མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱས་རྗེས་ཅན་དང་འཆར་སྣང་ཅན་ནི་ང་དང་ཁྱོད་ཀྱི་སྲིད་སྐྱོང་ཡིན། 

བོད་ཀྱི་དུས་བབ།
༢༠༢༠/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

  ཁྲིམས་ལུགས་སློབ་མ་ཉི་འོད།  (སྦེང་ལོར།)

སྔོན་གླེང་།

ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བ་རེད།  འདི་ནི་བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་ཐག་གཅོད་དང་འབྲེལ་བའི་ལས་དོན་གནད་འགག་ཅན་ཞིག་ཡིན།  ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་བལྟས་ན་འཛམ་གླིང་ཤར་ནུབ་ཀྱི་སྟོབས་ཆེན་རྒྱལ་ཁབ་ཕལ་མོ་ཆེས་རྒྱ་ནག་གི་དབང་ཤུགས་ལ་ཁ་གཏད་ནན་པོ་གཅོག་བཞིན་པའི་སྐབས་ཡིན། རྒྱའི་བཙན་གནོན་འོག་ཏུ་གནས་པའི་ཡུ་གུར་བ་དང་ལྷོ་སོག  ཧོང་ཀོང་།  ཐེ་ཝན་སོགས་ཀྱི་ཞུ་གཏུག་དང་འཐབ་རྩོད་ལ་ནུས་པ་ཅུང་ཙམ་ཐོན་བཞིན་ཡོད་ལ། འདི་ཚོའི་བར་ནུས་ཤུགས་གཅིག་སྒྲིལ་གྱི་བསམ་བློ་ཡང་བསྐྱེད་བཞིན་པའི་སྒང་ཡིན།

རང་ཅག་ལ་མཚོན་ན་བོད་ནང་དུ་དམ་དྲག་སྔར་ལས་ཇེ་ཆེ་དང་སྲིད་ཇུས་སྔར་ལས་ཇེ་མཁྲེགས་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་བབ་ལའང་ཉེ་བའི་ལོ་འགའི་རིང་གནམ་ས་ལྟ་བུའི་འགྱུར་ལྡོག་ཐེབས་ཡོད། ད་ལྟའི་ཆར་བཙན་བྱོལ་བ་བརྒྱ་ཆ་ལྔ་བཅུ་ཙམ་རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་ཤར་ནུབ་རྒྱལ་ཁབ་སུམ་ཅུ་(དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཉམས་ཞིབ་སྙན་ཐོ་ལྟར་)ཙམ་ལ་ཁྱབ་ཟིན་པ་ཡིན་པས། བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་གོ་ལའི་ཁྱོན་ཡོངས་སུ་སྙོབ་ཐུབ་པའི་རེ་བ་བཟང་ས་ནས་རྒྱག་ཆོག་ཀྱང་། ཕྱོགས་གཞན་ཞིག་ནས་བལྟས་ན། འཐབ་རྩོད་ཀྱི་ནུས་པ་ཁ་འཐོར་དགུ་འཐོར་དུ་འགྲོ་ཉེན་ཡང་ཆེ་བས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ངེས་ཡིན། གང་ལྟར་ང་ཚོའི་མ་འོངས་པ་ནི་ཉེན་ཁ་མང་ལ་གོ་སྐབས་ཀྱང་དེ་བས་མང་བར་ཚོད་དཔག་བྱེད་ཐུབ། དེར་བརྟེན། ང་ཚོའི་མ་འོངས་པའི་སྲིད་སྐྱོང་ལ་གནས་བབ་འདི་འདྲ་ཞིག་གི་འོག་ནས་ཕྱག་ལས་གནང་ཐུབ་པའི་འཇོན་ཐང་ཡོད་མེད་དང་འཆར་གཞི་ཡོད་མེད་སོགས་ཁ་ཡོད་ལག་ཡོད་ཀྱི་ཆ་རྐྱེན་གཞི་ལ་བཞག་ནས་འདེམས་དགོས་པ་ལས། སུ་ཞིག་དད་པ་ཆེ་རབས་དང་གང་ཞིག་དྲང་པོ་ཡོད་རབས་སོགས་ཚད་དུ་གཞལ་མི་ནུས་པའི་ཆ་རྐྱེན་འགའ་ཞིག་བསླངས་ནས་བསྡད་ན་ང་ཚོ་ནམ་ཡང་གནད་དོན་གྱི་སྟེང་དུ་འབབ་མི་ཐུབ།

དང་པོ། མ་འོངས་པའི་སྲིད་སྐྱོང་གི་དགོས་ངེས་ཀྱི་ཆ་རྐྱེན་གླེང་བ། 

ཉེ་སྔོན་སྤྱི་ཟླ་ ༨ པའི་ཚེས་ ༥ ཉིན་ ༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུ་ཆེན་མོའི་དབུ་འཛུགས་གསལ་བསྒྲགས་གནང་བ་ནས་བཟུང་ད་བར་དྭང་བླངས་ཀྱིས་སྲིད་སྐྱོང་ལ་བཞེངས་པ་དང་སྔོན་འགྲོའི་འོས་བསྡུའི་ཁྲོད་མི་མང་གི་རྒྱབ་སྐྱོར་ཐོབ་མིན་ཆ་རྐྱེན་ལ་བཞག་པའི་སྒོ་ནས་འོས་གཞིའི་ཁོངས་སུ་བཞུགས་མཁན་བཅས་ཁྱོན་འོས་མི་བརྒྱད་བྱུང་ཡོད།  སྤྱིའི་ཆ་ནས་སྲིད་སྐྱོང་གི་འོས་མི་ཁོང་རྣམ་པ་ཕལ་ཆེ་བ་རང་རེའི་བཙན་བྱོལ་སྤྱི་ཚོགས་ཀྱི་ཨ་ཡོད་ནང་གི་ད་ཡོད་རྐྱང་རྐྱང་རེད།  འོས་མི་བརྒྱད་ལས་བརྒྱ་ཆ་ལྔ་བཅུ་ལྷག་གིས་༧གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་དང་བཀའ་ཤག་སོགས་ཀྱི་ཐུགས་འགན་བཞེས་མྱོང་མཁན་ཤ་སྟག་རེད།  དེར་བརྟེན། འདས་པའི་ཕྱག་ལས་ཀྱི་ཉམས་མྱོང་བསྡུར་ན་ཁོང་རྣམ་གཅིག་བཟང་གཉིས་བཟང་རེད། འོན་ཀྱང་། ང་ཚོས་བོད་མིའི་སྲིད་དབང་མཐོ་ཤོས་ཀྱི་འགོ་ཁྲིད་འདེམས་པ་མ་གཏོགས་རླངས་འཁོར་གྱི་ཁ་ལོ་བ་འདེམས་ཀྱི་མེད་པས་འདས་པའི་ཕྱག་ལས་ཀྱི་ཉམས་མྱོང་ཁོ་ན་གཞི་ལ་འཇོག་མི་རུང་།

རང་གིས་བསམས་ན་ང་ཚོས་འདས་པའི་ཕྱག་ལས་ཀྱི་སྒང་གི་གྲུབ་འབྲས་དང་མ་འོངས་པའི་ཕྱག་ལས་གནང་ཕྱོགས་ཀྱི་འཆར་གཞི་གཉིས་ལ་གཙོ་བོར་ལྟ་དགོས། འདས་པའི་ཕྱག་ལས་ཀྱི་སྒང་གི་གྲུབ་འབྲས་ལས་གང་ཟག་དེའི་འཇོན་ནུས་དཔོག་ཐུབ་ལ་ལྷག་བསམ་ཀྱང་དཔོག་ཐུབ། མ་ཟད་བླ་མའི་བཀའ་དགོངས་དང་མཐུན་མིན་དང་དབུ་མའི་ལངས་ཕྱོགས་དང་འགྲིག་མིན་སོགས་ཀྱང་རང་བཞིན་གྱིས་ཤེས་ཐུབ། མ་འོངས་པའི་ལས་དོན་གནང་ཕྱོགས་ཀྱི་འཆར་གཞི་ནི་ད་ལྟའི་དུས་སུ་ལྷག་ཏུ་གལ་ཆེ། གོང་དུ་བཤད་པ་ལྟར་སྲིད་སྐྱོང་གསར་པས་ཁོར་ཡུར་གྱི་འགྱུར་ལྡོག་གསར་པ་ཞིག་གི་ཁྲོད་དུ་ཕྱག་ལས་གནང་དགོས་པ་ཡིན་པས་མ་འོངས་པའི་འཆར་གཞི་གསལ་པོ་དང་དམིགས་གཏད་ངེས་ཅན་ཞིག་ཡོད་དགོས་པ་ལས་སྔོན་ལས་རིགས་གཞན་ཞིག་བསྒྲུབས་མྱོང་བའི་རྒྱུ་མཚན་གྱིས་ཡོད་ཚད་འགྲིག་ཤག་ཤག་བྱས་ན་དངོས་གནས་འགྲིག་ཡོད་མེད་བཤད་ཚོད་མི་ཐིག  འཆར་གཞི་དང་དམིགས་ཡུལ་གསལ་པོ་གང་ཡང་མེད་ཀྱང་ད་དུང་ཨུ་ཚུགས་ཀྱིས་འོས་མིའི་ཁོངས་སུ་བཞུགས་འདུག་པ་ནི་ཕྱོགས་གཅིག་ནས་ལྷག་བསམ་ལ་བརྩི་འོས་ཀྱང་། ཡང་ཕྱོགས་གཞན་ནས་བལྟས་ན། དེ་ནི་འགན་མ་ཁུར་བའི་བྱ་སྤྱོད་ཅིག་ལ་བརྩིས་ཀྱང་རྒྱུ་མཚན་མེད་པ་གང་ཡང་མིན།

སྤྱིར་བཏང་ད་ཡོད་འོས་མི་ཕལ་ཆེ་བ་རང་གི་རྒྱབ་སྐྱོར་བས་སྲིད་སྐྱོང་ལ་བཞེངས་རྒྱུའི་སྐུལ་མ་དང་རེ་བ་ཡང་ཡང་བྱས་པ་ལ་བརྟེན་ནས་བཞེངས་པ་ཡིན་རབས་ཁོང་རྣམ་པས་ལན་མང་གསུངས་སོང་བས། ད་བར་འཆར་གཞི་གསལ་པོ་ཞིག་བཏིང་ཐུབ་མེད་པའང་ཁག་ཅི་ཡོད་སྙམ། རེ་ཟུང་གིས་ད་དུང་དེའི་ཕྱོགས་ལ་བསམ་བློ་ཡང་ཞེ་དྲག་བཏང་མེད་ཚུལ་གསུངས་སོང་། མི་མང་པོ་ཞིག་གི་རེ་བ་སྟོང་ཟད་དུ་གཏོང་མ་ཐུབ་ནི་བཟང་སྤྱོད་ཅིག་ལ་བརྩིས་ཀྱང་ཆོག་མོད། ཕྱོགས་གཞན་ནས་བསམ་བློ་བཏང་ན་རང་ངོས་ནས་སྲིད་སྐྱོང་གི་ལས་འགན་ཕྱོགས་ལ་བསམ་བློ་དང་། འཆར་གཞི།  གྲ་སྒྲིག་སོགས་གང་ཡང་མེད་ནའང་གཞན་གྱི་སྐུལ་མ་ཙམ་ལ་ཉན་ནས་སྲིད་སྐྱོང་གི་འོས་མིར་བཞེངས་ཡོང་བ་དེར་མ་མཛེས་པའི་ཆ་ཧ་ཅང་ཆེན་པོ་འདུག

ང་ཚོར་མཁོ་བའི་སྲིད་སྐྱོང་འོས་མི་ནི་གཞན་གྱིས་སྐུལ་མའི་འོག་ནས་བཞེངས་ཡོང་མཁན་ཞིག་མ་ཡིན་པར་སོ་སོས་ལོ་མང་རིང་ཕྱག་ལས་གནང་བའི་ཉམས་མྱོང་བརྒྱུད་སྤྱི་ཚོགས་ཆུང་ཆུང་འདིའི་འདས་པའི་སྟོང་ཆ་དང་ད་ལྟའི་གནས་བབ། མ་འོངས་པའི་གོ་སྐབས་ཅི་ཡོད་སོགས་ཚུལ་བཞིན་དགོངས་ནས་དེ་དག་ལ་དཔག་པའི་དམིགས་ཡུལ་དང་འཆར་གཞི་གསལ་པོ་ཡོད་མཁན་གྱི་སྐྱེ་བུ་སྤོབས་པ་དང་ལྡན་པ་ཞིག་ཡིན་དགོས།  ལྷག་པར་དུ་ད་ལྟའི་ང་ཚོའི་གནས་བབ་ལ་བལྟས་ན་འོས་མི་འཆར་གཞི་མེད་མཁན་ཞིག་སྲིད་སྐྱོང་ལ་ལངས་ཡོང་བ་ནི་དམག་དཔོན་གོ་ལག་མེད་མཁན་ཞིག་གཡུལ་ས་ལ་མཆོང་རྩིས་བྱེད་པ་དང་ཀུན་ནས་མཚུངས།

ད་ལྟའི་གནས་སྟངས་ལ་བལྟས་ན་རྒྱ་ཆེའི་མི་མང་གིས་འོས་མི་ཕལ་ཆེ་བའི་འདས་པའི་ལོ་རྒྱུས་ཁོ་ན་ལ་བལྟས་ནས་འོས་བླུག་དགོས་པའི་ཚད་ལ་ལྷུང་འདུག  རྒྱ་ཆེའི་མི་མང་ཚོར་མ་འོངས་པའི་དབུ་ཁྲིད་ཀྱིས་རང་ཉིད་ལམ་སྣེ་གང་འདྲ་ཞིག་ཏུ་འཁྲིད་འཆར་ཡོད་པའི་སྐོར་ནས་ཤེས་རྟོགས་ཐུབ་པའི་གཞི་རྩའི་ཐོབ་ཐང་ཡོད།  དེ་ལྟ་བུའི་གཞི་རྩའི་ཐོབ་ཐང་དེ་མཁོ་སྤྲོད་བྱ་རྒྱུ་ནི་སྲིད་སྐྱོང་འོས་མི་རྣམ་པའི་དོར་དུ་མེད་པའི་འགན་འཁྲི་ཡིན།  འགན་འཁྲི་དེ་ཚུལ་བཞིན་སྒྲུབ་དགོས་པ་ལས། མི་མང་ལ་རང་གི་མ་འོངས་པའི་ལས་དོན་བྱེད་ཕྱོགས་སྐོར་ནས་གསལ་པོ་གང་ཡང་མ་བཟོས་ཀྱང་ད་དུང་རྒྱབ་སྐྱོར་ཡོད་ཤག་བྱེད་པ་ནི་ཅུང་ཙམ་འགྲིག་མེད་པར་སྣང་།  ཕྱི་ཡི་ཆབ་སྲིད་ཀྱི་འཁྲུག་ཆ་རབ་ཏུ་དོད་ཅིང་ནང་གི་སྤྱི་ཚོགས་ཀྱི་འགྱུར་འགྲོས་ཧ་ཅང་རྒོད་པའི་དུས་འདིར་ང་ཚོས་རང་གི་སྲིད་སྐྱོང་གིས་དུས་དང་འཚམ་པའི་ཕྱག་ལས་གང་འདྲ་ཞིག་གནང་འཆར་ཡོད་མེད་གང་ཡང་ཤེས་རྟོགས་མེད་པའི་སྒང་ནས་འོས་འཕེན་དགོས་ན་བོད་མིའི་འོས་བསྡུ་ཆེན་མོ་འདི་ཉིད་མུན་ནག་གི་འོས་བསྡུ་ཞིག་འགྱུར་འགྲོ་བ་མ་ཡིན་ནམ།  འོས་བསྡུའི་ལས་རིམ་འགོ་བཙུགས་ནས་ཟླ་བ་གཉིས་ལྷག་སོང་ཡང་ད་དུང་འོས་མི་ཕལ་མོ་ཆེར་འོས་གཞིར་བཞེངས་རྒྱུའི་གསལ་བསྒྲགས་དེ་མ་གཏོགས་གྲགས་འགུལ་ཞེ་དྲག་མེད་པ་ནི་མང་གཙོ་ཡང་དག་ཅིག་གི་འགྲོ་ལུགས་དང་མཐུན་པ་ཨེ་ཡིན་སྙམ་པའི་ཐེ་ཚོམ་སྐྱེས།

གཉིས་པ། བྱས་རྗེས་ཅན་དང་འཆར་སྣང་ཅན་ནི་ང་དང་ཁྱོད་ཀྱི་སྲིད་སྐྱོང་ཡིན། 

སྟབས་ལེགས་པ་ཞིག་ལ་ད་ཐེངས་ཀྱི་འོས་མི་བརྒྱད་པོའི་ནང་ནས་འདས་པའི་ཕྱག་ལས་ཀྱི་སྒང་ནས་འབུར་དུ་ཐོན་པའི་གྲུབ་འབྲས་ཡོད་པ་ཙམ་མ་ཟད། ཕྱག་ལས་དེ་དག་གི་ཉམས་མྱོང་དང་མཐོང་ཐོས་གཞིར་བཞག་ཐོག ད་ལྟའི་རང་རེའི་སྤྱི་ཚོགས་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་སོགས་ཕྱི་ནང་གཉིས་ཀྱི་གནས་བབ་ལ་ཧ་ཅང་འཚམ་པའི་ལས་འཆར་དང་དམིགས་ཡུལ་ཡོད་མཁན་ཡང་རེ་གཉིས་ཤིག་འདུག  དེའི་ནང་ནས་ཆེས་གཟེངས་སུ་ཐོན་པ་ནི་བྱང་ཨ་རིའི་སྐུ་ཚབ་དོན་ཟུར་དང་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་རེད།  སྐལ་རྡོར་ལགས་ནི་མི་གཞན་གྱིས་སྐུལ་མ་དང་རེ་བ་བྱས་པ་ཙམ་གྱིས་སྲིད་སྐྱོང་ལ་བཞེངས་པ་མ་ཡིན་པར་རང་ངོས་ནས་ཚོར་ཤུགས་དྲག་པོ་དང་ཆོད་སེམས་བརྟན་པོས་སྒང་ནས་བཞེངས་ཡིན་པ་ཁོང་གི་སྲིད་སྐྱོང་དུ་ལངས་དགོས་པའི་རྒྱུ་མཚན་ཞེས་པ་ལས་གསལ་པོར་རྟོགས་ཐུབ། ཁོང་གིས་འདས་པའི་ལོ་དགུའི་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་ལས་གནས་ཁག་གསུམ་གྱི་འགན་ཁུར་བཞེས་ཤིང་། དཔལ་འབྱོར་མཁོ་སྒྲུབ་དང་ལས་འཆར་གསར་པ་སྣ་མང་ཞིག་གི་སྒང་ལ་གཙོ་འགན་བཞེས་པའི་ཉམས་མྱོང་ཐོབ་ཡོད་པས། ང་ཚོས་མ་འོངས་པར་ཅི་ཞིག་རྒྱུན་སྐྱོང་དགོས་པ་དང་གང་ཞིག་ལེགས་བཅོས་དགོས་པ། གང་དུ་གསར་གཏོད་དགོས་པ་སོགས་ཚུལ་བཞིན་གཟིགས་པའི་ཐོག་དེ་དག་གི་ཕྱོགས་ལ་དགོངས་པ་ཟབ་བཞེས་ཀྱིས་ལས་འཆར་ལག་ལེན་དུ་འདེབས་འོས་པ་དུ་མ་ཞིག་བསྒྲིགས་ཡོད་པ་ཁོང་གི་“ཤུགས་སྣོན་བརྒྱག་དགོས་སའི་གནད་དོན་ཆེན་མོ་ལྔ་”ཞེས་པར་ཧ་ཅང་གསལ།

འཆར་གཞི་དང་དམིགས་ཡུལ་ལྡན་པའི་སྒོ་ནས་འོས་མིར་བཞེངས་ཡོང་བ་ནི་ཧ་ཅང་རིན་ཐང་ལྡན་པ་ཞིག་རེད་ལ། བོད་མིའི་མང་གཙོ་ལ་བརྩི་མཐོང་དང་འགན་ཁུར་ཆེན་པོ་བཞེས་ཡོད་པའི་རྟགས་མཚན་ཁྱད་དུ་འཕགས་པ་ཞིག་རེད། སྐལ་རྡོར་ལགས་ཀྱིས་དཀའ་ཉེན་མང་པོ་ཞིག་གདོང་ལེན་གནང་བཞིན་ཁོང་ཉིད་སྲིད་སྐྱོང་དུ་བདམས་པ་ཡིན་ན་མ་འོངས་པར་བོད་མི་རྣམས་ལམ་ཁ་གང་འདྲ་ཞིག་དུ་འཁྲིད་འཆར་ཡོད་པའི་སྐོར་ནས་དམངས་ཚོགས་ལ་གོ་རྟོགས་ཀྱི་ལས་འགུལ་ཚ་ཚ་འུར་འུར་དུ་དང་གོ་རིམ་ལྡན་པའི་ངང་ནས་སྤེལ་བཞིན་པ་འདི་ནི་ཧ་ཅང་མིག་དཔེར་འོས་པ་ཞིག་རེད།  ཁོང་གིས་བསྒྲགས་གཏམ་ནང་དུ་རང་ངོས་ནས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་འདི་ཉིད་བོད་མིའི་མང་གཙོའི་གཟི་བརྗིད་ངོམ་སའི་གོ་སྐབས་ཤིག་ཏུ་བསྒྱུར་ཐུབ་པ་བྱེད་རྒྱུ་ཡིན་ཞེས་དམ་བཅའ་གནང་བ་ལྟར་དོན་ལ་གནས་འདུག་སྙམ།

གསུམ་པ། མ་འོངས་སྲིད་སྐྱོང་གི་ཁྱད་དུ་འཕགས་པའི་ལས་འཆར་དང་དམིགས་ཡུལ། 

སྐལ་རྡོར་ལགས་ཀྱི་མ་འོངས་ལས་འཆར་རྣམས་ཁོང་གི་དྲྭ་ཚིགས་དང་གསུང་བཤད་ལས་རིམ་ཁག་ལས་གསལ་པོར་མཇལ་ཐུབ། ཁོང་གིས་“གནད་དོན་ཆེན་པོ་ལྔ་”ཞེས་པ་ལས་དང་པོ་“བོད་མིའི་རང་དབང་འཐབ་རྩོད་ཀྱི་སྟོབས་ཤུགས་གོང་མཐོར་གཏོང་ཐབས”ཞེས་པའི་ནང་སྲིད་སྐྱོང་གསར་པས་པེ་ཅིན་གྱི་རྔ་བརྔུང་སྟངས་ལ་དཔག་པའི་གར་འཁྲབ་ནས་དབུས་བོད་མིའི་སྒྲིག་འཛུགས་དེ་ཉིད་“འཛིན་སྐྱོང་ཉུང་ཙམ་དང་ལས་འགུལ་མང་ཙམ”སྤེལ་བའི་“འཐབ་རྩོད་པའི་སྒྲིག་འཛུགས་”ཤིག་ཏུ་བསྒྱུར་རྒྱུའི་དམིགས་ཡུལ་ཡོད་པ་གསུངས་འདུག  མ་ཟད་བོད་རྒྱལ་ཁབ་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བཙན་བཟུང་བྱས་པ་མ་གཏོགས་ལོ་རྒྱུས་ཐོག་ནས་རང་བཙན་གཙང་མ་ཡིན་པའི་བདེན་དཔང་རྒྱལ་སྤྱིའི་སྟེང་དུ་ར་སྤྲོད་གསལ་པོ་བྱས་ཏེ། དབུ་མའི་ལམ་ནི་བསམ་ཤེས་དང་རྒྱུ་མཚན་ལྡན་པའི་ཐབས་ལམ་ཡང་དག་ཅིག་ཡིན་པ་གསལ་འདོན་གནང་འཆར་ཡོད་པ་རེད།

དེ་དང་འབྲེལ་བའི་གནད་དོན་གཉིས་པ་“དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བྱེད་སྟངས་དེང་རབས་ཅན་དུ་བསྒྱུར་ཐབས་”ཞེས་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་གལ་ཆེན་ཁག་དང་ཞབས་ཞུའི་ལས་རིགས་རྣམས་“བོད་མིའི་སྤྱི་ཚོགས་ཆེན་མོ་གསུམ་”(བོད་ནང་ལོགས། རྒྱ་བལ་འབྲུག་གསུམ། རྒྱལ་ཁབ་གཞན་དུ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས)ལ་སྙོབ་ཐབས་དང་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་སུ་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་བརྡ་འཕྲིན་འཕྲུལ་ཆས་ཀྱི་སྤྱོད་སྒོ་ལ་མང་ཙམ་བརྟེན་པའི་དེང་རབས་རང་བཞིན་ཅན་དུ་བསྒྱུར་དགོས་ཚུལ་གསུངས་འདུག  དེའི་ཕྱོགས་ལ་ཁོང་གིས་ད་ལྟའི་བཀའ་ཤག་གི་འོག་ནས་ཕྱག་ལས་མང་པོ་གནང་གྲུབ་པ་ཡིན་པས་ཉམས་མྱོང་དང་གདེང་ཚོད་ཀྱང་གང་འཚམ་ཐོབ་ཡོད་པ་གདོན་མི་ཟ་བ་ཡིན།  བཙན་བྱོལ་བོད་མི་བརྒྱ་ཆ་ལྔ་བཅུ་ལྷག་ཙམ་རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་སླེབས་ཟིན་པ་ཡིན་པས་བོད་མིའི་སྒྲིག་འཛུགས་དེ་ཉིད་“རྒྱལ་མཚམས་མེད་པའི་སྒྲིག་འཛུགས་”ཤིག་ཏུ་བསྒྱུར་ཏེ། དེའི་ཁྱབ་ཁོངས་རྒྱ་བསྐྱེད་གཏོང་ཐབས་ཀྱི་འཆར་གཞི་བཏིང་བ་ནི་ཅི་འདྲའི་ཁ་ཚ་དགོས་གཏུག་ཅིག་རེད་ཨང་།

གནད་དོན་གསུམ་པ་“བོད་མིའི་ཤེས་ཡོན་ལེགས་བཅོས་”ཞེས་པའི་ནང་བོད་པའི་སློབ་ཕྲུག་རྣམས་ལ་སྤུས་ཚད་གཙོ་བོར་འཛིན་པའི་ཤེས་ཡོན་སྤྲོད་ཐབས་སུ་ད་ལྟའི་ཤེས་ཡོན་ལམ་ལུགས་ལ་ལེགས་བཅོས་དང་མཐུན་རྐྱེན་ཁ་འཐོར་དུ་སོང་བའི་བོད་མིའི་སློབ་གྲྭ་རྣམས་ཁ་གྲངས་བཅོ་ལྔ་ཙམ་ལས་མི་དགོས་པར་ཟླ་སྒྲིལ་གཏོང་རྒྱུ་ཡིན་ཞེས་འཁོད་འདུག བཙན་བྱོལ་བོད་མིའི་སློབ་མ་ ༡༥༠༠༠ ཙམ་ལ་སློབ་གྲྭ་༦༤ (དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྙན་ཐོ་ལྟར་)ཙམ་ཡོད་པས་སྤྱི་སྙོམ་བྱས་ན་སློབ་མ་ ༢༠༠ ཙམ་ལ་སློབ་གྲྭ་རེ་ཐོབ་པ་ཡིན།  མ་ཟད་སློབ་གྲྭ་ཆེ་ཁག་ཚང་མའི་ནང་བོད་པའི་སློབ་ཕྲུག་ཉུང་དྲགས་ནས་མི་རིགས་གཞན་པའི་སློབ་མ་མང་པོ་བསྡུ་བཞིན་ཡོད་ལ་བོད་ཡིག་དང་ཚན་རིག་སོགས་ཀྱི་དགེ་རྒན་ཧ་ཅང་རག་དཀའ་བའི་ཚོད་ལ་སླེབས་ཡོད། སློབ་མའི་ཁ་གྲངས་ལ་དཔག་པའི་སློབ་གྲྭ་རྣམས་ཟླ་སྒྲིལ་གཏོང་ཐུབ་པ་ཡིན་ན། དགེ་རྒན་སོགས་མཐུན་རྐྱེན་ཕྱོགས་ཡོངས་ནས་ཇེ་བཟང་དུ་གཏོང་ཐུབ་ཅིང་སྤུས་ཚད་ལ་དམིགས་པའི་སློབ་སྦྱོང་སྤྲོད་ཐུབ་པ་ཡིན་པས། འདི་ཡང་ཧ་ཅང་དུས་ལ་བབས་ཤིང་གང་མགྱོགས་ལག་བསྟར་དགོས་པའི་འཆར་གཞི་གལ་འགངས་ཅན་ཞིག་རེད། མ་ཟད་ལོ་ལྔ་མན་གྱི་བྱིས་པ་རྣམས་ཀྱི་འཚར་ལོངས་ལ་དཔག་པའི་སློབ་གསོའི་ལས་གཞི་དང་མི་རབས་རྗེས་མའི་མ་དངུལ་གསོག་འཇོག་གནང་འཆར་ཡོད་པ་ནི་དེང་རབས་ཡར་ཐོན་རྒྱལ་ཁབ་མང་པོའི་གནད་དུ་སྨིན་པའི་སློབ་གསོའི་མན་ངག་ཅིག་ཡིན།

གནད་དོན་བཞི་པ་“བོད་མིའི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་གཏོང་རྒྱུ་”ནི་ང་ཚོའི་འཐབ་རྩོད་ཀྱི་དམིགས་གཏད་གཙོ་བོ་ཞིག་ཡིན་པས། དེའི་ཕྱོགས་ནས་ཁོང་གིས་ཆོས་རིག་ལས་ཁུངས་ལ་དུས་དང་འཚམ་པའི་ལེགས་བཅོས་གཏོང་རྒྱུ་དང་། སྐད་ཡིག་དང་རིག་གཞུང་གཅེས་འཛིན་ཐད་མ་རྩ་ཇེ་མང་གཏོང་རྒྱུ། སྐད་ཡིག་དང་རིག་གཞུང་གི་ཆགས་འཇིགས་ཆེ་ཤོས་ཐེབས་ས་ནི་ནུབ་ཕྱོགས་བོད་མིའི་སྤྱི་ཚོགས་དག་ཡིན་པས་དེ་དག་ལ་སྙོབ་ཐུབ་པའི་ལས་དོན་ཡང་རབ་དང་རིམ་པ་ཞིག་བསྒྲིགས་གནང་འདུག མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་དང་འབྲེལ་བའི་ལས་འཆར་ཀུན་གྱི་ཁྲོད་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ལ་དམིགས་བསལ་ཐུགས་སྣང་སྤྲོད་འཆར་འདུག

གནད་དོན་ལྔ་པའི་ནང་ཁོང་གིས་“བོད་མིའི་དཔལ་འབྱོར་རྒྱུན་གནས་གོང་སྤེལ་གཏོང་ཐབས་”སུ་རོགས་ཚོགས་ཁག་དང་འབྲེལ་ལམ་ཇེ་བཟང་དུ་གཏོང་རྒྱུ་དང་ལྷག་པར་དུ་དཔལ་འབྱོར་སྒང་ནས་གཞན་བརྟེན་གྱི་བསམ་བློ་དོར་ཐབས་སུ་གཞུང་སྒེར་མཉམ་འབྲེལ་ཐོག་ཁེ་ལས་ཚོང་གཉེར་གནང་ཐབས་དང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་མ་རྩ་འཇོག་མཁན་གྱི་བུན་གཏོང་དངུལ་ཁང་ཞིག་ཏུ་བསྒྱུར་ཐབས་སོགས་འཆར་གཞི་སྣ་མང་ཞིག་བཏིང་འདུག  འདིའི་ཕྱོགས་ནས་སྐལ་རྡོར་ལགས་ལ་ཉམས་མྱོང་ཕུན་སུམ་ཚོགས་ཤིང་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་མྱོང་ཡོད་པས། མ་འོངས་པར་སྲིད་སྐྱོང་གི་ཞབས་སྟེགས་སྟེང་ནས་རེ་བ་དེ་བས་ཀྱང་ཆེ་བ་ཡོད།  ཧ་ཅང་དུས་དང་འཚམ་ཞིང་གནད་ལ་འཁེལ་བའི་གོང་གི་འཆར་གཞི་ཁག་རེ་རེའི་སྒང་ལ་བསམ་བློ་བཏང་ན་སྐལ་རྡོར་ལགས་ཀྱིས་ནམ་རྒྱུན་ཕྱག་ལས་གནང་བའི་རིང་སོ་སོའི་ལས་འགན་དག་སྒྲུབ་ཐུབ་པ་ཙམ་མ་ཡིན་པར་ང་ཚོའི་སྤྱི་ཚོགས་ཀྱི་ད་ལྟའི་གནས་བབ་དང་གནད་དོན་ཕྱོགས་ཡོངས་ལ་ཐུགས་སྣང་གཏིང་ཟབ་གནང་བཞིན་ཡོད་པ་གསལ་པོ་རྟོགས་ཐུབ།

བཞི་པ། འདས་པའི་ཕྱག་ལས་ལ་གྲུབ་འབྲས་ཆེ་ཞིང་ཉམས་མྱོང་གིས་ཕྱུག་པའི་སྲིད་སྐྱོང་འོས་མི། 

སྐལ་རྡོར་ལགས་ཀྱིས་བོད་མིའི་སྤྱི་ཚོགས་སུ་མི་ལོ་ ༢༣ རིང་ཕྱག་ལས་གནང་བའི་བརྒྱུད་རིམ་ཁྲོད་ཁོང་ལ་ཤར་ནུབ་གཉིས་ཀའི་བོད་མིའི་གནས་བབ་ཐད་རྒྱུས་མངའ་ཆེན་པོ་ཡོད།  དེ་ནི་སྲིད་སྐྱོང་གསར་པར་དགོས་ངེས་གྱི་ཆ་རྐྱེན་གལ་ཆེན་ཞིག་ཡིན་ལ། ལྷག་པར་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་གཏོང་ཐབས་སུ་མེད་དུ་མི་རུང་བ་ཡིན།  ཁོང་གིས་སྲིད་སྐྱོང་གི་དམིགས་བསལ་སློབ་སྟོན་པ་ལོ་གསུམ་གནང་བའི་རིང་སྲིད་སྐྱོང་གི་ཉིན་རེའི་ལས་འགན་མཐའ་དག་ལ་རྒྱུས་ལོན་ཟབ་མོ་ཐོབ་ཡོད་པ་སྨྲོས་མེད་རེད།བྱང་ཨ་རིའི་སྐུ་ཚབ་དོན་གཅོད་གནང་བའི་རིང་ཨ་རིའི་དོན་ཁང་རྒྱལ་ས་ཝ་ཤིན་ཊོན་དུ་སྤོས་ནས་ཨ་རིའི་གཞུང་དང་དབུས་བོད་མིའི་སྒྲིག་འཛུགས་བར་ཟམ་པ་ལྟ་བུའི་ཕྱག་ལས་མང་པོ་གནང་ཡོད། ལྷག་པར་དུ་ལོ་གཉིས་ཙམ་གྱི་དུས་ཡུན་རིང་༧གོང་ས་མཆོག་ཨ་རིར་ཐེངས་བདུན་ཙམ་གདན་ཞུའི་གོ་སྒྲིག་གནང་ཡོད་ཅིང་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་བར་མཇལ་འཕྲད་ཐེངས་གཉིས་གོ་སྒྲིག་གནང་ཡོད།

ཉེ་དུས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་གནང་བའི་རིང་ཁོང་གིས་དཔལ་འབྱོར་འཚོལ་སྡུད་ཀྱི་སྒང་ནས་བྱས་རྗེས་རླབས་ཆེན་བཞག་ཐུབ་པ་བྱུང་ཡོད། ལོ་བཞིའི་རིང་ཨ་རིའི་གཞུང་གི་རོགས་དངུལ་ལྡབ་བཞི་(ཨ་སྒོར་ས་ཡ་ ༢.༩ ནས་ས་ཡ་ ༡༢.༥)ལྷག་འཕར་ཐབས་དང་རོགས་དངུལ་ཐད་ཀར་ལེན་ཐབས་སུ་ཞབས་འདེགས་ཆེན་པོ་བསྒྲུབས་ཡོད་ཅིང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་མ་དངུལ་ལྡབ་སུམ་ཅུ་མ་ཟིན་(ཨ་སྒོར་འབུམ་ ༡.༧ ནས་ས་ཡ་༤.༩༥) ཙམ་འཕར་ཐུབ་པ་བྱུང་ཡོད།  ད་དུང་ཁོང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་དང་བོད་མིའི་དྭང་བླངས་ཁྱད་ལས་པའི་ཞབས་ཞུའི་ལས་གཞི།  གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་སོགས་སུ་འགན་ཁུར་གཙོ་བཞེས་གནང་སྟེ། མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་མང་པོ་བླངས་ཡོད་པ་བཅས་ལས་ཁོང་ལྷག་བསམ་དང་འཇོན་ནུས་སོགས་ང་ཚོས་བཤད་མི་དགོས་པར་དོན་གྱིས་བསྟན་ཡོད་པ་ཡིན།

དབུ་དཀར་ཚང་སྐལ་རྡོར་ལགས་ལ་གཟེངས་སུ་ཐོན་པའི་འདས་པའི་ཕྱག་ལས་ཀྱི་གྲུབ་འབྲས་དང་མ་འོངས་པའི་འཆར་གཞི་གསལ་པོ་ཡོད་པ་ཙམ་མ་ཟད། མ་འོངས་སྲིད་སྐྱོང་ལ་མཁོ་བའི་ཆ་རྐྱེན་གཞན་དག་ཀྱང་ཧ་ཅང་མང་། དེ་དག་ལས་འགའ་ཞིག་ཚིག་ཉུང་དོན་བསྡུས་ཀྱི་ལམ་ནས་ཅུང་ཙམ་བརྗོད་པར་བྱ།

ལྔ་པ། ད་ལྟའི་འཛིན་སྐྱོང་གི་ལས་དོན་རྒྱུན་སྐྱོང་ཐུབ་པ། 

མང་གཙོའི་སྒྲིག་འཛུགས་ཀྱི་ཞན་ཆ་ཆེ་ཤོས་ཤིག་ནི་འོས་བསྡུ་བྱེད་ཐེངས་རེར་གཞུང་འཛིན་པ་བརྗེ་པོ་ཐེབས་འགྲོ་བར་བརྟེན། གཞུང་འཛིན་གསར་རྙིང་བར་བསམ་ཚུལ་མི་མཐུན་པའི་རྐྱེན་གྱིས་གཞུང་གི་ལས་དོན་གལ་ཆེན་མང་པོ་ཞིག་རྒྱུན་སྐྱོང་མི་ཐུབ་པའི་ཉེན་ཁ་ཡོད་པ་དེ་ཡིན། འོན་ཀྱང་། ང་ཚོ་ལ་ཉེན་ཁ་དེ་ལས་གཡོལ་ཐུབ་པའི་ལམ་ཁ་ཧ་ཅང་བཟང་པོ་ཞིག་ཡོད་པར་མཐོང་།  སྐལ་རྡོར་ལགས་ཀྱི་མ་འོངས་ལས་འཆར་ཁག་ནི་འདས་པའི་ཕྱག་ལས་དང་ཧ་ཅང་འབྲེལ་བ་ཟབ་མོ་ཡོད་པ་མ་ཟད། དེ་དག་གི་ཉམས་མྱོང་དང་མཐོང་ཐོས་ལ་བརྟེན་ནས་བཀོད་སྒྲིག་གནང་བ་གསལ་པོ་རེད།  ཁོང་ནི་ད་ལྟའི་བཀའ་ཤག་གི་ལས་དོན་གལ་འགངས་ཅན་ལྔ་དང་ལྔ་བཅུའི་འཆར་སྣང་གི་འཆར་འགོད་པ་དང་འཆར་སྣང་ལག་བསྟར་བྱེད་མཁན་གྱི་ལས་བྱེད་པ་གཙོ་གྲས་ཤིག་ཡིན།  ལྔ་དང་ལྔ་བཅུ་ནི་ད་ལྟའི་བཀའ་ཤག་དང་རབ་བྱུང་ན་མ་འོངས་པའི་བཀའ་ཤག་གི་བོད་མིའི་འཕྲལ་ཕུགས་གཉིས་ལ་དམིགས་པའི་སྲིད་ཇུས་གལ་འགངས་ཅན་ཞིག་རེད།  ད་ལྟའི་བཀའ་ཤག་གི་ལས་དོན་ཕལ་མོ་ཆེ་འཆར་སྣང་དེ་ཡི་ཆ་ཤས་སུ་གཏོགས་ཡོད།  དེར་བརྟེན་སྐལ་རྡོར་ལགས་ནི་ད་ལྟའི་བཀའ་ཤག་གི་གྲུབ་འབྲས་ལྡན་པའི་ལས་དོན་སྤྱི་དང་ལྷག་པར་དུ་ལྔ་དང་ལྔ་བཅུའི་འཆར་སྣང་རྒྱུན་སྐྱོང་བྱེད་མཁན་གྱི་གང་ཟག་ཨང་དང་པོ་དེ་ཡིན། ཁོང་གིས་ཤུགས་སྣོན་བརྒྱག་སའི་གནད་དོན་ཆེན་པོ་ལྔའང་ཞིབ་མོར་བརྟག་ན་ལྔ་དང་ལྔ་བཅུའི་དགོངས་དོན་ཡིན།

དྲུག་པ། བོད་མི་མཉམ་འཁྲིད་ཀྱི་ནུས་པ་ལྡན་པ། 

སྐལ་རྡོར་ལགས་ལ་ཤར་ནུབ་གཉིས་སུ་གནས་པའི་བོད་མི་རྒན་གཞོན་བར་གསུམ་ཚང་མ་མཉམ་འཁྲིད་ཐུབ་པའི་དམིགས་བསལ་གྱི་ནུས་པ་ཡོད།  དེ་ནི་ཁོང་གི་མི་གཞི་ཀུན་སྤྱོད་དང་། ཁྱིམ་ཚང་གི་སློབ་གསོ། སློབ་སྦྱོང་གི་བརྒྱུད་རིམ།  ལས་ཀའི་ཉམས་མྱོང་སོགས་རྒྱུ་རྐྱེན་སྣ་མང་ཞིག་ལ་བརྟེན་ནས་བྱུང་བ་ཡིན། སྐལ་རྡོར་ལགས་ཀྱི་བསྒྲགས་གཏམ་ནང་དུའང་མི་རབས་རྒན་པ་རྣམས་ཀྱི་རྒྱལ་ཞེན་སྙིང་སྟོབས་རྒྱུན་སྐྱོང་གནང་རྒྱུ་དང་མི་རབས་གསར་པ་རྣམས་ལ་འགན་འཁྲི་མང་ཙམ་སྤྲོད་རྒྱུའི་དམིགས་ཡུལ་ཡོད་པ་གསུངས་ཡོད།  ན་གཞོན་རྣམས་ཀྱང་སྐལ་རྡོར་ལགས་ལ་ཧ་ཅང་དགའ་མོས་ཆེ་བ་ཁོང་གི་འོས་བསྡུའི་ལས་འགུལ་གྱི་ཁྲོད་ནས་གསལ་པོར་མཐོང་ཐུབ།སྐལ་རྡོར་ལགས་ཀྱི་བསྒྲགས་གཏམ་ནང་གི་“མི་རིགས་གཅིག་དང་རྒྱལ་ཁབ་གཅིག  འཐབ་རྩོད་གཅིག་”སོགས་ཀྱི་འབོད་ཚིག་དང་“ང་ཚོས་བསམ་བློ་རྒྱ་ཆེ་སར་བཏང་ནས་ནུས་པ་མཉམ་སྤུངས་ཐོག་བོད་མིའི་རང་དབང་དང་ཐོབ་ཐང་སླར་གསོ་བྱེད་དགོས་”ཞེས་པ་སོགས་ལས་ཁོང་གིས་བོད་མིའི་ཆིག་སྒྲིལ་ཇི་ཙམ་གལ་གནད་དུ་བཟུང་ཡོད་པ་གསལ་པོར་རྟོགས་ཐུབ་པས་ནང་ཁུལ་གྱི་དགོས་མེད་རྩོད་རྙོག་ལ་སེམས་གཏིང་ནས་སུན་སྣང་སྐྱེ་བཞིན་པའི་བོད་མི་བྱིངས་དང་ལྷག་པར་དུ་ན་གཞོན་ཚོས་ཁོང་ལ་དགའ་མོས་བྱེད་པའི་རྒྱུ་མཚན་ཆེ་ཤོས་ཤིག་ཀྱང་དེ་ལོས་ཡིན་སྙམ།  ད་དུང་ཁོང་གིས་དྲིལ་བསྒྲགས་ཡིག་ཆའི་སྟེང་དུ་རང་བཙན་འཐབ་རྩོད་པ་སོགས་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་ཀུན་ལ་གུས་བརྩི་དང་ཆེ་མཐོང་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ངེས་ཡིན་པ་གསུངས་ཡོད། འདི་ཡང་ཧ་ཅང་གནད་འགག་ཅིག་རེད། ང་ཚོས་ནམ་རྒྱུན་རང་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་ཚོར་ཁ་གཏད་གཅོག་ཐབས་སུ་རང་ཉིད་ནི་ངེས་པ་དོན་གྱི་༧རྒྱལ་བའི་བཀའ་དགོངས་སྒྲུབ་མཁན་ཡིན་ཞེས་དད་མོས་ངོམ་སོ་(དད་པ་འགྲན་བསྡུར་)བྱེད་པའི་གོམས་གཤིས་ཤིག་འདུག་པ་དེས་དགོས་མེད་ཀྱི་རྙོག་གླེང་མང་པོ་ཞིག་ནང་འདྲེན་བྱེད་ཀྱི་ཡོད།

སྐལ་རྡོར་ལགས་ཀྱི་མི་གཞི་ཀུན་སྤྱོད་ལ་བརྟག་ན་ཁོང་གིས་ང་ཚོའི་ནང་ཁུལ་འཐེན་འཁྱེར་གྱི་རྙོག་གྲའི་རིགས་ལ་དོ་སྣང་སྤུ་ཙམ་ཡང་གནང་རྒྱུ་མིན་པ་ཁག་ཐེག་བྱེད་ཐུབ། གལ་ཏེ་ཁོང་སྲིད་སྐྱོང་དུ་ཕེབས་པ་ཡིན་ན་སྔ་མའི་འོས་བསྡུ་དང་དེའི་རྗེས་ཀྱི་རྙོག་གླེང་ཐམས་ཅད་རྙིགས་རོ་བཞིན་དུ་འདོར་ངེས་རེད།  མ་གཞི་ཁོང་ལྟ་བུའི་“བསམ་བློ་རྒྱ་ཆེ་སར་”གཏོང་ཐུབ་མཁན་གྱི་སྐྱེ་བུ་རང་ཚུགས་ཅན་ཞིག་ལ་མཚོན་ན་ནང་ཁུལ་གྱི་དགོས་མེད་རྩོད་རྙོག་དེའི་རིགས་སྤང་རྒྱུ་ནི་དཀའ་ལས་ཤིག་ཏུ་བརྩི་མི་སྲིད་སྙམ།

བདུན་པ། རྒྱལ་སྤྱིའི་མཐོང་རྒྱ་དང་རྒྱ་ནག་གི་སྲིད་ཇུས་ལ་རྒྱུས་མངའ་ཟབ་པ། 

སྐལ་རྡོར་ལགས་ཀྱིས་རྒྱལ་སྤྱིའི་རྩ་འཛུགས་ཁག་དུ་མའི་ནང་ཕྱག་ལས་གནང་མྱོང་ཞིང་ཡར་ཐོན་ཅན་གྱི་སྲིད་ཇུས་བཟོ་འགོད་དང་ལས་འཆར་བཀོད་སྒྲིག་གི་ཕྱོགས་ལ་ཉམས་མྱོང་ཟབ་པོ་ཡོད་པ་མ་ཟད་ཧིན་བོད་དབྱིན་གསུམ་གྱི་སྐད་ལ་བྱང་ཆ་ལྡན། མ་ཟད་ཁོང་གི་གཙུག་ལག་རབ་འབྱམས་པའི་སྦྱང་བྱ་ནི་རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས་དང་རྒྱལ་སྤྱིའི་ཚོང་འབྲེལ་རེད། ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་མཐར་གཏུག་ན་སྟོབས་ཆེན་རྒྱལ་ཁབ་ཚོའི་བར་གྱི་ཚོང་འབྲེལ་ལ་རག་ལས་ཡོད་པས། ང་ཚོའི་སྲིད་སྐྱོང་གིས་རྒྱལ་སྤྱིའི་ཚོང་འབྲེལ་དང་རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས་ལ་བརྟེན་ནས་ཕྱག་ལས་གནང་དགོས་པ་སྨྲོས་མེད་ཡིན་པས་དེ་གཉིས་ཀྱི་སྒང་ལ་མཁྱེན་རྟོགས་དགོས་པའང་ཧ་ཅང་གལ་འགངས་ཆེ། ཆ་རྐྱེན་དེ་དག་ཙམ་མ་ཟད་མཐའ་ན་གཟུགས་བབ་ལང་ཚོ་དང་ན་ཚོད་ཀྱི་སྒང་ནས་བལྟས་ཀྱང་སྐལ་རྡོར་ལགས་ནི་ད་ལྟའི་སྲིད་སྐྱོང་འོས་མི་ཚོའི་ཁྲོད་ཀྱི་ཐོ་རེངས་སྐར་ཆེན་ལྟ་བུ་རེད།

མཐའ་དོན།  

ད་ལྟའི་དུས་ཚོད་འདི་ནི་རང་ཅག་བཙན་བྱོལ་དུ་ཡོང་ནས་མི་ལོ་དྲུག་ཅུའི་ནང་གི་ཕལ་ཆེར་ལོ་དུས་གནད་འགག་ཆེ་ཤོས་ཤིག་རེད། ང་ཚོས་རི་བོ་གངས་ཅན་པ་ཚང་གི་འཕྲལ་ཕུགས་རྒྱང་གསུམ་གྱི་ཆེད་དུ་ཤེས་འཇོན་ལྡན་ཞིང་ལྷག་བསམ་གྱིས་ཕྱུག་པ། དུས་མཐུན་གྱི་འཆར་སྣང་ཕུན་སུམ་ཚོགས་པའི་དབུ་ཁྲིད་ཅིག་འདེམས་དགོས་པ་ནི་རང་གཞན་ཀུན་གྱི་འོས་འགན་ཡིན། རང་གི་རྩ་ཆེའི་འོས་ཤོག་སུ་ལ་བླུག་མིན་ནི་སོ་སོའི་ཐུགས་འདོད་ཡིན་མོད། འོན་ཀྱང་། ང་ཚོས་ད་ཡོད་འོས་མི་རྣམ་པའི་འདས་པའི་བྱས་རྗེས་དང་ལྷག་ཏུ་མ་འོངས་འཆར་གཞི་ཚུལ་བཞིན་རྟོགས་པའི་སྒང་ནས་འོས་མི་ལེགས་ཤོས་དེ་འདེམས་དགོས་པ་ལས་གཞན་ཟེར་རྗེས་འབྲངས་དང་དགོས་མེད་འཐེན་འཁྱེར་གྱི་དབང་གིས་འོས་ཤོག་བླུགས་པ་ཡིན་ན་འཆི་གསོན་གྱི་མཚམས་སུ་ལུས་པའི་མི་རིགས་འདི་ལ་གནོད་ཆེན་པོ་བསྐྱལ་བ་ཡིན་ལ་རང་ཉིད་བོད་མི་ཞིག་ཡིན་པའི་འགན་ཡང་ཡོངས་སུ་མ་འགྲུབ་པ་ཡིན་པ་སེམས་ལ་འཛིན་དགོས།     བོད་རྒྱལ་ལོ།།

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 13

  1. གྲུ་ཟུར་གྱི་ཨ་མཆོད། says:
    ལོ་ 5 སྔོན།

    འདི་དུས་བབ་ཚང་གི་ཆེ་མཐོང་མཐོར་འདེགས་ཀྱི་སྔོན་ལྟས་ཤིག་ཡིན་པའི་རེ་བ་ཡོད།
    ཐོག་དང་པོ་གུས་པ་ནི་དུས་བབ་ཚང་ལ་གནས་བཅའ་མཁན་གཙོ་གྲས་ཤིག་ཡིན། དུས་ཚོད་འགྱུར་རིམ་བཞིན་དུས་བབ་ཚང་གི་ཁོག་རྒྱ་ཡང་འགྱུར་ནས་བར་སྐབས་ཤིག་ནས་ང་ལྟ་བུའི་རྩོམ་ཡིག་ངོས་ལེན་མེད་པར་གྱུར་སོང་། དེ་རིང་དོན་ཟུར་དབུ་དཀར་ཚང་སྐལ་རྡོར་ལགས་ལ་མཐོང་བྱེད་པའི་རྩོམ་ཡིག་འདི་མཐོང་བས་སེམས་པ་དགའ་བྱུང་། རྒྱུ་མཚན་ནི་རྩོམ་སྒྲིག་པ་གསར་པ་ཕེབས་པས་དུས་བབ་ཚང་གི་ཁོག་རྒྱ་གསར་བ་ཞིག་བསྐྱེད་བྱུང་ཡོད་པའི་རེ་བ་ཡོད།

    Reply
  2. Sonam Gyaltsen says:
    ལོ་ 5 སྔོན།

    གང་ལྟར་ ཁྱེད་རང་བསྐལ་རྡོར་གྱི་རྐུབ་ལྡག་མཁན་རེད་འདུག་ག དཔེར་ན་་་ ༡༽ བློ་བཟང་སེང་གེའི་་་ གསར་གཏོད། རང་ཁ་རང་གསོ། ༧གོང་ས་མཆོག་བོད་ལ་གདན་ཞུ། 1 གསར་གཏོད།- 5+50 དེ་ བོད་དོན་ནར་འགྱངས་དང་ རྐུབ་ཀྱག་གཏན་སྡོད་ཀྱི་གཡོ་ངན་བཤམས། བོད་རང་དབང་ཐོག་ཚིག་གཅིག་ཀྱང་བསྒྲགས་ཡ་མེད། བོད་རྒྱ་གྲོས་མོལ་ཡང་བྱས་མེད། བོད་མི་མགོ་སྐོར་གཏོང་ཆེད་ བག་སུ་ལམ་ ཟ་ཁང་ཞིག་དུ་ཚོགས་འདུ་ཞིག་སྐོང་། དེ་ནས་རྒྱ་རི་བློ་གྲོས་དགོངས་པ་ཞུ།། བཙན་བྱོལ་ཁྲིམ་ཞིབ་ཁང་ལ་མཐོང་ཆུང་དང་གཡབ་ཆུང་། སྤེན་པ་ཚེ་རིང་རྒྱ་གར་ལ་ཚུར་ཡོང་དུས་ གཞུང་གི་ལས་དོན་ཡོད་དོག་དོག ཕ་ཕ་བྲོས། ཚུ་ཚུ་བྲོས།། 2 རང་ཁ་རང་གསོ།-> རང་གི་ཁ་དང་ནང་མི་ཁ། ཨ་སྒོར་ས་ཡ་ཉི་ཤུ་ཡིས་ཁང་པ། 3 ༧གོང་ས་མཆོག་བོད་ལ་གདན་ཞུ།-> སྟོང་པའོ། ཨོཾ་ཨཿཧཱུཾ། ? ད་ཆ་ སྲིད་ཐེངས་གཉིས་པ་ཡང་ཚར་རན།། ད་ Kaldor ཁོ་བློ་སེང་གི་རོག་པ་རེད་པ། ༡༽ ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ ༢༽ ༧གོང་ས་མཆོག་ ཨ་རི་ལ་ཕེབས་དུས་ དོད་རྒྱལ་ཚོགས་པ་ ༧སྐུ་མདུན་ལ་ངོ་ལོག་རྒྱག་བཅུག་པ། ༣༽ ཨ་རི་དོན་གཅོད་ཁང་གི་༧གོང་ས་མཆོག་གི་སྐུ་པར་མར་ཕབ་ནས་ བློ་བཟང་སེང་གེའི་འདྲ་པར་ཡར་བཤམ་པ། ? ? ? ? ད་དུང་ བློ་སེང་ཁོང་གཉིས་ཀྱི་ བོད་པའི་ ན་གཞོན་ཚོ་ Brain Wash ཆེད་ 5+50 དང་ Empowering The Vision ན་གཞོན་ནུས་སྤེལ་ལས་གཞི། ཟེར་བ་ཞིག་ལས་འགུལ་སྤེལ། ? ? ? ?

    Reply
  3. tashi says:
    ལོ་ 5 སྔོན།

    བུ་ཁྱེད་ཀྱི་རྩོམ་དེ་ཞེ་བོ་བྲིས་ཡོད་བསམ་པའི་ཚོར་སྣང་ཡོད་འགྲོ། འོ་དེ་ཆར་སྣང་རེད། སྟོང་པ་སྟོང་ཀྱང་རེད། མི་དེ་འདྲ་ཞིག་ལ་ཁྱེད་ཀྱི་དུས་ཚོད་དེ་འདྲ་བཏང་ནས་རྩོམ་བྲིས་པ་ལས་ཁྱེད་རང་གི་སློབ་སྦྱོང་ཐོག་དུས་ཚོད་བཏང་གནང་ན་ཡག་གི་རེད་བསམ་བྱུང་། སྲིད་སྐྱོང་སྐལ་རྡོར་ལ་ངེས་འོས་ནམ་ཡང་འཕེན་ས་མ་རེད། དངུལ་འབུམ་ཕྲག་རེག་གི་ཡོད་ན་འདྲ་མི་དེར་འོས་འཕེན་གྱིན་མིན་ནོ།

    Reply
  4. འདམ་སྐྱེས། says:
    ལོ་ 5 སྔོན།

    ཁྲིམས་ལུགས་སློབ་མ་ཉི་འོད་ལགས་ངོ་ཤེས་དང་ཆ་རྒྱུས་གང་ཡང་མེད་ཀྱང་ཁྱེད་ནས་ཐུགས་སྣང་དང་ཉམས་ཞིབ་གང་འཚམས་གནང་ནས་སྲིད་སྐྱོང་འོས་གཞིའི་སྐོར་བྲིས་གནང་བ་འདི། ཉིན་ཤས་སྔོན་ནས་མཐོང་ཀྱང་ད་བར་མཇལ་ཐུབ་མ་སོང་། ད་རིང་ཆ་ཚང་ཞིབ་མཇལ་ཞུས་པར་ནང་དོན་གི་བརྗོད་བྱ་རྣམས་དོན་གནས་ཤིང་དྲང་ཚུགས་ལྡན་པའི་བསམ་ཤོག་ཞིག་ཏུ་མཐོང་། དེས་ན་སོ་སོས་སྲིད་སྐྱོང་འོས་གཞི་སུ་འདེམས་ད་སྐབས་ངེས་མེད་ནའང་། བོད་རིགས་ནང་ཁུལ་དུ་དགྲ་དགའ་གཉེན་སྡུག་གི་དགོངས་ཚུལ་མ་ཡིན་པར། སྐུ་ཉིད་སློབ་མ་ཞིག་གི་ངོས་ནས་སོ་སོའི་དགོངས་ཕྱོགས་དང་བཅས་ཡོངས་ལ་འདི་བཞིན་སྤེལ་གནང་བར་དགའ་བསུ་དང་ལེགས་བརྗོད་ཡོད།།

    Reply
  5. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    དཔྱད་རྩོམ་དེ་ཞིབ་ཏུ་ཀློག་སྐབས་སྐལ་རྡོར་ལ་རྒྱབ་སྐྱོར་ཐོབ་རྒྱུའི་ཚབ་ཏུ་རྒྱབ་འགལ་བྱེད་མཁན་མང་དུ་འགྲོ་ས་རེད་མཆན་འདེབས་མཁན་ཚོའི་མཆན་ལ་བལྟ་དང་ཧཧཧཧ།

    Reply
  6. འཇམ་དབྱངས་རྒྱ་མཚོ། says:
    ལོ་ 5 སྔོན།

    ལྔ་དང་ལྔ་བཅུ་ནི་འཆར་སྣང་ཙམ་མ་གཏོགས་གྲུབ་འབྲས་ཐོན་རྒྱུ་མེད་པའི་མིང་སྟོང་ཙམ་རེད། ལྔ་དང་ལྔ་བཅུའི་སྟེང་གསུངས་པའི་ཟམ་གདོང་རིན་པོ་ཆེ་གསུང་བཤད་ལས་ཤེས་ཐུབ། འགྲོ་སོང་དེ་བོད་མི་སྐྱོ་བོ་ཚོར་རོགས་དངུལ་དུ་གནང་ཡོད་ན། བཙན་བྱོལ་བོད་མའི་དཀའ་ངལ་མང་པོ་ཞིག་སེལ་ཐུབ།སྟོང་བཤད་ཙམ་ལ་རེ་བའི་གཞོན་སྐྱེ་ཁ་ཤས་དང་མ་འོང་པ་ལ་བསམ་བློ་གཏོང་མི་ཤེས་པ་དག་གིས་སྐད་ཆ་སྟོང་པ་ཙམ་ལ་མགོ་འཁོར་དེ་ལ་གཤིབ་བསྡུར་མི་བྱེད།འོས་མི་དེས་ལས་ཀ་བྱེད་ཐུབ་མིན་ལ་བལྟ་དགོས་པ་ལས་སྐད་ཆ་གང་རྫིགས་ལ་ལྟ་བ་ནི་ཀླདསྟོང་ཚོའི་་བསམ་བློ་གྲུབ་འབྲས་མེད་པ་དེ་རེད།

    Reply
    • ཐུབ་སྐལ། says:
      ལོ་ 5 སྔོན།

      གླད་སྟོང་གཡམ་རྒྱུགས་བྱེད་པ་ནི་དོན་དུ་བོད་མི་རིགས་ལ་གཞེན་པ་མིན་པར་རང་གི་འདོད་ཕྱོགས་ཁོ་ན་ངེས་བཟུང་ཆེད་འོས་མི་གཞན་པར་དམའ་འབེབས་བྱས་ཏེ་རང་གི་འོས་མིར་བྱ་དེའི་ལམ་འགྲོ་བཙལ་འདོད་ན་བོད་མི་མང་རི་བོང་ཅལ་སྒྲོག་བྱེད་མཁན་མིན་མིན་ཙང་ཁྱེད་རང་གི་དམིགས་ཡུལ་འགྲུབ་ཁག་ཙམ་བྱས་པ་རེད།

      Reply
  7. བསྟན་ཆོས། says:
    ལོ་ 5 སྔོན།

    མགོ་ནས་བཀླག་སྐབས་ཞེ་བོ་ཞིག་བྲི་མདོག་མདོག་བྱས་འདུག མར་ཡོང་དུས་སྐལ་རྡོར་ངེས་བཟུང་འདུག དེ་མ་ཐག་ཀློག་མཚམས་གཞག་ནས་མཆན་འདི་བྲིས་སོ།།་

    Reply
  8. namgyal says:
    ལོ་ 5 སྔོན།

    གོང་གི་དཔྱད་བརྗོད་ཧ་ལས་པ་སྤེལ་འདུག།གོང་ན་ལྔ་དང་ལྔ་བཅུ་དང་འབྲེལ་ནས་གནད་དོན་གང་མང་པོ་ཞིག་གི་ཐོག་བསམ་ཚུལ་ཡག་པོ་བརྗོད་འདུག་ཡིན་ཡང་ད་ལྟ་བར་5་་་་50་ཐོག་ཚོགས་འདུ་རིམ་པ་ཚོགས་ཐེངས་རེ་སྔོན་རྩི་སྒོར་འབུམ་རྒྱ་རེ་འགྲོ་སོང་བཏང་ནས་ཚོགས་བཅར་བ་ཕྱི་རྒྱལ་ནས་སླེབས་མཁན་རྣམས་ལ་ཨ་སྒོར་1500་མིན་ཙམ་ལམ་འགྲོ་དང་མགྲོན་ཁང་རྩིག་པོ་ནང་བསྡད་ནས་སྤྲོད་སྐྱིད་ཙམ་ལས་ཁ་ཡོད་ལག་ཡོད་གྲུབ་འབྲས་གང་ཐོན་འདུག།དེ་ཐོག་ཡང་ཐུགས་བསམ་ཞིག་བཞེས་རན་རེད།ཚོགས་འདུས་ཐོག་ཕྱི་རྒྱལ་ནས་ནང་མི་རེ་ཟུང་ནས་མི་གཉིས་དང་གསུམ་ཡང་རྒྱ་གར་ལ་ཡུལ་སྐོར་སླེབས་མཁན་ཡོད་པ་མངོན་གསལ་རེད།སྐལ་རྡོར་ལགས་ལ་མཉམ་འཁྲིད་ནུས་པ་ག་ཚོད་ཡོད་ནས་གང་སྐྱིད་སྡོད་མཁན་རྣམས་ཀྱི་ཤེས་གསལ་རེད།མང་པོ་བརྗོད་མི་དགོས་བར་ད་ལྟའི་དུས་འདི་བོད་མི་འཐབ་བརྩོད་ཤི་དང་གསོན་གྱི་གནས་འབབ་ཅིག་ལ་སླེབས་ཡོད་པས་མགོ་འཁྲིད་མ་ནོར་བར་འདེམས་གལ་ཆེ།མ་གཞིས་དངུལ་ཁང་ལས་གཞི་འདི་བཀའ་ཤག་གོང་མའི་སྐབས་ནས་ཡོད་པ་ཅིག་རེད་མ་གཏོགས་ཁོང་གི་འཇོན་བཞག་པ་གང་ཡང་མ་རེད།མ་ཟད་ཁོང་ཧིན་བོད་དབྱིན་གསུམ་ནང་ནས་བོད་ཡིག་ཡག་པོ་ཡོད་པ་ཁྱོད་ལ་སུ་བཤད་སོང་།གང་ལྟར་ད་ལྟའི་སྐབས་མ་འོངས་འཐབ་རྩོད་རྒྱུན་གནས་དང་བོད་མི་རྣམས་རྡོག་རྩ་ཆིག་སྒྲིལ་གྱི་གནས་འཁྲིད་ཐུབ་མཁན་ཞིག་དགོས་རེད་མ་གཏོགས་འཛིན་སྐྱོང་དེང་རབས་ཅན་ལ་སྒྱུར་རྒྱུ་དེ་ཙམ་གལ་ཆེན་མ་རེད།

    Reply
  9. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    དཔྱད་རྩོམ་འདི་ཆ་ཚང་ཀློག་པ་ཡིན་ང་ཚོའི་འགན་ཁུར་ས་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལས་གཞན་དུ་མེད་ན་། ( དཱང་བླངས་ཀྱིས་སྲིད་སྐྱོང་ལ་བཞེངས་པ་དང་། ) བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། སྤྱི་འཐུས་ལ་དཱང་བླངས་བཞེངས་རྒྱུའི་ཆ་རྐྱེན་ཡོད་པ་ལས་། སྲིད་སྐྱོང་ལ་དཱང་བླངས་བཞེངས་རྒྱུའི་ཆ་རྐྱེན་བཅའ་ཁྲིམས་ནང་གསལ་མེད་ན་ཁྲིམས་མཐུན་ལ་ངོས་འཛིན་དགོས་པ་རེད་དམ་ཁྲིམས་འགལ་ལ་ངོས་འཛིན་དགོས་པ་རེད་དབུས་འོས་བསྡུ་ལྷན་ཁང་ནས་མང་ཚོགས་ལ་གསལ་བཤད་ཕེབས་དགོས་པ་མཐོང་།

    Reply
  10. བློ་བཟང་མཁས་གྲུབ། says:
    ལོ་ 5 སྔོན།

    ཁྲིམས་ལུགས་ཤིག་སྦྱང་ཡོད་ན་མ་གཏོགས་ཆབ་སྲིད་དང་མི་ལ་རྒྱུས་ལོན་རྩ་ནས་བྱུང་མི་འདུག། སྐྱོན་གནད་ཆེ་ཤོས་དང་གཡང་ས་སྡུག་ཤོས་དེ་རེད། མ་ཟད་གསར་བུ་སྣང་བ་མཐོ་དྲག་ནས་མིའི་ཞབས་ཡོག་ལ་ཤོར་འདུ་སྙིང་རྗེ།།

    Reply
  11. Sonam Gyaltsen says:
    ལོ་ 5 སྔོན།

    གང་ལྟར་ ཁྱེད་རང་བསྐལ་རྡོར་གྱི་རྐུབ་ལྡག་མཁན་རེད་འདུག་ག དཔེར་ན་་་ ༡༽ བློ་བཟང་སེང་གེའི་་་ གསར་གཏོད། རང་ཁ་རང་གསོ། ༧གོང་ས་མཆོག་བོད་ལ་གདན་ཞུ། 1 གསར་གཏོད།- 5+50 དེ་ བོད་དོན་ནར་འགྱངས་དང་ རྐུབ་ཀྱག་གཏན་སྡོད་ཀྱི་གཡོ་ངན་བཤམས། བོད་རང་དབང་ཐོག་ཚིག་གཅིག་ཀྱང་བསྒྲགས་ཡ་མེད། བོད་རྒྱ་གྲོས་མོལ་ཡང་བྱས་མེད། བོད་མི་མགོ་སྐོར་གཏོང་ཆེད་ བག་སུ་ལམ་ ཟ་ཁང་ཞིག་དུ་ཚོགས་འདུ་ཞིག་སྐོང་། དེ་ནས་རྒྱ་རི་བློ་གྲོས་དགོངས་པ་ཞུ།། བཙན་བྱོལ་ཁྲིམ་ཞིབ་ཁང་ལ་མཐོང་ཆུང་དང་གཡབ་ཆུང་། སྤེན་པ་ཚེ་རིང་རྒྱ་གར་ལ་ཚུར་ཡོང་དུས་ གཞུང་གི་ལས་དོན་ཡོད་དོག་དོག ཕ་ཕ་བྲོས། ཚུ་ཚུ་བྲོས།། ? ? ? ? 2 རང་ཁ་རང་གསོ།-> རང་གི་ཁ་དང་ནང་མི་ཁ། ཨ་སྒོར་ས་ཡ་ཉི་ཤུ་ཡིས་ཁང་པ། 3 ༧གོང་ས་མཆོག་བོད་ལ་གདན་ཞུ།-> སྟོང་པའོ། ཨོཾ་ཨཿཧཱུཾ། ? ད་ཆ་ སྲིད་ཐེངས་གཉིས་པ་ཡང་ཚར་རན།། ད་ Kaldor ཁོ་བློ་སེང་གི་རོག་པ་རེད་པ། ༡༽ ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ ༢༽ ༧གོང་ས་མཆོག་ ཨ་རི་ལ་ཕེབས་དུས་ དོད་རྒྱལ་ཚོགས་པ་ ༧སྐུ་མདུན་ལ་ངོ་ལོག་རྒྱག་བཅུག་པ། ༣༽ ཨ་རི་དོན་གཅོད་ཁང་གི་༧གོང་ས་མཆོག་གི་སྐུ་པར་མར་ཕབ་ནས་ བློ་བཟང་སེང་གེའི་འདྲ་པར་ཡར་བཤམ་པ། ? ? ? ? ད་དུང་ བློ་སེང་ཁོང་གཉིས་ཀྱི་ བོད་པའི་ ན་གཞོན་ཚོ་ Brain Wash ཆེད་ 5+50 དང་ Empowering The Vision ན་གཞོན་ནུས་སྤེལ་ལས་གཞི། ཟེར་བ་ཞིག་ལས་འགུལ་སྤེལ། ? ? ? ?

    Reply
    • ཐུབ་དབྱིག says:
      ལོ་ 5 སྔོན།

      ཁྱེད་རང་གི་རྩོམ་ཡིག་འདིར་ད་ལྟའི་བོད་མིའི་སྤྱི་ཚོགས་ཀྱི་དཀའ་ངལ་ངོ་མ་གང་ཡིན་ངོས་བཟུང་ཐུབ་མི་འདུག་པ་དེ་ལ་དཔྱད་ཚེ་ཁྱེད་ཀྱིས་འདས་པའི་ལོ་བཅུ་ལ་ཉེ་བའི་རང་བཙན་བྱོལ་ནང་བོད་མི་འབུམ་གཅིག་ཙམ་ཡོད་པ་དེ་ཕྱོགས་གཉིས་ལ་ཁ་ཐོར་བཏང་བའི་གནས་ཚུལ་དེ་གཏན་ནས་མཁྱེན་རྟོགས་མེད་པ་འདྲ། མ་འོངས་པའི་ལོ་ལྔ་དེ་སླར་ཡང་༥།༥༠ཟེར་བའི་སྐད་ཆ་སྙན་པོ་དང་སྤྱི་ཚོགས་ཁ་ཐོར་གྱི་གནས་སྟངས་ནང་བསྡོད་དགོས་བྱུང་ན་བོད་མི་རིགས་ལ་ཤིན་ཏུ་ཛ་དྲག་དང་གཉན་འཕྲང་ཆེ་བའི་དུས་ཚོད་དེ་ཆུད་བཟོས་གཏང་རྒྱུ་ལས་མ་འདས། ང་ཚོར་༢༠༡༦ལོར་བྱུང་བའི་བོད་མི་བཙན་བྱོལ་བ་རྣམས་ཕྱོགས་གཉིས་སུ་ཁ་ཐོར་བཏང་ཡོད་པ་དེ་གཅིག་བསྒྲིལ་བྱེད་ཐུབ་མཁན་གྱི་དབུ་ཁྲིད་གཅིག་དགོས་པ་དང་། དེ་བྱུང་ན་བོད་མིའི་ནུས་ཤུགས་རང་བཞིན་གྱི་རྒྱས་རྒྱུ་རེད། གང་ལྟར་༢༠༡༦ལོར་བྱུང་བའི་གནས་ཚུལ་དང་དངོས་ཤུགས་འབྲེལ་བ་ཡོད་མཁན་སུ་ཡང་༢༠༢༡སྲིད་སྐྱོང་འོས་མིར་ལང་པ་ཡིན་ན་༢༠༡༦གནས་སྟངས་དེ་མུ་མཐུད་གནས་རྒྱུ་རེད།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese