བཞུགས་སྒར་དྷ་རམ་ས་ལ་ནས་འབྲས་ལྗོངས་སྣ་ཐོད་ལ་བར་གོམ་བགྲོད་ལས་འགུལ་སྤེལ་མཁན་བསྟན་འཛིན་དོན་གྲུབ་ལགས་དེ་རིང་ཕྱི་ཚེས་ ༡༠ ཉིན་ཅན་དྷི་སྒར་(Chandigarh) དུ་འབྱོར་བར་ཀི་ལོ་མི་ཊར་ ༡༥ ཙམ་ལས་མི་འདུག
འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཁོང་ལ་འདས་པའི་བདུན་ཕྲག་ལྷག་ཙམ་རིང་ལམ་བར་ནས་གནམ་གཤིས་དང་ནད་ཡམས་འགོས་ཁྱབ་སོགས་ཀྱིས་དཀའ་ངལ་འཕྲད་ཡོད་མེད་དྲིས་པར་ཁོང་གིས། ཧི་མ་ཅལ་མངའ་སྡེ་ཕུད་པའི་ས་གནས་གཞན་དག་ཏུ་གནམ་གཤིས་ཚ་དྲོད་ཆེན་པོ་ཡོད་ལུགས་དང། ནད་ཡམས་སྔོན་འགོག་ཆེད་ཁ་རས་ཉིས་རྩེག་གྱོན་ཞིང་ཡང་ནས་ཡང་དུ་ཁ་རས་བརྗེ་པོ་རྒྱག་གི་ཡོད་སྐོར་དང་། བཟའ་བཏུང་དང་སྡོད་གནས་ཐད་དཀའ་ངལ་གང་ཡང་མེད་སྐོར་བརྗོད་བྱུང་།
ཟླ་འདིའི་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོར་བཞུགས་སྒར་དྷ་སའི་མེག་གྷན་ནས་བསྟན་འཛིན་དོན་གྲུབ་ལགས་ཀྱི་ཞི་བའི་གོམ་བགྲོད་མགོ་འཛུགས་བྱས་ཡོད་པ་དང་། སྐབས་དེར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་མི་མང་བཅས་ནས་ཁོང་ལ་ཕེབས་སྐྱེལ་གནང་ཡོད་པ་དང་། སྐབས་དེར་བསྟན་འཛིན་དོན་གྲུབ་ལགས་ཀྱིས་གསར་འགོད་པར་ད་ལན་གྱི་གོམ་བགྲོད་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཐད་ཡིན་པ་དང་། རྒྱ་ནག་གིས་བོད་ནང་གི་ཤིང་ནགས་གཅོད་གཏུབ་དང་། ཆུ་ཁ་བསྒྱུར་ནས་ཆུ་མཛོད་འཛུགས་སྐྲུན་སོགས་བྱས་ཏེ་བོད་ནང་གི་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད་ལ། རང་ཉིད་ཀྱི་བསམ་པ་ལྟར་ན། གལ་ཏེ་ད་ལྟ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་མ་བྱས་ཚེ། འབྱུང་འགྱུར་ལོ་བཅོ་ལྔ་ཉི་ཤུའི་ནང་བོད་ཙམ་དུ་མ་ཟད། ཨེ་ཤ་ཡ་ལྷོ་མ་ཀུན་ལ་དཀའ་སྡུག་འཕྲད་ངེས་ཡིན་སྐོར་དང་། ལས་འགུལ་གྱི་དམིགས་ཡུལ་གཉིས་པ་ནི་རང་ཉིད་ལྟ་བུའི་གཞོན་སྐྱེས་རྣམས་ལ་སྐུལ་མ་གཏོང་ཆེད་ཡིན་སྐོར་བརྗོད་སོང་།
བསྟན་འཛིན་ཕུར་བུ།