད་ཀྱི་ནུས་པར་ལས་བྱེད་ཆེ་ཕྲ་ལས་ཐོག་ཙམ་མིན་པར་ལས་ཟུར་དང་བཅས་པས་སྤོབས་པ་བྱེད་ཅིང་། ལས་བྱེད་རྒན་རབས་ཚོས་དགེ་རྒན་དང་ལམ་སྟོན་པ་ཡག་ཤོས། ལས་བྱེད་གཞོན་རབས་ཚོས་ཕ་མ་ལྟ་བུར་བརྩི་བ་ནི་གངས་ཅན་སྐྱིད་གཤོངས་ལ་རྒྱུས་ཡོད་ཚང་མས་དངོས་སུ་མཐོང་ཡོད། རང་གིས་བཤད་མ་དགོས་པར། མིས་གསུངས་པའི་ནང་། བཀའ་ཟུར་མཆོག་གི་མགོ་ཁྲིད་ཀྱི་ནུས་པ་དང་མཉམ་འཁྲིད་མཉམ་བཀོལ་ལ་འགྲན་ཟླ་མེད་པར་གྱུར་ཡོད་པས། མ་འོངས་པར་གཞུང་གི་སྒལ་ཚིགས་ལྟ་བུའི་གཞུང་ཞབས་རྒན་གཞོན་ཚང་མར་རང་རང་གི་ལས་འགན་དང་འབྲེལ་ནུས་པ་འདོན་སའི་ཁོར་ཡུག་གུ་ཡངས་པོ་དང། མ་འདྲེས་པ། ཆེ་མཐོང་དང་ལྡན་པར་འགྱུར་བ་བཅས་ལ་ཐེ་ཚོམ་མི་འདུག་སྙམ།

      ༡༢ མི་གསོ་སྐྱོང་དང་འབྲེལ་བ་ཚད་ལྡན་འཇོག་པར་མཁས་པ།

གཞིས་ལུས་བོད་མིའི་ཁྲོད་དང་། བཙན་བྱོལ་ནང་གཉིས་ཀར་བཀའ་ཟུར་མཆོག་གིས་དངོས་ཤུགས་བརྒྱུད་གསུམ་ནས་གསོ་སྐྱོང་གནང་བཞག་པ་མང་པོ་ཡོད། བཀའ་ཟུར་མཆོག་གིས་བོད་ལ་ཕན་ཐོགས་ས་རེད་བསམས་པའི་མི་ཞིག་ཡིན་ཕྱིན་སྐྱེས་ཁུངས་སོགས་ལ་མ་ལྟོས་པར། གསོ་སྐྱོང་དང་རྒྱབ་སྐྱོར་གནང་གི་ཡོད་པས། ཁོང་དང་འབྲེལ་བ་ཡོད་པ་མང་པོ་ཞིག་ཁོང་ལ་བཅོས་མ་མིན་པའི་ཡིད་ཆེས་ཐོབ་ཡོད་པའང་གནད་འདི་ལས་བྱུང་བ་ཐེ་ཚོམ་མི་འདུག་སྙམ།

      ༡༣ བཙན་བྱོལ་བོད་མི་མང་པོས་ཡིད་ཆེས་དང་བརྩི་བཀུར་འགྲན་མེད་ཐོབ་ཡོད་པ།

གཞུང་ཞབས་ལས་ཟུར་དང་། གནད་ཡོད་མི་སྣ། ཆབ་སྲིད་བཙོན་ཟུར། བཀུར་འོས་མི་མང་སོགས་བཙན་བྱོལ་བོད་མི་གྲངས་ལས་འདས་པས་ཆེ་མཐོང་དང་ཡིད་ཆེས་མ་འདྲ་བ་ཞིག་ཞུ་ཡུལ་དུ་གྱུར་འདུག་པ་བཅས་གུས་ལ་ར་འཕྲོད་སྟབས། རང་ཐག་རང་གཅོད་ཀྱིས་རྒྱུ་མཚན་གལ་ཆེ་འདི་དག་བགྲང་སྟེ། དུས་ལ་བབས་པ་ལྟ་བུའི་སྐུ་ངོ་མཆོག་ལ་བོད་སྤྱི་པའི་ཆེད་དུ་ཕྱི་གསལ་གནང་གསལ། རང་དོན་ཁོག་བཅུག་མིན་པར་སྲིད་སྐྱོང་གི་ཁྲི་ལ་འཁོད་རྒྱུར་རྨི་ལམ་ཚུན་གཏོང་མཁན་གྱི་གྲས་ཤིག་ཡིན་པའི་ཁུལ་ཡིན་ལགས།

         ༢༠༢༠ ཟླ་ ༩ ཚེས་ ༢ མང་གཙོའི་དུས་དྲན་ཉིན་གྲུབ་པར་བགྱིས།།

འདི་ཡི་དགེ་བས་བདག་གཞན་འགྲོ་བ་ཀུན།།

སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་སྟེ།།

སྐད་ཅིག་གཡེལ་མེད་བཀའ་བཞིན་སྒྲུབ་པ་ལ།།

བསྒྲུན་དུ་མེད་པའི་སྐལ་བཟང་ཐོབ་པར་ཤོག།།

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སོག་པོའི་སྲིད་བློན་ཛན་དྷན་ཤ་ཏར་གོམ་བྷོ་ཇ་ཝི་མཆོག་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༡༣
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་པོའི་སྲིད་བློན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༩ སྔོན་ལ།
རྒྱ་ནག་གཞུང་གིས་བོད་དིང་རིའི་བསྐྱར་གསོའི་རྣམ་པ། དྲ་ལམ་གྱི་པར།
Mobile App

རྒྱ་གཞུང་གི་བསྐྱར་གསོ་འཛུགས་སྐྲུན་གྱིས་བོད་མི་རྣམས་ལ་གྱོང་གུད་ཆེན་པོ་ཐེབས་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཧི་མ་ཅལ་གྱི་འཕགས་བོད་ཚོང་ལམ་ཤིབ་ཀི་ལ་བསྐྱར་དུ་སྒོ་ཕྱེས་འདུག

༢༠༢༥/༠༦/༡༢
༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག ༢༠༢༥།༦།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

 ཝེ་ཐི་ནམ་སོགས་ཀྱི་དད་ལྡན་དོན་གཉེར་བ་ ༣༠༠ ལྷག་གིས་མཇལ་བཅར་ཞུས།

༢༠༢༥/༠༦/༡༢
Mobile App

སྐུ་པར་རྙིང་བ་ཞིག

༢༠༢༥/༠༦/༡༢
མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་སླར་ཡང་འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མ་ཐོབ་སོང་། ༢༠༢༥།༠༦།༡༡ དུས་བབ་ཀྱི་པར།
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་སླར་ཡང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་ཐོབ། 

༢༠༢༥/༠༦/༡༢

མཆན། 12

  1. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་ says:
    ལོ་ 5 སྔོན།

    སྤྱི་འཐུས་ལས་ཐོག་ཤར་ཕྱོགས་ཁུག་རྟ་ནི་བཅའ་ཁྲིམས་ཤེས་བཞིན་དུ་ཁྱད་གསོད་དང་རྩིས་མེད་གནང་སྟེ་སྲིད་སྤྱི་ ༢༠༢༡ སྐོར་ཁྱབ་བསྒྲགས་ཀྱི་སྒྲ་སྒམ་ཆེད་བཟོས་ཀྱིས་འགྲེམ་སྤེལ་རྒྱ་ཆེ་བྱས་ཡོད་། ཁོང་རང་ཚོགས་ཟུར་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་ཡིན་པ་ཡོངས་གྲགས་ཡིན་མོད་ཀྱང་དེང་སང་འགྱུར་བ་ཆེན་པོ་བཏང་ནས་བཀའ་ཟུར་འབྲོང་ཆུང་དངོས་སྒྲུབ་ལགས་ལ་རྒྱབ་སྐྱོར་གྱི་ལས་གཞིར་འབད་འབུངས་ལྷོད་མེད་གནང་བཞིན་པ་མཐོང་།
    བཀའ་ཟུར་འབྲོང་ཆུང་དངོས་སྒྲུབ་ལགས་བྱས་རྗེས་ཅན་གྱི་མི་དྲག་ཡིན་སྟབས་གུས་བཀུར་ཡོད་། འོན་ཀྱང་ཁོང་བདེ་བསྲུང་བཀའ་གནང་ཞིང་ལས་རྒྱུན་ཟླ་ཤས་མ་གཏོགས་འཁྱུར་ལ་ཉེ་བའི་བློ་བུར་དུ་དགོངས་ཞུ་གནང་བ་དེས་གཞུང་དམངས་གཉིས་ཀར་བློ་འཚབས་དང་སེམས་ཕམས་ཆེན་པོ་བྱུང་བཟོས་ཡོད་། སྲིད་སྐྱོང་དབུ་བཞུགས་བཀའ་ཤག་ལྷན་རྒྱས་ནས་སྤྱིར་ལས་རྒྱུན་འཕོས་ལ་ཉེ་བས་དགོངས་ཞུ་ཕྱིར་འཐེན་ཡོང་བའི་འབོད་བསྐུལ་ནན་རྟེན་ཞུས་ཀྱང་བསེན་འཇོག་མ་གནང་གཙང་དེ་བས་ཀྱང་བློ་ཕམས་དང་དཀའ་ངལ་བཟོས་ཡོད་མོད་། སྔོན་ལ་ཀི་ལོ་ ༡༠ མ་ཐེགས་པར་ད་ཆ་ཀི་ལོ་ ༡༠༠ ཐེགས་པའི་རྣམ་སྤྲུལ་འདྲ་སྟོན་རྒྱུ་ཡོད་ན་མ་གཏོགས་གནས་སྟངས་གང་གི་ཆ་ནས་ཀྱང་ཡོང་ཐབས་མེད་པ་ཟུར་བལྟས་ལེབ་མཐོང་རེད་། ང་ཚོ་བོད་མི་རྣམས་དུས་རབས་ ༢༡ ནང་བསྐྱོད་བཞིན་ཡོད་སྟབས་དེ་འདྲའི་ལས་སླ་བཅོས་མེད་པའང་མཁྱེན་དགོས་དུས་ལ་སླེབས་ཡོད་།

    Reply
  2. ལྷ་སྲས། says:
    ལོ་ 5 སྔོན།

    ཤར་ཕྱོགས་ཁུག་རྟ་འདི་ལ་བཅའ་རྒྱུ་ལས་རྒྱུ་མང་དྲག་པ་ཡོད་རེད།
    ངན་པ་དགུ་འཛོམས་ཀྱི་ཁ་ཏ་ནག་པོ་ཞིག་ཡིན།

    1. སྔོན་ཆད་རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བཀག་པ་ནོར་སོང་ལབ་རེད།
    2. ཁོ་རང་དགེ་འདུན་ཆོས་འཕེལ་གྱི་སྤྲུལ་སྐུ་ཡིན་ལབ་རེད།
    3. གྲྭ་བ་ལོག་ནས་ནང་ཆོས་ལ་དགག་པ་བརྒྱབ་པ་རེད།
    4. དབུ་མའི་ལམ་ལ་བསྐྱར་ཞིབ་བྱེད་དགོས་འདུག་ལབ་རེད།
    5. སུད་སིའི་རྒྱ་ནག་གཞུང་ཚབ་ཁང་གི་རྟ་བསེ་ཚུལ་ཁྲིམས་ཀྱི་རྐུབ་ལ་རྒྱག་པ་རེད།
    6. རྒྱལ་བ་རིན་པོ་ཆེ་ཡིས་དགེ་སློང་གི་སྡོམ་པ་གནང་ན་འགྲིག་གི་མ་རེད་ལབ་རེད།
    7. རྒྱ་ནག་གི་སྐར་ལྔའི་དར་དམར་འཕྱར་ནས་རྒྱུག་རེད།
    8. ལོ་རྒྱུས་ཐོག་ཏུ་བོད་རང་བཙན་གཙང་མ་ཡོད་པ་མ་རེད་ལབ་རེད།
    9. མདོ་སྨད་མི་མང་གཡོ་བཙོང་བྱས་ཏེ་དབུས་གཙང་གི་རྐུབ་ལ་རྒྱག་པ་རེད།

    Reply
  3. རིག་བཟང་། says:
    ལོ་ 5 སྔོན།

    སྤྱི་འཐུས་གྲོས་ཚོགས་ནང་གི་ཀ་བ།
    དབུ་མའི་ལམ་གྱི་རྒྱལ་སྲས།
    སྟག་ཤར་ཕྱི་རྫིག་ནང་རྫིག
    ཕྱི་གསལ་ནང་གསལ།
    དྲང་བདེན་སྐྱོང་པའི་དཔའ་བོ།
    ཆོས་དད་ཆེ་བའི་ཕོ་རྒོད།
    རྒྱུ་མཚན་གནས་ལུགས་ཀྱི་གཏེར་བདག
    ཤར་ཕྱོགས་ཁུག་རྟས།
    བདག་གི་མིག་ཕྱེས་སོང་།
    རྒྱུ་མཚན་འདི་དག་གི་རྐྱེན་པས།
    བདག་ཀྱང་བཀའ་ཟུར་འབྲོང་ཆུང་མཆོག་ལ་འོས་ཕུལ་བ་ཡིན་ནོ།

    Reply
  4. བཀྲ་སྒྲོལ་མ says:
    ལོ་ 5 སྔོན།

    ཤ་ཕྱོགས་ཁུག་རྟའི་མིང་དེར་བསྒྱུར་རན་བཞག
    བྱང་ཕྱོགས་ཙི་ཙི་སྐམ་པོ་ཟེར་མིང་དེར་བཏགས་བཞག་ན་ལེགས་ཤོས་རེད་བཞག

    Reply
  5. རིག་འཛིན་ལྷུན་གྲུབ། says:
    ལོ་ 5 སྔོན།

    སྐུ་ངོ་ཤར་ཕྱོགས་ཁུག་རྟ་མཆོག་གིས་ཟུར་གནས་བློ་ལྡན་གྱིས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གི་ཐུན་མིན་ཁྱད་ནུས་གླེང་གནང་བར་ཐུགས་རྗེ་ཆེ་ཞུ། སྐུ་ངོ་མཆོག་གི་རྩོམ་ཡིག་ཀློག་རིམ་བཞིན་ཇེ་གསལ་གྱུར་བ་ནི། བཀའ་ཟུར་མཆོག་གི་ཁྱས་ནུས་ལས་ད་ལྟའི་ཆར་ང་ཚོ་ལ་སྲིད་སྐྱོང་ག་འདྲ་ཞིག་དགོས་ཀྱི་ཡོད་པ་དེ་རེད། དེས་ན། སྤྱི་དོན་ལ་ལྷག་བསམ་རྣམ་དག་ཟེར་བའང་རྩོམ་ཡིག་འདིའི་འགོ་མཇུག་ཀུན་ནས་གསལ་པོ་བསྟན་འདུག་པས། ཤེས་ལྡན་པ་ཡིན་ཟེར་མཁན་ཚོས་ཀྱང་། སྤྱི་དོན་ཞེས་པ་རྩ་བར་བཞག་སྟེ། སྲིད་སྐྱོང་ཞིག་འཚོལ་དགོས་པ་གནད་དམ་པར་ཁུམས།

    Reply
  6. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    སྲིད་སྐྱོང་གི་འོས་ཆོས་དེ་བཅའ་ཁྲིམས་དོན་ཚན་ཉི་ཤུ་རྩ་གཅིག་ནང་གསལ་བའི་སྲིད་སྐྱོང་གི་འོས་ཆོས་ལ་འགན་ཁུར་དགོས་པ་རེད་དམ་ཕྱོགས་གཏོགས་དང་ལུང་ཚན་འགོ་འདྲེན་དང་སྐབས་ཚོལ་གྲལ་རིམ་ལ་འགན་ཁུར་ནས་འགྲོ་དགོས་པ་རེད།

    Reply
  7. འཚུབ་ཐེལ། says:
    ལོ་ 5 སྔོན།

    ཁྲིམས་ལུགས་མི་ཤེས་པའམ་ཤེས་ཀྱང་བརྩི་སྲུང་མི་བྱེད་པའི་སྤྱི་འཐུས་སྐབས་འཚོལ་བ་འདི་དག་གྲོས་ཚོགས་ར་བ་ནས་གཙང་སེལ་བྱེད་དགོས། གྲོས་ཚོགས་ནང་དུ་མདོ་སྟོད་སྨད་གཉིས་ལ་ཕྱི་ལ་འཁོར་ལ་ཝ་འདྲ་འདྲ། ནང་ལ་འཁོར་ན་སྟག་འདྲ་འདྲ་འགའ་རེ་འདུག དེ་དག་ཚང་མ་སྤྱི་འཐུས་གྲོགས་ཚོགས་ཀྱི་གད་་སྙིགས་ཁྲོད་དུ་གཡུག་རན་རེད།

    Reply
  8. བློ་བཟང་། says:
    ལོ་ 5 སྔོན།

    སྐུ་ངོ་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་རྩོམ་ཡིག་ཚིག་སྦྱོར་བདེ་བོ་ཞིག་བྲིས་འདུག ཡིན་ནའང་སྐུ་ངོ་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་འབྲོང་ཆུང་ལ་རྒྱབ་སྐྱོར་གནང་བ་ལས་མ་གནང་ན་ཡག་གི་རེད། གང་ཡིན་ཟེར་ན་སྐུ་ངོ་ཤར་ཕྱོགས་ཁུག་རྟ་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་མཁན་ཨང་དང་པོ་གྲས་རེད། ས་སྔོན་མ་རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བཀག་སྡོམ་གནང་པ་འགྲིག་ཡོད་པ་མ་རེད་ཟེར་བ་དང་། ༧རྒྱལ་བ་རིན་པོ་ཆེས་དགེ་འདུན་པ་ཚོར་དགེ་སློང་སྒྲུབ་བཞིན་པ་དེའང་ཆོས་ལུགས་ཀྱི་དགོངས་དོན་དང་མཐུན་གི་མ་རེད་ཟེར་བ་སོགས་ཤར་ཕྱོགས་ཁུག་རྟས་རྩོམ་ཡིག་གང་བྱུང་མང་བྱུང་བྲིས་ཡོད་པ་རེད།

    Reply
  9. Gendun says:
    ལོ་ 5 སྔོན།

    1སྐུ་ངོ་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་བྲིས་པ་འདི་བམ་ཀློག་ཅིག་བྱས་དུས་སྐུ་ངོ་འབྲོང་ཆུང་དེ་འདྲ་ཞིག་ཡིན་ན་ 2016 ལོར་རྒྱབ་སྐྱོར་བྱས་ཏེ་ཁྱད་ཆོས་དེ་དག་བརྗོད་དེ་སྲིད་སྐྱོང་ལ་ལང་འཇུག་དགོས་པ་ཞིག་ཡིན་ཡང་དེ་འདྲ་མི་བྱེད་པའི་རྒྱུ་མཚན་ཅི་ཡིན།
    2སྐབས་དེ་དུས་སྐུ་ངོ་སྤེན་པ་ཚེ་རིང་ལས་ལྷག་ཅིག་མི་འདུག་ཅེས་ས་ལྡིང་གནམ་ལྡིང་བྱས་པའི་རྒྱུ་མཚན་ཅི་ཡིན།
    3 ད་ལྟ་ཁྱོད་ཀྱིས་སྤེན་པ་ལ་ཁྱད་ཆོས་དེ་དག་མི་ཚང་གི་བསམ་པ་ཡིན་ནམ། སྐུ་ངོ་འབྲོང་ཆུང་ཡང་མདུང་རྩེ་བྱས་ཏེ་གཡང་ལ་གཡུགས་འདོད་ཡིན་ནམ།

    Reply
  10. ཁེར་སྐྱེས། says:
    ལོ་ 5 སྔོན།

    སྐུ་ངོ་མཆོག་གིས་བོད་ལ་མངག་གཏོང་གནང་ཡོད་པ་འདྲ་ཁེ་བཟང་དེ་འདྲ་ཞིག་ལ་དམིགས་རྒྱབ་སྐྱོར་བྱེད་དགོས་དངོས་ཐབས་སྐྱོ་བོ་རེད་སྙམ།

    Reply
  11. ལེགས་ལྡན says:
    ལོ་ 5 སྔོན།

    རྒྱབ་སྐྱོར་བྱེད་མཁན་དང་བྱེད་ཡུལ་གཉིས་ལལྟ་ན་བཙན་འབྱོར་སྤྱི་ཚོགས་ནང་མི་ཕྱི་འཇམ་ནང་རུས་
    སྲིད་སྐྱོང་

    Reply
  12. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 5 སྔོན།

    ལས་ཐོག་སྤྱི་འཐུས་ནས་སྲིད་སྐྱོང་འོས་བསྡུ་དང་འབྲེལ་བའི་ཕྱོགས་གཏོགས་འགན་ཁུར་འོག་ནས་ཞི་བའི་མི་མང་གི་བློ་འགུགས་ཐབས་དེ་སྤྱི་འཐུས་ཀྱི་ལས་ཁུར་དམ་བཅའ་དང་མཐུན་པ་ལ་ངོས་འཛིན་དགོས་པ་རེད་དམ་ཁྲིམས་འགལ་དང་སྒྲིག་འགལ་ལ་ངོས་འཛིན་དགོས་པ་རེད???

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese