མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེས་བཅུ་དང་འབྲེལ་ནས་སྔགས་པའི་སྐོར་གླེང་བ།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཀླུ་སྨྱོན་ཧེ་རུ་ཀ

སྔ་འགྱུར་གླིང་གི་རྣམ་པ་ལྷན་རྒྱས་ཚང་མར་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ། དེ་རིང་ཡིན་ན་གུ་རུ་རིན་པོ་ཆེ་ཨོ་རྒྱན་སངས་རྒྱས་གཉིས་པའི་ཚེས་བཅུའི་དུས་ཆེན་ཁྱད་པར་ཅན་དེ་འདྲ་ཞིིག་ལ་ཁེལ་ཡོད་པ་རེད། དེ་འདྲ་ཡིན་པས་ས་ཆ་སོ་སོ་དང་རྒྱལ་ཕྱི་ནང་ཀུན། བོད་ཆོལ་ཁ་གསུམ་ན་བོད་མི་སྐྱ་སེར་རྒན་གཞོན་ཕོ་མོ་ཁྱད་མེད་དུ་གུ་རུ་ཨོ་རྒྱན་སངས་རྒྱས་གཉིས་པའི་གསོལ་འདེབས་འདྲ་མིན་དཔེར་ན་ཚིག་བདུན་གསོལ་འདེབས་ལྟ་བུ། བཛྲ་གུ་རུ་འདྲ་བོ་དང་དུས་གསུམ་སངས་རྒྱས་ལྟ་བུ་ཆོ་ག་རྒྱས་བསྡུས་རིང་ཐུང་མང་པོ་ཞིག་གསུང་གི་ཡོད་པ་རེད། འདི་ནི་ཚེ་འདི་དང་བར་དོ་ཕྱི་མ་གསུམ་ལ་མཚོན་ན་ཧ་ལས་པའི་ཕན་ཐོགས་ཆེན་པོ་ཡོད་པའི་རྣམ་དཀར་གྱི་བྱ་བ་རྒྱ་ཆེ་ཤོས་དེ་རེད་བསམ་གི་ཡོད། རྒྱུ་མཚན་ཅིའི་ཕྱིར་ཡིན་ཟེར་ན། ད་ཐེངས་ཀྱི་བསྐལ་པ་འདི་ལ་བསྐལ་བཟང་གི་སངས་རྒྱས་སྟོང་གི་ནང་ནས་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་ཤྰཀྱ་ཐུབ་པ་རྒྱ་གར་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་གྱི་བློ་ཁའམ་སྐལ་བ་དང་འཚམ་པར་སངས་རྒྱས་ཀྱིས་ལོ་ཉིས་སྟོང་དྲུག་བརྒྱའི་ཡར་སྔོན་དུ་ཆོས་མང་པོ་ཞིག་གསུངས་པ་རེད། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ཟེར་ན་རེད། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་གཙོ་བྱས་པའི་མདོ་དང་སྔགས་ཀྱི་ཆོས་འཁོར་རིམ་པ་མང་པོ་ཞིག་བསྐོར་པ་རེད།

དེ་ནང་བཞིན་སངས་རྒྱས་བཅོམ་ལྡན་འདས་ཁོང་རང་ཉིད་ཀྱང་རྒྱ་གར་གྱི་ཤར་ལྷོ་ནུབ་བྱང་དང་ཁ་སང་དེ་རིང་ཤྲྰི་ལིངྐར་འབོད་པའི་ཡུལ་གྲུ་དེར་ཡང་ཕེབས་པ་རེད། ཐུན་མོང་ཡོངས་གྲགས་སུ་སྟོན་པ་སངས་རྒྱས་ཁོང་སྐབས་དེའི་རྒྱ་གར་གྱི་རྒྱལ་ཕྲན་མི་འདྲ་བཅུ་དྲུག་གི་ས་ཆ་སོ་སོ་དང་ཤྲྰི་ལིངྐ་དང་བལ་ཡུལ་ཙམ་ཞིག་ལ་ཕེབས་པ་རེད། དེ་མ་གཏོགས་རྒྱལ་ཁབ་དང་ཡུལ་གྲུ་གཞན་པར་ཡོངས་གྲགས་སུ་ཕེབས་མེད་པ་རེད། དེ་བཞིན་ཐུན་མོང་གི་འགྲོ་བ་མིའི་སྣང་ངོ་ལ་ཁོང་གིས་ཧི་མ་ལ་ཡ་བརྒལ་ནས་བོད་གངས་ཅན་པའི་ཡུལ་དུ་ཕེབས་ཡོད་པ་མ་རེད། རྒྱ་ནག་ལ་ཡང་ཕེབས་མེད་པ་རེད། ཡོ་རོབ་དང་གླིང་ཆེན་ཨ་མེ་རི་ཀའི་ས་ཆར་ཡང་ཕེབས་པའི་སྐད་ཆ་དང་ལོ་རྒྱུས་ཡོད་པ་མ་རེད། དེ་བཞིན་དཀྱིལ་ཤར་ཡུལ་གྲུ་རྒྱ་སྐད་དུ་ཀྲུང་ཏུང་དང་དབྱིན་སྐད་ནང་Middle East ཟེར་བ་ཁ་སང་དེ་རིང་ཨེ་རག་དང་ཨེ་རན། སི་རི་ཡ་དང་ལི་བྷི་ཡ་ཟེར་བ་འདི་ཚོར་ཡང་ཕེབས་ཡོད་པ་མ་རེད། ཁོང་དགུང་ལོ་སུམ་ཅུ་སོ་སྔའི་སྟེང་སངས་རྒྱས་ཏེ་དགུང་ལོ་བརྒྱད་ཅུ་ཐམ་པ་བར་དུ་མི་ལོ་བཞི་བཅུ་ཞེ་ལྔའི་རིང་ལ་ཆོས་ཀྱི་འཁོར་ལོ་བསྐོར་པའི་སྐབས་དེར། དངོས་ཡོད་ལོ་རྒྱུས་སྟེང་སྐུ་ཚེའི་དུས་ཚོད་ཕལ་མོ་ཆེ་རྒྱ་གར་རང་དུ་བཞུགས་པ་རེད།

དེ་ལྟར་ད་རེས་ཀྱི་བསྐལ་པ་བཟང་པོ་འདིའི་སངས་རྒྱས་སྟོང་གི་ཁྲོད་ནས་སངས་རྒྱས་ཤྰཀྱ་ཐུབ་པ་ཁོང་རང་རེ་བོད་གངས་ཅན་གྱི་ལྗོངས་འདིར་ཐུན་མོང་ཡོངས་གྲགས་སུ་མ་ཕེབས་པ་རེད། དེ་ནང་བཞིན་རྒྱན་དྲུག་མཆོག་གཉིས་དང་གྲུབ་ཆེན་བརྒྱད་ཅུའི་ཁྲོད་ནས་གཅིག་ཙམ་ཞིག་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་པ་རེད། དེ་ནི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་དྲིན་ལ་བརྟེན་ནས། ཨོ་རྒྱན་སངས་རྒྱས་གཉིས་པ་དེ་བོད་ཁ་བ་གངས་རིའི་ལྗོངས་སུ་གདན་འདྲེན་ཞུས་པ་རེད། ཁོང་བོད་ལ་ཕེབས་ནས་སྐབས་དེའི་འཛམ་གླིང་ན་འགྲན་ཟླ་བྲལ་བའི་ནང་བསྟན་གྱི་གཙུག་ལག་ཁང་ངམ་བཤད་སྒྲུབ་སྒྱུར་སྒོམ་བཞིའི་མཐོ་སློབ་ཆེན་མོ་བསམ་ཡས་གཙུག་ལག་ཁང་བཞེངས་སྐྲུན་མཛད་དེ། དམ་པའི་ཆོས་ཀྱི་སྲོལ་ཆེན་པོ་ཞིག་སྔར་མེད་གསར་དུ་བཏོད་པ་དང་། དེ་ཙམ་དུ་མ་ཟད་དམ་པའི་ཆོས་ཟབ་ས་ན་བདུད་ཟབ་ཟེར་བའི་དཔེ་བཞིན་དུ། སྔོན་མར་བོད་ཀྱི་ཡུལ་འདི་ལ་བོན་ཆོས་ལ་སོགས་པའི་གདོད་མའི་ཆོས་ལུགས་མང་པོ་ཞིག་ཡོད་པ་དང་། རྒྱུ་མཚན་ནི་བོད་ཀྱི་གདོད་མའི་དུས་སུ་རིགས་རྒྱུད་དང་ཚོ་ཁག་སྟོང་ཕྲག་ནས་ཁྲི་ཕྲག་འདྲ་མིན་ས་ཆ་འདྲ་མིན་ན་འཚོ་སྡོད་བྱེད་བཞིན་ཡོད་པ་དང་། ཚོ་ཁག་དང་རིགས་རྒྱུད་མི་འདྲ་བར་སོ་སོར་མཆོད་ཡུལ་དང་དད་མོས་བྱེད་སའི་འབྱུང་བ་ལྔའི་ལྷ་དང་མི་རབས་ཀྱི་ལྷ་སོགས་ལྷ་འདྲ་མིན་སྟོང་ཕྲག་མང་པོ་ཞིག་ཡོད་པ་དང་། ལྷ་དེ་དང་དེ་ཚོར་མཆོད་བཀུར་བསྟོད་གསུམ་བྱེད་པའི་ཆོས་ལུགས་ཀྱང་འདྲ་མིན་སྟོང་ཕྲག་ཡོད་པ་རྗེས་དཔག་རིགས་པས་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་ཡིན་པས། ཆོས་ལུགས་འདྲ་མིན་སྟོང་ཕྲག་དེ་ཚོ་བོན་ཆོས་ཞེས་པའི་ཆོས་ལུགས་བྱེ་བྲག་པ་གཅིག་གི་ཁོངས་སུ་བསྡུ་ཐབས་རྩ་བ་ཉིད་ནས་ཡོད་པ་མ་རེད། དེ་བཞིན་དུ་བོད་བཙན་པོའི་རྒྱལ་ཁབ་དབུ་མ་ཚུགས་པའི་ཡར་སྔོན་ལ་བོད་དུ་གདོད་མའི་མི་རིགས་འདྲ་མིན་དང་ཚོ་ཁག་འདྲ་མིན་སྟོང་ཕྲག་དུ་མ་ཞིག་ཡོད་པས། མི་རིགས་དང་ཚོ་ཁག་དེ་ཚོས་བཅད་བཟུང་བྱས་པའི་ས་ཆའི་མིང་ཡང་སྟོང་ཕྲག་དུ་མ་ཞིག་ཡོད་དགོས་པ་ལོ་རྒྱུས་ཀྱི་ཆོས་ཉིད་ཡིན་པས། ས་ཆ་དེ་ཚོ་ཚང་མ་ཡང་ཞང་ཞུང་ཞེས་པའི་ས་མིང་གཅིག་གི་ཁོངས་སུ་ཡང་རྩ་བ་ཉིད་ནས་བསྡུ་ཐབས་ཡོད་པ་མ་རེད།

གང་ལྟར་ཡང་བོད་ཀྱི་གདོད་མའི་ཆོས་ལུགས་འདྲ་མིན་དང་རྒྱལ་ཁག་འདྲ་མིན་གྱི་སྐབས་སུ་སྲུང་མ་འདྲ་མིན་ཞིག་ཡོད་པ་རེད། བོད་ལ་ཆོས་ལུགས་གསར་པ་ཞིག་སྟེ་ནང་བསྟན་ནམ་སངས་རྒྱས་ཆོས་ལུགས་འདི་དར་ཡོང་བའི་སྐབས་སུ། སྲུང་མ་དེ་ཚོའི་ཁྲོད་ནས་དགའ་མཁན་དང་མི་དགའ་མཁན་གཉིས་ཀ་ཡོད་པ་རེད། མི་དགའ་མཁན་མང་པོ་ཞིག་གིས་བསམ་ཡས་གཙུག་ལག་ཁང་བཞེང་རྒྱུས་མཚོན་པའི་ཆོས་ཀྱི་བྱ་བ་མང་པོ་ཞིག་ལ་བར་ཆད་བྱས་པ་རེད། དེ་ཚོ་ཚང་མ་ཨོ་རྒྱན་སངས་རྒྱས་གཉིས་པས་དམ་ལ་བཏགས་ནས་དཀར་ཕྱོགས་སྐྱོང་བའི་སྲུང་མར་བཀོད་པ་རེད། དེ་ཚོ་ནི་ཁ་སང་དེ་རིང་སྲིད་པ་ཆགས་པའི་ལྷ་དགུ་དང་རྗེ་ཡི་མགུར་ལྷ་བཅུ་གསུམ། བོད་སྐྱོང་བརྟན་མ་བཅུ་གཉིས་དང་མཁའ་འགྲོ་ཚེ་རིང་མཆེད་ལྔ་ལ་སོགས་པ་འདི་ཚོ་རེད། འདི་ཚོ་ཨོ་རྒྱན་སངས་རྒྱས་གཉིས་པས་ཚར་བཅད་ཚུར་བསྡུས་ནས་ནང་བསྟན་དང་བོད་གངས་ཅན་པའི་སྣོད་བཅུད་གཉིས་ཀའི་སྲུང་མར་བཞག་པ་ཡིན་པས། ལོ་གཅིག་སྟོང་ཉིས་བརྒྱའི་སྔོན་ནས་དུས་དེ་རིང་གི་བར་དུ་ང་ཚོར་སྲུང་སྐྱོབ་དང་ཁ་འཛིན་སྡོང་གྲོགས་མཛད་དང་མཛད་བཞིན་པ་འདི་རེད། བསམ་བློ་གཏོང་ཤེས་ན་འདི་ཡང་ཨོ་རྒྱན་ཐུགས་རྗེ་ཅན་གྱི་བཀའ་དྲིན་ཐུགས་རྗེ་ཁོ་ན་རེད། ཁྱད་པར་དུ་གསང་སྔགས་སྔ་འགྱུར་བ་རྣམས་ལ་མཚོན་ན་ཨོ་རྒྱན་སངས་རྒྱས་གཉིས་པའི་བཀའ་དྲིན་གྱིས་མ་ཁྱབ་པ་ཞིག་ཡོད་པ་མ་རེད་ལ། གཞི་རྩའི་ཆ་ནས་བོད་ཁ་བ་ཅན་ལ་ཁོང་གི་བཀའ་དྲིན་གྱིས་ཁྱབ་ཡོད་པ་རེད།

ཁ་སང་དེ་རིང་ང་ཚོས་བཀའ་འགྱུར་དང་བསྟན་འགྱུར་ཟེར་ནས་རྩ་ཆེན་པོ་ཞིག་ལ་བརྩི་བ་འདི་ཚོར་མཚོན་ན་ཡང་། འདིའི་ཁྲོད་ཀྱི་གླེགས་བམ་ཕལ་མོ་ཆེ་ཞིག་ཨོ་རྒྱན་སངས་རྒྱས་གཉིས་པ་དང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གཉིས་ཀའི་སྐུ་རིང་ལ། ཨོ་རྒྱན་རིན་པོ་ཆེའིི་ཞལ་སློབ་ལོ་ཆེན་བེ་རོ་ཙ་ན་དང་སྐ་ཅོག་ཞང་གསུམ་སོགས་ཀྱིས་བསྒྱུར་པ་རེད། དེའི་རྐྱེན་གྱིས་བཀའ་འགྱུར་དང་བསྟན་འགྱུར་འདི་ཚོ་རྒྱ་གར་གྱི་ཡིག་རིགས་པ་ལི་དང་ལེགས་སྦྱར་ནས་བོད་ཡིག་ཏུ་བསྒྱུར་མཁན་གྱི་མགོ་ཁུངས་ཐོག་མ་དེ་སྔ་འགྱུར་རྙིང་མ་པར་ཐུག་ཡོད་པ་རེད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནས་བཟུང་སྟེ་གླང་དར་མའི་བར་དུ་བྱོན་པའི་བོད་ཀྱི་ལོ་ཙྰ་པ་ཚང་མ་སྔ་འགྱུར་རྙིང་མ་པ་ཤ་སྟག་རེད། དེ་བཞིན་དུ་རྒྱལ་རབས་དེ་ཚོའི་སྐབས་ཀྱི་གོས་དཀར་ལྕང་ལོ་འཆང་བ་དང་རབ་བྱུང་ངུར་སྨྲིག་གི་སྡེ་གཉིས་ཀ་སྔ་འགྱུར་རྙིང་མ་པ་རེད། དུས་རབས་དེ་ཚོའི་རིང་ལ་བརྩམས་ཚད་དང་བསྒྱུར་ཚད་ཚང་མར་སྔ་འགྱུར་རྙིང་མའི་ཆོས་ཞེས་བརྗོད་པ་རེད། ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་ལ་སྦྱར་ན་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀ་སྔ་འགྱུར་རྙིང་མའི་ཆོས་ཁུངས་སུ་བསྡུ་ཆོག་གི་ཡོད་པ་རེད།

རྗེས་སུ་བསྟན་པ་ཕྱི་དར་སྐབས་སུ་ལོ་ཆེན་རིན་ཆེན་བཟང་པོ་ལ་སོགས་པའི་ལོ་ཙྰ་པ་མང་པོ་ཞིག་བྱོན་ནས། བསྟན་པ་སྔ་དར་སྐབས་སུ་བསྒྱུར་ཟིན་པའི་བཀའ་འགྱུར་དང་བསྟན་འགྱུར་གྱི་ཆོས་ཚན་གང་ལ་གང་འཚམ་ཞིིག་ལ་འགྱུར་བཅོས་བྱས་པ་རེད། དེ་མ་གཏོགས་བཀའ་འགྱུར་དང་བསྟན་འགྱུར་གྱི་བསྒྱུར་དཔེ་ངོ་མ་ཕལ་མོ་ཆེ་དེ་ཚོ་ནི་བསྟན་པ་སྔ་དར་སྐབས་སུ་བསྒྱུར་པ་དེ་ཚོ་རང་རེད། དེའི་རྐྱེན་གྱིས་ཁ་སང་དེ་རིང་གི་བཤད་སྟངས་དང་ལུགས་སྲོལ་བཞིན་པར་སྐྲུན་བདག་དབང་ཞེས་པ་དེའི་ཕྱོགས་ནས་བརྗོད་ན། བོད་ཀྱི་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀའི་པར་སྐྲུན་བདག་དབང་ཕལ་མོ་ཆེ་དེ་བོད་ཀྱི་ཆོས་བརྒྱུད་ཁག་གི་ནང་ནས་སྔ་འགྱུར་རྙིང་མ་པ་ལ་ཡོད་པ་རེད། འདི་ནི་ལོ་རྒྱུས་ཀྱི་དོན་དངོས་ཡིན་པས་ཁང་ལེན་ན་འདོད་ན་རེད་མི་འདོད་ན་ཡང་བདེན་པ་ནི་བདེན་པ་རང་རེད།

དེ་ནས་ཁ་སང་དེ་རིང་དུས་སྙིགས་མར་གྱུར་པས་ལྟ་བ་སྙིགས་མ་དང་ཚེ་སྙིགས་མ། སེམས་ཅན་གྱི་བསམ་བློ་སྙིགས་མ་སྟེ་ཉོན་མོངས་པ་ཐམས་ཅད་ལྷང་ལ་བུད་དེ། སྙིགས་མ་ལྔ་བདོ་ཞེས་པ་དེ་ཁ་དར་བའི་དུས་སྐབས་འདིར། ཨོ་རྒྱན་སངས་རྒྱས་གཉིས་པ་ལ་གསོལ་བ་འདེབས་བཞིན་བཛྲ་གུ་རུ་དང་ཚིག་བདུན་གསོལ་འདེབས། དུས་གསུམ་སངས་རྒྱས་དང་བར་ཆད་ལམ་སེལ་སོགས་བཏོན་པ་ཡིན་ན་བྱིན་རླབས་གཞན་ལས་ཀྱང་ཁྱད་པར་དུ་མྱུར་བ་རེད། དེ་མྱུར་དགོས་པའི་རྒྱུ་མཚན་ཅི་རེད་ཟེར་ན། བོད་གངས་ཅན་གྱི་ཡུལ་གྲུ་འདིར་སངས་རྒྱས་བཅོམ་ལྡན་འདས་དངོས་སུ་མ་བྱོན་ན་ཡང་། སངས་རྒྱས་བཅོམ་ལྡན་འདས་ལས་ལྷག་པའི་སྐྱེས་བུ་ཞིག་སྟེ། སངས་རྒྱས་རང་ཉིད་ཀྱིས། ང་ལས་ལྷག་པའི་སྐྱེས་བུ་ཞིག་འབྱུང་བར་འགྱུར་ཞེས་ལུང་བསྟན་གནང་ཡོད་པ་དེ་གུ་རུ་རིན་པོ་ཆེ་རེད་ལ། དོན་དངོས་སུ་ཡང་སངས་རྒྱས་ཁོང་རང་ཉིད་ལས་ཀྱང་ལྷག་པའི་སྐྱེས་བུ་ཞིག་རེད། དེ་ལྟ་བུའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ཁོང་ལས་ཀྱང་ལྷག་པར་ལུང་བསྟན་པའི་སྐྱེས་བུ་དམ་པ་དེ་འདྲ་ཞིག་བོད་གངས་ཅན་པའི་ལྗོངས་འདིར་ཕེབས་པ་རེད་ལ། དེ་ནི་ང་ཚོ་ཁ་བ་གངས་ཅན་ཚོའི་བསོད་ནམས་ཀྱི་སྐལ་བ་རེད།

དཔེ་ཞིག་བཞག་ན། སངས་རྒྱས་བཅོམ་ལྡན་འདས་ལོ་ཉིས་སྟོང་དྲུག་བརྒྱའི་སྔོན་དུ་རྒྱ་གར་དུ་བྱོན་ཏེ་ལོ་བཞི་བཅུའི་རིང་ཆོས་ཀྱི་འཁོར་ལོ་བསྐོར་པའི་རྗེས་སུ། ཉན་ཐོས་ཐེག་དམན་པ་ཚོའི་ལུགས་ལ་ལྷག་མེད་དུ་མྱ་ངན་ལས་འདས་པ་སྟེ་ཁོང་གི་སྐུ་གཟུགས་དང་རྣམ་ཤེས་གཉིས་ཀའི་རྒྱུན་ཆད་ཟིན་པ་རེད། ཐེག་ཆེན་པ་ཚོའི་ལུགས་ལ་ཁོང་དག་པའི་ཞིང་ཁམས་གཞན་དུ་ཕེབས་པ་རེད་ལ། གལ་སྲིད་ཁོང་ཡང་སྐྱར་འཇིག་རྟེན་འདིར་མ་ཕེབས་ན་ཕྱི་རབས་གདུལ་བྱ་རྣམས་ཀྱི་མགོན་དང་སྐྱབས་སུ་ཚར་གཉིས་པ་ཞིག་མ་གྱུར་པ་ལྟ་བུ་རེད། ཡིན་ན་ཡང་གུ་རུ་རིན་པོ་ཆེ་དེ་ལྟར་མ་ཡིན་པ་དེ་ང་ཚོས་ཤེས་དགོས་པ་ཞིག་རེད། འདི་ནས་ཡར་བརྩིས་པའི་ལོ་གཅིག་སྟོང་ཉིས་བརྒྱ་ཙམ་གྱི་སྔོན་དུ་གུ་རུ་རིན་པོ་ཆེ་མཆོག་བོད་དུ་ཕེབས་ཏེ། ཁྱོན་བསྡོམས་བོད་དུ་ལོ་གྲངས་ཅི་ཙམ་ཞིག་བཞུགས་ཡོད་མིན་གྱི་ཐད་ལ་མཁས་པ་དག་གི་བཞེད་སྲོལ་མི་འདྲ་བ་ཞིག་འདུག ལ་ལས་བཞི་བཅུ་དང་ལ་ལས་ཉི་ཤུ་རྩ་གྲངས་སོགས་བཞེད་ཚུལ་མི་མཐུན་པ་ཞིག་ཡོད་པ་རེད། གང་ལྟར་ལོ་གྲངས་གང་འཚམ་ཞིག་ལ་བཞུགས་པའི་རྗེས་སུ་ཞལ་ཆེམས་ལུང་བསྟན་སོགས་བསྩལ་ནས་གུང་ཐང་ལ་ཁར་ལྷོ་ནུབ་སྲིན་པོའི་གླིང་གི་ཟངས་མདོག་དཔལ་གྱི་རི་བོར་ཕེབས་ཟིན་པ་རེད་དེ། ཡིན་ན་ཡང་། ནངས་རེ་དགོང་རེར་བོད་ཀྱི་དོན་ལ་འབྱོན༔  ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་བྱོན༔  ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ ཞེས་པ་ལྟར། ཁོང་གི་སྐུ་དངོས་དང་སྤྲུལ་པ་ཡང་སྤྲུལ་གྱི་གཏེར་སྟོན་མང་པོ་ཞིག་བྱོན་དང་འབྱོན་བཞིན་པ་རེད། དེ་ཚོའི་སྐོར་ནི་བོད་ཀྱི་གཏེར་སྟོན་ཆེན་པོ་ཁོང་རྣམ་པའི་རྣམ་ཐར་ལོ་རྒྱུས་ལ་མཇལ་ན་མངོན་སུམ་ཚད་མར་གྲུབ་བསྡད་ཡོད་པ་རེད།

སྤྱིར་བཏང་གི་ཆ་ནས་ནངས་རེ་དགོང་རེར་བོད་ཀྱི་དོན་ལ་བྱོན༔ ནངས་རེ་དགོང་རེར་བོད་ཀྱི་དོན་ལ་འབྱོན༔  ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་བྱོན༔  ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ ཞེས་པའི་དེ་རིང་ལྟ་བུར་མཚོན་ན་ཚེས་བཅུ་ཡིན་པས། ཨོ་རྒྱན་སངས་རྒྱས་གཉིས་པ་ཁོང་དེ་རིང་བོད་གངས་ཅན་གྱི་ཡུལ་དུ་དངོས་སུ་བྱོན་བསྡད་ཡོད་པ་རེད། བྱོན་པས་མི་ཚད་གལ་སྲིད་ཁྱོད་རང་ཁོང་ལ་དད་པ་ཅན་ཞིག་ཡིན་ན། དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད༔ ཅེས་གསུངས་པ་བཞིན། ཁྱོད་རང་གི་མདུན་དེ་རང་དུ་བཞུགས་ཡོད་པ་རེད་ལ། ཁྱོད་རང་གི་མཆོད་ཁང་གི་ནང་དུ་གུ་རུ་རིན་པོ་ཆེའི་སྐུ་བརྙན་ནམ་སྐུ་ཐང་སོགས་གུ་རུ་རིན་པོ་ཆེའི་སྐུ་གསུང་ཐུགས་རྟེན་གང་ཞིག་ཡོད་ཀྱང་དེ་ཚོའི་ནང་དུ་བཞུགས་བསྡད་ཡོད་པ་རེད།  གལ་སྲིད་ཁྱོད་ཀྱིས་དད་པས་གསོལ་བ་འདེབས་ཤེས་ན་བརྒྱ་ཆ་བརྒྱ་དེར་བཞུགས་བསྡད་ཡོད་པ་རེད། དེ་རིང་ཁོང་ཁྱོད་ཀྱི་ཁྱིམ་ཚང་ནང་དང་ཁྱོད་ཀྱི་ལྷ་ཁང་ནང་། ཁྱོད་ཀྱི་མཆོད་ཁང་ནང་དུ་གུ་རུ་རིན་པོ་ཆེ་སྐུ་བྱེ་བ་ཕྲག་བརྒྱའི་བཀོད་པ་དང་བཅས་ཏེ་ཕེབས་བསྡད་ཡོད་པ་རེད། འདི་ལ་བསམ་བློ་ཞིག་བཏང་བ་ཡིན་ན། ཨོ་རྒྱན་སངས་རྒྱས་གཉིས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་རེད།

བོད་གངས་ཅན་པར་གཞི་རྩའི་ཆ་ནས་བཀའ་བརྒྱུད་པར་མར་མི་དྭགས་གསུམ་དང་། ས་སྐྱ་པར་གོང་མ་རྣམ་ལྔ། ཇོ་ནང་པར་ཀུན་མཁྱེན་ཡབ་སྲས། དགེ་ལུགས་པར་རྗེ་ཡབ་སྲས་གསུམ་སོགས་ལོ་རྒྱུས་སྟེང་དུ་བྱོན་པ་དངོས་ཡོད་རེད། བྱོན་ནས་བསྟན་འགྲོའི་མཛད་འཕྲིན་བསྐྱངས། རྗེས་སུ་སྐུ་ཚེ་འདིའི་གདུལ་བྱ་རྫོགས་པའི་སྐབས་སུ་རང་རང་སོ་སོའི་དག་པའི་ཞིང་ཁམས་དེ་ཚོར་ཕེབས་ཟིན་པ་རེད། ཁོང་རྣམ་པ་དག་པའི་ཞིང་དུ་ཕེབས་ཁར། གུ་རུ་རིན་པོ་ཆེ་ནང་བཞིན་མ་འོངས་ལུང་བསྟན་གནང་སྟེ། ནངས་རེ་དགོང་རེ་བོད་ཀྱི་དོན་ལ་འབྱོན་གྱི་ཡིན། ཡར་ངོའི་ཚེས་བཅུའི་དུས་སུ་དངོས་སུ་འབྱོན་གྱི་ཡིན་ཞེས་གསུངས་མཁན་ཧ་ལམ་མེད་པ་རེད། མཚམས་རེར་ཁོང་རྣམ་པའི་སྤྲུལ་པ་ཡང་སྤྲུལ་རེ་བྱོན་པ་ནི་སྲིད་མཐའ་མ་བཀག་པ་ཙམ་ཞིག་རེད།  དེ་ལྟ་བུའི་ལུང་བསྟན་གསུང་མཁན་དེ་གུ་རུ་རིན་པོ་ཆེ་གཅིག་བུ་རེད་འདུག དེའི་རྐྱེན་གྱིས་ཨོ་རྒྱན་སངས་རྒྱས་གཉིས་པ་དེ་བོད་ཁ་བ་ཅན་པ་རྣམས་ལ་དངོས་གནས་བཀའ་དྲིན་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་རེད། དེའི་ཕྱིར། ཁ་སང་དེ་རིང་བར་དུ་བྱོན་པའི་གཏེར་སྟོན་རྣམ་པ་ནི་གུ་རུ་རིན་པོ་ཆེའི་སྐུ་ཚབ་གསུང་ཚབ་ཐུགས་ཚབ་ཡོན་ཏན་དང་འཕྲིན་ལས་ཀྱི་སྐུ་ཚབ་ཉག་གཅིག་རེད། དེའི་ཕྱིར་རང་རང་གི་ས་ཆ་ན་གུ་རུའི་རྒྱལ་ཚབ་གཏེར་སྟོན་རེ་བཞུགས་ན་རེད། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐུ་ཚབ་མཁའ་འགྲོ་མ་རེ་བཞུགས་ཡོད་ན་དད་པ་དང་དག་སྣང་བསྐྱེད་དགོས་པ་རེད།

ཁ་སང་དེ་རིང་ལྟ་བ་སྙིགས་མ་དང་ཉོན་མོངས་སྙིགས་མའི་དུས་ཚོད་ལ་བསླེབས་ཟིན་པས་སེམས་ཅན་གྱི་བསོད་ནམས་དམན་པས། གུ་རུ་རིན་པོ་ཆེའི་དམ་འོག་ནས་ཤོར་ཟིན་པའི་འབྱུང་བོ་སྤུན་དགུ་སོགས་དམ་ཉམས་ཀྱི་དམ་སྲི་མང་པོ་ཞིག་བོད་གངས་ཅན་པའི་ལྗོངས་སུ་མི་རུ་སྐྱེས་ནས། གཏེར་སྟོན་རིག་ན་ངན་སྨྲོས་བྱེད་པ་དང་མཁའ་འགྲོ་མཐོང་ན་གདོང་པ་གཟེར་བའི་མི་ངན་མང་པོ་ཞིག་ཡོད་པ་རེད། ཁོ་རང་ཚོས་མི་དང་གདོན་འདྲེའི་སྐྱེ་བ་ཅི་འདྲ་ཞིག་བླངས་ན་ཡང་། གུ་རུ་ཨོ་རྒྱན་རིན་པོ་ཆེ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་མི་དད་པ་དང་། གུ་རུའི་སྐུ་གསུང་ཐུགས་ཚབ་གཏེར་སྟོན་དང་གུ་རུའི་གཟུངས་མ་དེ་ཚོའི་སྐྱེ་བརྒྱུད་མཁའ་འགྲོ་མ་དེ་ཚོར་མི་དད་པ་དེ་འདྲ་ཡིན་པ་རེད། རྒྱུ་མཚན་ནི་སྔོན་ཆད་གུ་རུ་རིན་པོ་ཆེས་དམ་སྲི་དེ་ཚོ་དམ་ལ་འདོགས་པའི་དུས་ནས་བཟུང་སྟེ་ཕན་ཚུན་མི་དགའ་བ་ཆགས་ཟིན་པས་རེད། མི་དེ་ཚོ་ནི་དམ་སྲི་འབྱུང་བོ་ངན་པ་དེ་ཚོའི་སྐྱེ་བརྒྱུད་ཡིན་པས། ཁ་སང་དེ་རིང་དམ་སྲིའི་སྐྱེ་བརྒྱུད་མང་པོ་ཞིག་གིས་ལྟ་བ་སྙིགས་མའི་གོ་སྐབས་འདི་བཟུང་སྟེ་ལན་རེར་སྤྲུལ་སྐུ་འམ་དགེ་བཤེས་དང་མཁན་པོའི་ཚུལ་བཟུང་བ་དང་། སྐབས་རེར་སློབ་གྲྭ་ཆེ་འབྲིང་གི་དགེ་རྒན་དང་སློབ་མའི་ཚུལ་དུ་ཡོད་པ་དང་། ཡང་ལན་རེར་གྲྭ་པ་དཀྱུས་མ་དང་ཞིང་འབྲོག་མང་པོ་སོགས་ཀྱི་ཚུལ་དུ་ཡོད་པས། དེ་ཚོས་ཅི་བཤད་ཀྱི་ཁ་ལ་ཉན་མི་རུང་བ་ཡིན། ཁྱད་པར་དུ་སྔ་འགྱུར་རྙིང་མ་བ་ཞིག་ཡིན་ན་དེ་ཚོའི་ཁ་ལ་ཉན་ནས་སྤྲུལ་པའི་གཏེར་སྟོན་དང་མཁའ་འགྲོ་མ་དེ་ཚོར་སྐུར་འདེབས་ལོག་ལྟ་བྱས་ན་རང་ཉིད་དམྱལ་བར་འགྲོ་བའི་ལས་ངན་ཚབས་ཆེན་བསགས་པ་རེད། དེ་འདྲ་རྩ་བ་ཉིད་ནས་བྱེད་མི་རུང་།

སྤྲུལ་པའི་གཏེར་སྟོན་དེ་ཚོའི་ཁྲོད་དུ་སྤྱོད་པ་ཡག་པོ་སྐྱོང་མཁན་དང་སྡུག་ཅག་སྐྱོང་མཁན། ཡག་སྡུག་འདྲེས་མ་སྐྱོང་མཁན་སྣ་ཚོགས་ཤིག་འབྱུང་གི་ཡོད་པ་ནི། གུ་རུ་རིན་པོ་ཆེའི་ལུང་བསྟན་ཚད་མ་དག་ལས། སྤྱོད་པ་མ་ངེས་སྣ་ཚོགས་འབྱུང༔ ཞེས་གསུངས་ཡོད་པས། ཁ་སང་དེ་རིང་ཞལ་བཞུགས་བཞིན་པའི་སྤྲུལ་པའི་གཏེར་སྟོན་རྣམ་པ་དང་མཁའ་འགྲོ་མ་རྣམ་པར་ལུས་ངག་ཡིད་གསུམ་གྱིས་དད་པ་བྱོས་དག་སྣང་སྦྱོངས། རྗེས་སུ་ཡི་རང་བྱོས། དེ་མ་གཏོགས་དམ་སྲི་འབྱུང་བོའི་སྐྱེ་བརྒྱུད་དེ་ཚོའི་ཁ་ལ་ཉན་ནས་ཁ་གཏོང་མི་ཉན། སྔགས་པ་སྔགས་མ་ཞིག་མཐོང་ན་ཡང་དེ་ཚོར་གུས་ཞབས་བྱོས། སྔོན་བྱོན་ཆོས་རྒྱལ་བཀའ་དྲིན་ཅན་དེ་ཚོའི་སྐབས་སུ་དགེ་འདུན་གྱི་སྡེ་གཉིས་ཞེས་པ། གོས་དཀར་ལྕང་ལོ་ཅན་གྱི་སྡེ་དང་རབ་བྱུང་ངུར་སྨྲིག་གི་སྡེ་གཉིས་ཡོད་པའི་ཐོབ་ཐང་འདྲ་མཉམ་རེད། དཔེར་ན་ཆོས་རྒྱལ་ཁྲི་རལ་བ་ཅན་གྱིས་ཁོང་གི་རལ་བའི་སྣེ་གཉིས་སུ་དར་ཡུག་སྲིད་དུ་རིང་བ་དེ་འདྲ་གཉིས་བཏགས་ཏེ། དར་ཡུག་གཅིག་གི་སྟེང་དུ་གོས་དཀར་ལྕང་ལོ་ཅན་གྱི་སྡེ་སྔགས་པ་སྔགས་མ་བཞུགས་སུ་བཅུག དར་ཡུག་གཅིག་གི་སྟེང་དུ་རབ་བྱུང་ངུར་སྨྲིག་གི་སྡེ་གྲྭ་པ་ཨ་ནེ་ཚོ་བཞུགས་སུ་བཅུག་ནས། དགེ་འདུན་གྱི་སྡེ་འདི་གཉིས་ལ་གུས་ཞབས་དང་བསྙེན་བཀུར་འདྲ་མཉམ་ཞུས་པ་རེད། ཆོས་རྒྱལ་ཆེན་པོ་དེ་འདྲ་ཞིག་གིས་བོད་ཀྱི་དགེ་འདུན་གྱི་སྡེ་འདི་གཉིས་ལ་གུས་ཞབས་དང་དད་བཀུར་འདྲ་མཉམ་བྱེད་དགོས་ན། ང་ཚོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་འབངས་མི་སེར་ཚོས་དེ་ལྟར་བྱེད་དགོས་དང་དགོས། ཆོས་རྒྱལ་ཚོས་དེ་ལྟར་གནང་བ་དེ་ང་ཚོ་དམངས་ཕལ་བ་རྣམས་ལ་མིག་དཔེ་དང་སྲོལ་བཟང་པོ་དཔེ་སྟོན་གནང་བ་རེད། ཤེས་སོང་ངམ། ཆོས་རྒྱལ་ཁྲི་རལ་བ་ཅན་གྱིས་དེ་ལྟར་རབ་བྱུང་ངུར་སྨྲིག་གི་སྡེ་དང་གོས་དཀར་ལྕང་ལོའི་སྡེ་གཉིས་ལ་གུས་ཞབས་འདྲ་མཉམ་དུ་གནང་བའི་ལོ་རྒྱུས་གསོན་པོ་དེ་ཚོ་ཕོ་བྲང་པོ་ཏ་ལའི་ལྡེབས་རིས་དེ་ཚོའི་ངོས་སུ་བྲིས་ཡོད་པ་རེད།

ཡིན་ན་ཡང་ཡིད་སྐྱོ་དགོས་པ་ཞིག་ལ། རྗེས་སུ་ལོ་རྒྱུས་སྟེང་ནས་སྔ་འགྱུར་རྙིང་མ་པའི་དབུ་འཕང་དེ་ཇེ་དམའ་ཇེ་དམར་གྱུར་པའི་དབང་གིས། རབ་བྱུང་བའི་སྡེ་དེ་ཡ་མཚན་ཞིག་ཡིན་ལུགས་སྒྲོག་པ་མ་གཏོགས་སྔགས་པ་སྔགས་མའི་སྡེ་ལ་གུས་ཞབས་དང་མཆོད་བཀུར་བྱེད་མཁན་གྱི་གྲངས་འབོར་དེ་ཧ་ཅང་ཉུང་ངུ་ཞིག་ལས་མ་བྱུང་བ་རེད། དེ་ཡང་ཆོས་བརྒྱུད་གཞན་པའི་ཁྲོད་དུ་དེ་འདྲ་ཡིན་པ་བརྗོད་མི་དགོས་ཀྱང་། ཐ་ན་སྔ་འགྱུར་རྙིང་མ་པའི་ཆོས་བརྒྱུད་རང་གི་ནང་དུ་ཡང་སྔགས་པ་སྔགས་མ་ཚོར་གུས་ཞབས་དང་མཆོད་བཀུར་དེ་ཙམ་མི་བྱེད་པའི་ལུགས་སྲོལ་ཧ་ལས་པའི་ངན་པ་ཞིག་དར་དང་དར་བཞིན་ཡོད་པ་རེད། དེ་ནི་ཆེ་ས་ནས་བོད་རང་གི་ཡབ་མེས་གོང་མ་ཆོས་རྒྱལ་མེས་དབོན་རྣམ་པའི་མཛད་རྗེས་ལ་ཤེས་རྟོགས་མེད་པ་དང་། བྱེ་བྲག་སྔ་འགྱུར་རྙིང་མ་པའི་འབྱུང་ཁུངས་ངོ་མ་དེ་གང་ཡིན་མ་ཤེས་པའམ་ཤེས་ཀྱང་ནག་བསུབ་གཏོང་འདོད་ཀྱི་ཀུན་སློང་ཐ་ཆད་པ་དེ་ཚོས་བྱས་པ་ཞིག་རེད། བོད་བརྒྱུད་ནང་བསྟན་པ་ཞིག་དང་ཁྱད་པར་དུ་སྔ་འགྱུར་རྙིང་མ་པ་ཞིག་ཡིན་ན་སྔགས་པ་སྔགས་མར་སྡང་པོ་རྩ་བ་ཉིད་ནས་བྱེད་མི་རུང་། དགེ་འདུན་གྱི་སྡེ་གཉིས་ལ་དད་པ་དག་སྣང་འདྲ་མཉམ་བྱེད་དགོས།

རང་གི་མཆོད་ཡུལ་གྱི་དགེ་འདུན་གྱི་སྡེ་དེ་ལ་གཉིས་ཡོད་པ་དེ་མ་ཤེས་པའི་དབང་གིས། རང་བྱུང་གི་སྡེ་ཞིག་མཐོང་ན་མགོ་འབུལ་ལུས་འབུལ་བྱེད་པ་དང་། སྔགས་པ་སྔགས་མའི་སྡེ་ཞིག་མཐོང་ན་དེ་ཚོར་དད་པ་དག་སྣང་བྱེད་རྒྱུའི་ཚབ་ཏུ། དེ་ཚོར་དད་ལོག་བྱས་ཏེ་གན་སྔགས་རྒན་ཞིག་རེད། ཅིག་སྔགས་མ་ཞིག་རེད་ཟེར་བ་དེ་ཚོའི་ལད་ཟློས་རྩ་བ་ཉིད་ནས་བྱེད་རྒྱུ་མེད། དེ་ནི་གནད་འགག་ཡིན་ལ་དེ་ནི་འགག་རྩ་ཞིག་ཀྱང་ཡིན། དེའི་རྐྱེན་གྱིས་སྔགས་པ་སྔགས་མ་ཚོར་དད་པ་དག་སྣང་ཅི་ཙམ་ཞིག་བྱས་པ་དེ་ནི་གུ་རུ་རིན་པོ་ཆེའི་བསྟན་པ་འདི་ལ་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད། དེ་ལྟར་བྱས་ན་གུ་རུ་རིན་པོ་ཆེ་ཐུགས་དགྱེས་ཀི་རེད་ལ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡང་ཐུགས་མཉེས་ཀི་རེད། སྔགས་པ་ཟེར་བ་འདིའི་ཁུངས་ཡར་དེད་ན་གུ་རུ་རིན་པོ་ཆེ་ལ་ཐུག་བསྡད་ཡོད་པ་རེད་ལ། སྔགས་མ་ཟེར་བ་འདིའི་ཁུངས་ཡར་དེད་ན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ཐུག་བསྡད་ཡོད་པ་རེད། ཤེས་སོང་ངམ། དཔེར་ན་བོད་ཀྱི་རབ་བྱུང་བའི་སྡེ་ཟེར་བ་འདིའི་མགོ་ཁུངས་ཡར་དེད་ན་མཁན་ཆེན་བོ་དྷི་སཏྭ་ལ་ཐུག་ཡོད་པ་དང་། དེ་ནས་ཡར་དེད་ན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཐུག་བསྡད་ཡོད་པ་ཅི་བཞིན་དུ། བོད་ཀྱི་སྔགས་པ་སྔགས་མ་ཚོའི་མགོ་ཡང་དེ་ལྟར་གུ་རུ་རིན་པོ་ཆེ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནས་ཡར་དེད་ན་ཆོས་སྐུ་ཀུན་ཏུ་བཟང་པོ་དང་ཀུན་ཏུ་བཟང་མོ་ཡབ་ཡུམ་གཉིས་ལ་ཐུག་བསྡད་ཡོད་པ་རེད། དེ་ལྟར་བོད་ཀྱི་རབ་བྱུང་ངུར་སྨྲིག་གི་སྡེ་འདི་ལ་ཁུངས་འདེད་རྒྱུ་ཡོད་པ་ཅི་བཞིན་དུ་གོས་དཀར་ལྕང་ལོའི་སྡེ་ལ་ཡང་དེ་བཞིན་དུ་ཁུངས་འདེད་རྒྱུ་ཡོད་པ་རེད། ཁུངས་འདེད་རྒྱུ་ཡོད་པ་ཙམ་ཞིག་མ་ཡིན་པར་ཁུངས་དེ་ཡང་གཙང་མ་གཙང་རྐྱང་ཞིག་འདེད་རྒྱུ་ཡོད་པ་རེད། འདི་ནི་ངས་དེ་རིང་འདི་ནས་བཤད་ན་འདོད་པ་ཞིག་ཡིན། ཁྱེད་རྣམ་པས་ཀྱང་དེི་རིང་ཡར་ངོའི་ཚེས་བཅུའི་དུས་བཟང་འདི་ལ། ཨོ་རྒྱན་སངས་རྒྱས་གཉིས་ཀའི་སྐུ་གསུང་ཐུགས་ཡོན་ཏན་གྱི་བྱིན་རླབས་ཐམས་ཅད་བསྡུས་པའི་གཟུངས་སྔགས་བཛྲ་གུ་རུ་དང་ཚིག་བདུན་གསོལ་འདེབས། དུས་གསུམ་སངས་རྒྱས་དང་བསམ་པ་མྱུར་འགྲུབ། བཀའ་ཐང་རྒྱས་བསྡུས་ལ་སོགས་པ་གསུང་བཞིན། གུ་རུ་རིན་པོ་ཆེ་དེ་རིང་རང་ཉིད་ས་གནས་གང་དུ་ཡོད་པ་དེར་དངོས་སུ་བྱོན་ཡོད་སྙམ་པའི་དད་པ་དག་སྣང་བྱེད་དགོས། ཁྱེད་རང་གི་མཆོད་ཁང་དུ་གུ་རུ་རིན་པོ་ཆེ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རྗེ་འབངས་ཉེར་ལྔ་དང་སྤྲུལ་པའི་གཏེར་སྟོན་དང་མཁའ་འགྲོ་མ་དེ་ཚོའི་སྐུ་བརྙན་བྲིས་འབུར་གང་ཞིག་ཡོད་ཀྱང་། དེ་ལ་དད་པའི་མིག་གིས་ལྟོས། དང་བའི་སེམས་ཀྱིས་གསོལ་བ་ཐོབས། ཁྱེད་རྣམ་པ་དེ་རིང་ངའི་མཆོད་ཁང་འདིར་དངོས་སུ་བཞུགས་ཡོད་སྙམ་པའི་དད་བ་བྱོས་དང་ཁོང་རྣམ་པ་བརྒྱ་ཆའི་བརྒྱ་བཞུགས་བསྡད་ཡོད་པ་རེད། དེའི་རྐྱེན་གྱིས། དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོདཿ དད་ལྡན་མི་རེའི་མདུན་ན་པད་འབྱུང་རེ༔ གསུངས་ཡོད་པ་རེད། དེ་ལ་བསམས་ནས་གོང་གི་གསོལ་འདེབས་དེ་ཚོ་དང་། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས༔ འགལ་རྐྱེན་བར་ཆད་མི་འབྱུང་ཞིང་༔ མཐུན་རྐྱེན་བསམ་པ་འགྲུབ་པ་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞེས་པ་ལ་སོགས་པ་གསུང་དགོས་ཀྱི་ཡོད་པ་རེད། གསོལ་བ་འདེབ་པ་དང་མཉམ་དུ་ཚོགས་འཁོར་ཡང་རང་གི་ནུས་ཚོད་རེ་ཕུལ། དམ་ཚིག་ཉམས་ཆག་ལ་བསྐོང་བཤད་འདོན་དགོས། ཚོགས་ཤིག་འབུལ་ན་ཡང་དེ་ལ་སེར་སྣ་མ་ཤོར་བའི་སྒོ་ནས་དེ་ལ་མང་ཉུང་ག་ཚོད་ཅིག་ཡོད་ཀྱང་སྤུས་གཙང་བ་ཞིག་འབུལ་རྒྱུ་གལ་ཆེ། ཚོགས་རྫས་དེ་དག་ཀྱང་དག་པའི་སྣང་བ་སྦྱར་ནས། ཚོགས་རྫས་འདོན་ཡོན་ཡེ་ཤེས་རོལ་བའི་རྒྱན༔ སོགས་ཀྱིས་སྤྱན་འདྲེན་བྱིན་རླབས་ཀྱིས་ཡར་དཀོན་མཆོག་ལ་མཆོད་པ་དང་། རང་ཉིད་ཀྱིས་ཚོགས་རྫས་དེ་དག་ལ་རབ་ཡིན་ན་ཚིམ་པ་དྲུག་ལྡན་གྱི་ལྟ་བས་རོལ་དགོས། དེ་ལྟར་མ་བྱུང་ན་ཡང་ཁུ་སིམ་མེར་ཨོ་རྒྱན་རིན་པོ་ཆེ་ཡབ་ཡུམ་དང་དཔའ་བོ་མཁའ་འགྲོ་བྱེ་བ་འབུམ་ཕྲག་གིས་བྱིན་པའི་བརླབས་པའི་དམ་རྫས་ཡིན་བསམ་སྟེ་བདུད་རྩི་རིལ་བུ་དང་ཚེ་ཆང་ལ་རོལ་བ་ལྟ་བུའི་དད་པ་དག་སྣང་གི་ངང་ནས་ལོངས་སུ་སྤྱོད་དགོས། དེ་ལྟར་དད་པ་དག་སྣང་གི་ངང་ནས་ཟོས་ན་ཚོགས་རྫས་ཟེར་བ་དེ་སྤྱིར་བཏང་གི་ཟ་མ་ལྟ་བུ་ཞིག་གི་རྩ་བ་ཉིད་ནས་མ་ཡིན་པར་བླ་མས་དབང་སྐུར་བའི་སྐབས་ཀྱི་དབང་རྫས་ལྟ་བུ་ཞིག་རེད། དག་པའི་སྣང་བའི་སྒོ་ནས་ཚོགས་རྫས་དེ་ཚོའི་བྲོ་བ་མྱོང་བ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་རེད། དེ་ལ་མྱོང་གྲོལ་དམ་རྫས་ཀྱང་ཟེར་བ་རེད། དེ་ཁྱེད་རྣམ་པ་ཚང་མས་ཐུགས་ལ་འཛིན་རོགས་གནོངས།།།

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

ཆུ་ཚོད་ ༢ སྔོན་ལ།
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

ཆུ་ཚོད་ ༣ སྔོན་ལ།
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

ཆུ་ཚོད་ ༥ སྔོན་ལ།
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧
Mobile App

སེར་བྱེས་མཁས་སྙན་གྲྭ་ཚང་གིས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་གཙི་ཞུས།

༢༠༢༥/༡༠/༡༧
Mobile App

བོད་ནང་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་ལ་ཉེས་ཆད་བཅད།

༢༠༢༥/༡༠/༡༦

མཆན། 1

  1. ལྷ་རྡོ་རྗེ། says:
    ལོ་ 5 སྔོན།

    རི་བོང་གནམ་རྡིབ་ཀྱི་སེངས་འཕྲེང་འཁུར་ནས་རྩོམ་ཡང་དེ་ལྟར་དུ་རང་མ་གཏོགས་མི་འདུག རྙིང་མའི་ཞེན་ཁོག་བྱེད་སྟངས་ལ་བླུན་པོས་བསྟོད་པ་འདྲ་པོ་ཆགས་འདུག ཨོ་རྒྱན་སངས་རྒྱས་གཉིས་པ་བོད་ཀྱི་ནང་བསྟན་ཀུན་ལ་ཕན་པའི་ཐུགས་ཀྱི་དགོངས་པ་བླ་ན་མེད་པ་བསམ་གྱིས་མི་ཁྱབ་པ་དེ་འདྲ་ང་ཚོས་རྟོགས་ག་ལ་ནུས། དགོངས་པ་དེ་ཡག་པོ་མཁྱེན་པ་དགོས་གལ་དང་། བསྟན་པ་དག་ཐེར་དུ་འགྲོ་བ་མ་མཁྱེན་པ་གང་བྱུང་དུ་བརྗོད་ན་སྐྱོན་བརྗོད་དུ་འགྲོ་བའི་རྩ་ལྟུང་འགོས་པ་དང་སྤྱིར་བྱིན་རླབས་ཆེ་ཆུང་དང་ཐར་པ་ཟེར་བ་དེ་ཉམས་ལེན་པར་རག་ལུས་པས་ཐར་པ་རང་ལ་རག་ལས་ཤེས་པར་གྱིས་ཞེས་གསུངས་སོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese