མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༢༠ ལོའི་བོད་ནང་གི་གསར་འགྱུར་ཆེ་ཁག་བཅུ།

བོད་ཀྱི་དུས་བབ།
༢༠༢༠/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོར་བོད་ནང་དུ་ནག་སེལ་གཤེད་བཅོམ་ཟེར་བ་དང་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་སྲིད་ཇུས་གཏན་འབེབ། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་ཇུས་ལ་ཤུགས་སྣོན། སློབ་འཁྲིད་ཐབས་ལམ་གཉིས་པ་ཟེར་བ་སྟེ་རྒྱ་བསྒྱུར་སློབ་གསོའི་བཙན་སྐུལ་འོག བོད་ཁུལ་གྱི་སློབ་གསོའི་ལྟེ་གནས་དགོན་སྡེ་ཁག་དང་སློབ་གྲྭ་ཆུང་འབྲིང་། དེ་བཞིན་མང་ཚོགས་ཁྲོད་བཙན་གནོན་སྐུལ་འདེད་ཀྱི་བྱ་འགུལ་སྣ་མང་ཅན་དུ་གྱུར་ཡོད་པ་མ་ཟད། འཛིན་བཟུང་བཀག་སྐྱིལ་དང་བཙོན་འཇུག་ཉེས་ཆད་བཏང་བའི་གནས་ཚུལ་སྔར་ལོ་ལས་མང་བ་བྱུང་འདུག

བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བ།ཕྱི་ལོ་ ༢༠༡༥ ལོར་ཐོག་མར་ཞི་ཅིན་ཕིང་གིས་ཆོས་ལུགས་རྣམས་རྒྱ་ནག་ཅན་དུ་བསྒྱུར་དགོས་པའི་གཏམ་བཤད་སྤེལ་བ་ནས་བཟུང་། བོད་ཁུལ་དུ་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་དང་ལས་འགུལ་མང་པོ་སྤེལ་ཡོད་ཅིང་། འདི་ལོར་མཚོན་ན་ཕྱི་ཟླ་ ༨ པའི་ནང་པེ་ཅིན་དུ་ཚོགས་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་ཆེན་ཐེངས་ ༧ པ་ཟེར་བའི་ཐོག  ཞི་ཅིན་ཕིང་གིས་བོད་བརྒྱུད་ནང་བསྟན་ད་དུང་རྒྱ་ནག་ཅན་དུ་གྱུར་མེད་པ་དེར་ཤུགས་སྣོན་རྒྱག་དགོས་སྐོར་གྱི་གཏམ་བཤད་སྤེལ་ཏེ། བོད་ཁུལ་གང་སར་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་དགོས་པའི་སྐུལ་འདེད་ཀྱི་བྱ་འགུལ་རབ་དང་རིམ་པར་སྤེལ་མུས་ཡིན་པ་དང་།  ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་ལྷ་སར་བོད་བརྒྱུད་ནང་བསྟན་དགོངས་འགྲེལ་ལས་དོན་དཔྱད་གླེང་གྲོས་ཚོགས་ཟེར་བ་བསྡུས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དུས་རབས་ཀྱི་འཕེལ་རྒྱས་དང་མཉམ་འདྲེས་ཧུར་ཐག་དགོས་སྐོར་གྱི་གཏམ་བཤད་སྤེལ། ཕྱི་ཟླ་ ༤ པའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ལྷ་ལྡན་གཙུག་ལག་ཁང་གཙོའི་དགོན་སྡེ་ཁག་གི་འཛུགས་སྐྲུན་བཟོ་བཀོད་དང་ཐ་ན་ཆོས་ལུགས་ཀྱི་ཅ་དངོས་རྣམས་ཀྱང་རྒྱ་ནག་གི་ཁྱད་ཆོས་ཅན་དུ་བསྒྱུར་དགོས་སྐོར་ནན་བརྗོད་བྱས། གཞན་ཡང་། ཕྱི་ཟླ་དང་པོའི་ཚེས་ ༡༡ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་ ༡༡ པའི་ཚོགས་འདུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟེར་བའི་ཐོག བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་སྐྲུན་སྲོལ་ཡིག་ཅེས་པའི་ཁྲིམས་སྒྲིག་གསར་པ་ཞིག་གཏན་འབེབ་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱེད་པའི་མགོ་བརྩམས་ཡོད་པ་རེད།

ཆབ་སྲིད་བཙོན་ཟུར་འགའ་འདས་གྲོངས་སུ་ཕྱིན།འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་རྐྱེན་ལོ་ངོ་ ༧ ལྷག་བཙོན་འཇུག་མནར་གཅོད་མྱངས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བསམ་གྲུབ་ལགས་ནད་གཞིའི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་བཞིན་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་མ་ཉེས་ཁག་གཡོགས་ཀྱིས་འབར་རྫས་གས་གཏོར་དང་འབྲེལ་ནས་འཛིན་བཟུང་བྱེད་སྐབས། དོན་རྐྱེན་དེ་དང་འབྲེལ་བ་ཡོད་པར་བསྙད་དེ་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་ཕུན་ཚོགས་ལགས་ཡུན་རིང་ནད་ཀྱིས་མནར་རྗེས། ཁོང་གི་ཕ་ཡུལ་བོད་ལི་ཐང་དུ་འདས་གྲོངས་སུ་ཕྱིན། གཞན་ཡང་ཕྱི་ཟླ་ ༤ ཚེས་ ༡༨ ཉིན་རྒྱ་ནག་གི་ཉེན་རྟོག་པས་ཟླ་བ་ ༣ རིང་འཛིན་བཟུང་བཀག་ཉར་འོག་སྡུག་སྦྱོར་མནར་གཅོད་མྱངས་པའི་ཆབ་སྲིད་བཙོན་ཟུར་རོང་པོ་རབ་བརྟན་དགོན་པའི་གྲྭ་དགེ་འདུན་ཤེས་རབ་ལགས་དང་། ཕྱི་ཟླ་ ༤ ཚེས་ ༢༦ ཉིན་ལོ་ངོ་ ༨ རིང་བཙོན་འཇུག་མནར་གཅོད་མྱངས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚེ་རིང་བག་གྲོ་ལགས་མལ་གྲོ་གུང་དཀར་རྫོང་གི་རང་ཁྱིམ་ནས་འདས་གྲོངས་སུ་ཕྱིན། ཕྱི་ཟླ་ ༥ ཚེས་ ༧ ཉིན་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་ ༤ བཙོན་འཇུག་ཁྲིམས་ཆད་མྱངས་པའི་བོད་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཕུ་གུ་དགོན་གྱི་དགེ་འདུན་པ་ཆོས་ཀྱིས་ལགས་ཡུན་རིང་ནད་མནར་གྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

སློབ་གསོ་བ་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་སྐུ་གྲོངས།ཕྱི་ཟླ་ ༩ ཚེས་ ༢༡ ཉིན་དེ་སྔ་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྩིས་ཁང་དུ་ཕྱག་ལས་གནང་མྱོང་ཞིང་། ཕྱིས་སུ་བོད་ནང་གི་སློབ་གསོའི་བྱ་བཞག་ཐོག་མཛད་རྗེས་ཆེན་པོ་བཞག་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་། བོད་ཀྱི་ཡིག་མཁན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་དགུང་གྲངས་ ༧༥ སྟེང་སྐུ་གྲོངས་ཡོད་འདུག རྡོ་དགོན་གསང་བདག་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༤༥ ལོར་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཁོངས་སུ་སྐུ་འཁྲུངས་ཤིང་། འདས་པའི་ལོ་ངོ་ ༥༠ ཙམ་གྱི་རིང་བོད་ཀྱི་སློབ་གསོའི་བྱ་གཞག་ནང་ཞུགས་ཏེ། ད་བར་སྙན་ངག་གི་སློབ་དེབ་《མིག་ཡིད་རྣ་བའི་དགའ་སྟོན》དང་།《བོད་ཀྱི་སྤྱི་སྐད་སློབ་དེབ》 བོད་རྒྱ་དབྱིན་གསུམ་ཤན་སྦྱར་གྱི《ཞེ་སའི་ལག་དེབ་བློ་གསར་དགའ་སྟོན》 《བོད་ཀྱི་ཡུལ་སྲོལ་རྣམ་བཤད》བཅས་དང་། 《བྱིས་སྒྲུང་གྲགས་ཅན་ལྔ》ཞེས་པའི་བསྒྱུར་རྩོམ་གནང་ཡོད་ལ། ཁོང་གི་ཉེ་བའི་བརྩམས་ཆོས་གསར་ཤོས་ནི་《མཛའ་བཅུགས་ཀྱི་མི་ཚེ་》ཞེས་པ་དེ་ཡིན་འདུག ཁོང་གིས་ཕྱི་ལོ་ ༢༠༠༠ ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། ཕྱི་ལོ་ ༢༠༠༦ ལོར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གྲགས་ཅན་དགེ་རྒན། ད་དུང་བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་གདན་ཞུས་ཞིབ་འཇུག་པ་བཅས་ཀྱི་མཚན་གནས་བཞེས་ཡོད་པ་རེད།

བོད་རིགས་ལུས་རྩལ་བ་འགར་རྒྱལ་ཡོངས་རྟགས་མ་ཐོབ།འདས་པའི་ལོ་ཤས་ནང་རྒྱ་ནག་རྒྱལ་ཡོངས་ཀྱི་གླུ་གཞས་དང་རིག་རྩལ་འགྲན་སྡུར་མང་པོའི་ཁྲོད་བོད་རིགས་གཞོན་སྐྱེས་ཚོས་གསེར་དངུལ་གྱི་རྟགས་མ་གང་མང་བླངས་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༠ ཉིན་རྒྱ་ནག་རྒྱལ་ཡོངས་ཀྱི་སྐྱེས་པའི་སྤྱི་ལེ་ ༥༠ ཡི་རྟིང་རྩོད་འགྲན་བསྡུར་ཁྲོད། བོད་མཚོ་སྔོན་ཞིང་ཆེན་རྐང་ཚ་ནས་ཡིན་པའི་བོད་རིགས་རྒྱུག་རྩལ་བ་བཀྲ་ཤིས་གཡང་འབུམ་ལགས་ཀྱིས་རྒྱལ་ཡོངས་ཀྱི་ཨང་དང་པོ་བླངས་ཡོད་པ་དང་། དེ་བཞིན་བུད་མེད་ཀྱི་སྤྱི་ལེ་ ༡༠ ཡི་འདུར་རྒྱུག་འགྲན་སྡུར་ཁྲོད། མཚོ་སྔོན་གྱི་འགྲན་ཞུགས་པ་ཉིག་སྒྲོལ་མ་གཡང་སྐྱིད་ཨང་དང་པོ་དང་། ཤེས་རབ་མཚོ་ལ་ཨང་གཉིས་པ་ཐོབ། གཞན་ཡང་། སྐྱེས་པའི་སྨི་ ༡༠༠༠༠ གི་རྒྱང་རྒྱུག་འགྲན་སྡུར་ཁྲོད་བོད་དབུས་གཙང་ཕྱོགས་ནས་ཡིན་པའི་རྒྱང་རྒྱུག་པ་སྟོབས་རྒྱལ་ལགས་ཀྱིས་རྒྱ་ནག་རྒྱལ་ཡོངས་ཀྱི་ཨང་གསུམ་པ་བླངས་ཡོད་འདུག

རྒྱ་བསྒྱུར་སློབ་གསོས་ཟིང་ཆ་བསླངས་བ།

འདི་ལོའི་བོད་རྔ་བ་ཁུལ་གྱི་སློབ་མགོ་གསར་པ་ཚུགས་པ་དང་བསྟུན། སློབ་གྲྭ་ཆུང་འབྲིང་ཁག་ནང་སློབ་འཁྲིད་ཐབས་ལམ་གཉིས་པ་ཞེས་པའི་མིང་འོག་ནས་རྒྱའི་སྐད་ཡིག་གཙོ་གཉེར་གྱི་རྒྱ་བསྒྱུར་སྲིད་ཇུས་ལག་བསྟར་བྱ་འཆར་ཡོད་པའི་གནས་ཚུལ་ཐོན་པར་བརྟེན། རྔ་བ་ཁུལ་གཙོ་བོར་གྱུར་བའི་བོད་ཁུལ་གྱི་དགེ་རྒན་དང་རྩོམ་པ་པོ། མི་མང་འཐུས་མི་སོགས་ཀྱིས་ཡིག་ངག་གཉིས་ཀྱི་ལམ་ནས་སྲིད་ཇུས་དེས་བོད་ཀྱི་སྐད་ཡིག་རིག་གཞུང་མི་རིགས་དང་བཅས་པ་རྩ་བརླག་ཏུ་གཏོང་ཉེན་ཆེ་བའི་བསམ་འཆར་ཤུགས་ཆེན་བཏོན་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་བསམ་ཚུལ་རིགས་ཐད་ཀར་མགོ་འཁྲིད་ལ་ཞུ་རྒྱུ་ལས་དྲ་ལམ་ཁག་ཏུ་བརྒྱུད་སྤེལ་མི་ཆོག་པའི་བཙན་བཀའ་བཏང་། དེ་བཞིན་ལོ་འདིའི་སློབ་མགོ་ཚུགས་པ་དང་བསྟུན་བོད་གཙང་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ནང་ཨང་རྩིས་དང་དངོས་ཁམས་སོགས་རྒྱ་ཡིག་ནང་སློབ་འཁྲིད་བྱེད་མགོ་བརྩམས་ཡོད་འདུག  ཕྱི་ལོ་ ༢༠༡༠ ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱ་བསྒྱུར་སློབ་གསོའི་སྲིད་ཇུས་ལག་བསྟར་གྱི་ཡིག་ཆ་བསྒྲགས་རྗེས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་སློབ་སྟོང་ཕྲག་མང་པོས། མི་རིགས་འདྲ་མཉམ་དང་། སྐད་རིག་རང་དབང་། ཞེས་པའི་འབོད་ཚིག་འོག་ངོ་རྒོལ་ཤུགས་ཆེན་བྱས་རྐྱེན་སྲིད་ཇུས་ཇི་བཞིན་ལག་བསྟར་ཐུབ་མེད་ཀྱང་། ཕྱི་ལོ་ ༢༠༡༡ ལོའི་སློབ་མགོ་ཚུགས་པ་དང་བསྟུན་ས་ཁུལ་ཁག་ཅིག་ནང་སྲིད་ཇུས་དེ་དངོས་སུ་ལག་བསྟར་བྱེད་པའི་མགོ་བརྩམས་ཡོད་འདུག

བོད་ནང་ངལ་རྩོལ་ར་བ་བཙུགས།ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་མཉམ་ལས་ཀྱི་མིང་ཐོག་ནས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དང་ཡུལ་ཤུལ་ཁུལ་དུ་ཞིང་འབྲོག་མི་མང་ལས་མི་ ༧༠༩༢༠ ལྷག་བཙན་གྱིས་བསྡུས་ཏེ་ངལ་རྩོལ་བྱེད་དུ་བཅུག་ཡོད་ཅིང་། སྐྱེ་རྒུ་མདོ་ཁྲི་འདུ་རྫོང་སྡོམ་མདའ་ཡུལ་ཚོ་ནས་སྤྱི་ལེ་ ༢༥ ཡས་མས་ཀྱི་མཚམས་སུ་ཡོད་པའི་རྫ་དམར་ཞེས་པར་ངལ་རྩོལ་ར་བ་གཅིག་དང་། མགོ་ལོག་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རིང་གི་མཚོ་མགོ་ནས་སྤྱི་ལེ་ ༡༨ མཚམས་སུ་ཡོད་པའི་རྡོ་ཁ་ཟེར་བའི་ས་གནས་སུ་ངལ་རྩོལ་བ་ར་བ་གཞན་ཞིག་བཅས་ངལ་རྩོལ་ར་བ་གཉིས་ཆེད་འཛུགས་བྱས་ཡོད་པ་དང་། ངལ་རྩོལ་ར་བ་དེ་གཉིས་ནང་གདན་འཐག་པ་དང་། སྔོ་ཚལ་འདེབས་ལས། གཞུང་ལམ་འཛུགས་སྐྲུན་སོགས་སྡེ་ཚན་སོ་སོར་ཆ་བགོས་བྱས་ཡོད་པ་དང་། ངལ་རྩོལ་ནང་ཞུགས་པའི་སྐྱེད་མ་གཅིག་ལ་ཟླ་རེར་རྒྱ་སྒོར་ ༩༠༠ དང་སྐྱེས་པར་རྒྱ་སྒོར་ ༡༢༠༠ མ་གཏོགས་སྤྲོད་ཀྱི་མེད་པ་རེད་འདུག འདི་ལོའི་ཕྱི་ཟླ་ ༩ པའི་ནང་འཇར་མན་གྱི་མི་རིགས་རིག་པ་བ་དང་ཤིན་ཅང་གི་གནད་དོན་དབྱེ་ཞིབ་པ་སྐུ་ཞབས་ཨེ་ཌི་རེན་རྫན་ (Adrian Zenz) ལགས་ཀྱིས་དེའི་སྐོར་ལ་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཏེ། རྒྱ་ནག་གཞུང་གིས་ཞི་ཅིན་ཕིན་གྱི་དབུལ་གྲོལ་དགག་སྒྲོལ་གྱི་སྲིད་ཇུས་ཟེར་བའི་འོག བོད་ནང་བཙན་བཀོལ་ངལ་རྩོལ་ར་བ་ཆེད་འཛུགས་ཀྱིས་འདི་ལོའི་ལོ་མགོ་ནས་ཕྱི་ཟླ་ ༧ པ་བར་ཁྱོན་བོད་མི་འབུམ་  ༥ ལྷག་ངལ་རྩོལ་ར་བར་བཅུག་ཡོད་པའི་གནས་ཚུལ་བསྒྲགས་ཡོད་ཅིང་། སྙན་ཐོ་དེ་དང་བསྟུན་རྒྱ་ནག་དང་འབྲེལ་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་ཡོད་པ་རེད།

ཡར་ཀླུང་གཙང་པོའི་གློག་ཁང་འཛུགས་སྐྲུན།འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༡ ནས་ ༢༠༢༥ བར་གྱི་ལྔ་ཚན་ ༡༤ པའི་ལས་གཞིའི་འོག རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་ལ་ཉེ་འབྲེལ་ཡིན་པའི་མེ་ཏོག་རྫོང་ཁོངས་སུ་ཁེལ་བའི་ཡར་ཀླུང་གཙང་པོའི་རྒྱུད་དུ། ཕྱི་ལོ་ ༢༠༢༡ ལོའི་ལོ་མགོ་ནས་གཞི་རྒྱ་ཆེ་བའི་ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞི་ཞིག་མགོ་བརྩམ་རྒྱུ་ཡིན་སྟབས། ཆུ་མཛོད་དེས་ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་ཆགས་པའི་རྒྱ་གར་དང་བྷང་གྷ་ལའི་མི་མང་ལ་འཐུང་ཆུ་དང་ཡུར་ཆུ་སོགས་ཀྱིས་བློ་འཚབ་དང་གླེང་གཞི་གསར་པ་བཟོས་ཡོད་པ་རེད། འདས་པའི་ལོ་ངོ་ ༡༠ ལྷག་རིང་རྒྱ་ནག་གཞུང་གིས་ས་ཁུལ་དེའི་སྤྱི་ལེ་ ༢༤ ཙམ་གྱི་ནང་ཆུ་མཛོད་གསུམ་གསར་རྒྱག་བྱས་ཡོད་འདུག

བཙོན་ཁང་དུ་བཅུག་པའི་བོད་མི།འདི་ལོའི་ཕྱི་ཟླ་ ༡ ཚེས་ ༧ ཉིན་རྒྱ་ནག་གཞུང་གིས་བོད་ནག་ཆུ་སོག་རྫོང་ནས་ཆོས་ཀྱི་བྱེད་སྒོ་སྤེལ་ནས་མི་མང་ལ་མགོ་སྐོར་བསླུ་བྲིད་དང་མང་ཚོགས་ལ་མངོན་ལྐོག་གཉིས་ནས་རྨོངས་དད་ཀྱི་བསམ་བློ་དྲིལ་སྒྲོག་བྱས་པའི་ཉེས་འཛུགས་འོག  བོད་མི་ ༡༢ ལ་ལོ་གཅིག་ནས་ཟླ་ ༩ ཡན་གྱི་བཙོན་འཇུག་ཁྲིམས་ཐག་བཅད། དེ་བཞིན་འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་མགོར་༧གོང་ས་མཆོག་ལ་ཆེ་བསྟོད་གླུ་ཚིག་འབྲི་གྱེར་བྱས་ཏེ། རྒྱལ་ཁབ་མགོ་རྟིང་སློག་ཐབས་བྱས་པའི་ཉེས་མིང་འོག་བོད་མི་མཁའ་འགྲོ་ཚེ་བརྟན་ལ་ལོ་ ༧ དང་། གླུ་བ་ཚེ་རྒོ་ལ་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད། གཞན་ཡང་། འདི་ལོའི་ཕྱི་ཟླ་ ༦ པ་ནས་བཟུང་བོད་དཀར་མཛེས་ཁུལ་གྱི་བོད་མི་ ༩ ལ་རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་བྱས་པའི་ཉེས་མིང་འོག་ཁྲིམས་ཐག་བཅད་ཡོད་ཀྱང་། ཁྲིམས་ཆད་ལོ་ག་ཚོད་བཅད་ཡོད་མེད་སོགས་ཁ་གསལ་བྱུང་མེད། དེ་བཞིན་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་བོད་ཀན་ལྷོ་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་རྒྱ་ནག་གི་རོགས་སྐྱོར་འཛུགས་སྐྲུན་ལས་གཞི་འགོག་ཐབས་བྱས་པ་དང་། མི་མང་དཔུང་སྡེབ་ཀྱིས་ཟིང་ཆ་སློང་བ་སོགས་ཀྱི་ནག་ཉེས་བཙུགས་ཏེ། གནམ་ལྷ་དགོན་པའི་དགེ་འདུན་པ་བཀྲ་ཤིས་རྒྱ་མཚོ་ལ་ལོ་ ༡༤ དང་དངུལ་ཆད་རྒྱ་སྒོར་ཁྲི་༧། སྙིང་ལྕགས་དང་རྒྱལ་ལོ། བསོད་ནམས་རྒྱལ་དང་སྟག་ཐར་རྒྱལ་བཅས་ལ་མི་ལོ་ ༡༠ རེ་ཡི་བཙོན་འཇུག་དང་དངུལ་ཆད་རྒྱ་སྒོར་ཁྲི་ ༥ རེ། གཞན་བསྟན་པ་རྒྱ་མཚོ་དང་རྟ་མགྲིན་རྡོ་རྗེ། རྟ་མགྲིན་ཚེ་རིང་དང་གཅོད་པ་ཚེ་རིང་བཅས་ལ་མི་ལོ་ ༩ དང་དངུལ་ཆད་རྒྱ་སྒོར་ཁྲི་ ༥ རེ། དེ་བཞིན་ཚེ་དབང་ཞེས་པ་ལ་མི་ལོ་ ༩ དང་ཕྱེད་ཀའི་རིང་བཙོན་འཇུག་དང་རྒྱ་སྒོར་ཁྲི་ ༥ བཅས་ཁྱོན་བོད་མི་ ༡༠ ལ་ཁྲིམས་ཐག་བཅད་ཡོད་པ་རེད། གཞན་ཡང་འདི་ལོའི་ཕྱི་ཟླ་ ༦ པའི་ནང་བོད་འབྲི་རུ་རྫོང་ནས་ཡིན་པའི་གླུ་བ་ལྷུན་གྲུབ་ལགས་ཀྱིས་ཞྭ་མོ་ནག་པོ་ཞེས་པའི་གླུ་གཞས་བླངས་པའི་རྒྱུ་མཚན་གྱིས་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐད་བཅད། ཡང་ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་བོད་མི་ལྷུན་གྲུབ་རྡོ་རྗེ་ཡིས་༧གོང་ས་མཆོག་གི་སྐུ་པར་དང་བོད་དོན་གྱི་པར་རིས་བརྒྱུད་སྤེལ་བྱས་པར་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་མིང་གཡོགས་ཏེ། འོག་ལོ་ ༡ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།  ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་རྒྱ་གཞུང་གིས་བསྒྲགས་པ་ལྟར་ན། འདས་ལོའི་ཕྱི་ཟླ་ ༩ ཚེས་ ༢༥ ཉིན་ལྷ་ས་གྲོང་ཁྱེར་མི་མང་ཁྲིམས་ཁང་ནས་བོད་མི་ཚུད་པའི་མི་ ༦ ལ་བརྐུ་འཕྲོག་དང་བསྙད་བརྐོ་ཟིང་སློང་སོགས་ཀྱི་ཉེས་མིང་འོག་ལོ་ ༢ ནས་ ༡༧ བར་གྱི་བཙོན་འཇུག་ཁྲིམས་ཆད་དང་དངུལ་ཆད་བཅད་ཡོད་འདུག

འཛིན་བཟུང་བཀག་ཉར་བྱས་པའི་བོད་མི།ཕྱི་ལོ་ ༢༠༢༠ ལོར་ཡང་རྒྱ་ནག་གཞུང་གིས་བོད་ཁུལ་དུ་ཉེས་མིང་སྣ་ཚོགས་ཀྱི་ཐོག་ནས་བོད་མི་མང་པོ་འཛིན་བཟུང་བཀག་ཉར་བྱས་འདུག དེ་ཡང་ཕྱི་ཟླ་ ༢ ཚེས་ ༡༣ ཡས་མས་ལ་ཁྱུང་མཆུ་རྫོང་སྦྲ་ཆེན་གྱི་བོད་མི་ཚེ་མིང་ཅན་ཞིག་གིས་སྦྲ་ཆེན་ཡུལ་ཚོའི་རི་རྒན་ན་གཞོང་ལ་མེ་སྐྱོན་བཏང་བའི་དོགས་གཞིའི་འོག་འཛིན་བཟུང་བཀག་སྐྱིལ་བྱས་རྗེས། དངུལ་ཆད་བཅད་དེ་ཀློད་གྲོལ་བཏང་། ཕྱི་ཟླ་ ༢ ཚེས་ ༢༠ ཉིན་བོད་དིང་རི་རྫོང་བཀྲ་ཤིས་འཛོམས་ཡུལ་ཚོའི་དཔེ་ལེབ་གྲོང་སྡེ་ནས་ཡིན་པའི་ཚེ་རིང་རྡོ་རྗེ་འཛིན་བཟུང་བྱས་རྗེས་གནས་ཚུལ་གང་ཡང་གོ་ཐོས་མེད་པར་གྱུར། ཕྱི་ཟླ་ ༦ པའི་ནང་བོད་འབྲི་རུ་ཆགས་རྩེ་ནས་ཡིན་པའི་བུད་མེད་ལྷ་མོ་དང་། བསྟན་འཛིན་ཐར་པ་གཉིས་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ལྷ་མོ་ལགས་བཀག་ཉར་འོག་འདས་གྲོངས་སུ་ཕྱིན།  ཕྱི་ཟླ་ ༨ ཚེས་ ༡༧ ཉིན་གསེར་ཆེན་རྫོང་གི་སྐྱེས་ཕོ་མོ་གཉིས་འཛིན་བཟུང་བྱས་ཏེ་ཉིན་གྲངས་ ༡༣ རིང་བཀག་ཉར་བྱས་རྗེས་ཀློད་འདུག དེ་བཞིན་ཕྱི་ཟླ་ ༦ པའི་ནང་མཚོ་ལྷོ་ཁུལ་མང་ར་རྫོང་མགོ་མང་གྲོང་རྡལ་འབྲོག་རུ་སྡེ་བའི་བོད་རིགས་མཐོ་རིམ་སློབ་མ་ཀུན་བཟང་རྒྱལ་མཚན་རྒྱལ་ས་ལྷ་ས་ནས་འཛིན་བཟུང་བྱས་ཏེ་ད་རུང་ཀློད་མི་འདུག་ཀྱང་། ཁོང་གི་ཁྱིམ་མི་ཉེ་འབྲེལ་ཚོས་ཁོང་བཀག་ཉར་ཁང་གང་ཞིག་ཏུ་ཡོད་མེད་ཙམ་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་འདུག འཛིན་བཟུང་བྱས་རྗེས་གནས་ཚུལ་ཅི་བྱུང་གོ་ཐོས་མེད་པའི་བོད་མི་ཁག་ཅིག་ནི། ཕྱི་ཟླ་ ༨ ཚེས་ ༢༡ ཉིན་སྐྱེ་རྒུ་མདོ་འཁྲི་འདུ་རྫོང་ཐོག་ནས་འཛིན་བཟུང་བྱས་པའི་བོད་མི་རྡོ་སྐྱབས་དང་རྒྱལ་མཚན། ཕྱི་ཟླ་ ༡༠ ཚེས་ ༡༢  ཉིན་འཛིན་བཟུང་བྱས་པའི་སྐྱེ་རྒུ་མདོ་སྡམ་འདའ་ཡུལ་ཚོའི་བོད་མི་རྡོ་སྐྱབས་དང་གུ་རུ་གྲགས་པ། གཞན་ཕྱི་ཟླ་ ༡༢ པའི་ནང་འཛིན་བཟུང་བྱས་པའི་རྩོམ་པ་པོ་དང་སྙན་ངག་པ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་གྲུབ་ལགས། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡ ཉིན་འཛིན་བཟུང་བྱས་པའི་རྔ་བ་རྫོང་ཁཱ་ཤུལ་སྡེ་བ་ནས་ཡིན་པའི་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་བཅས་རེད་འདུག

བོད་དུ་ཁྱབ་པའི་ཏོག་དབྱིབས་གཉན་རིམས།རྒྱ་ནག་ཝུ་ཧན་ནས་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་སོང་ནས་ཟླ་གཅིག་མ་ཟིན་ཙམ་ཕྱིན་རྗེས། རྒྱ་ནག་ནས་བོད་ཁུལ་དུ་ཤར་སྐྱོད་ཀྱི་གནམ་གྲུ་དང་མེ་འཁོར་བཀག་སྡོམ་བྱེད་པའི་མགོ་བཙུགས་ཡོད་ཀྱང་། ཕྱི་ཟླ་ ༡ ཚེས་ ༢༤ ཉིན་ཝུ་ཧན་ནས་ཡིན་པའི་རྒྱ་རིགས་སྐྱེས་པ་ཞིག་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསླེབས་ཏེ་ཏོག་དབྱིབས་ནད་རྟགས་ཐོན་པ་དང་། བོད་རྟའུ་རྫོང་ནས་བོད་མི་མང་པོར་ཏོག་དབྱིབས་ནད་རྟགས་ཐོན་པའི་གནས་ཚུལ་བྱུང་བར་བརྟེན། བོད་ཕྱི་ནང་གི་བོད་མི་མང་པོར་བློ་འཚབ་ཆེན་པོ་བྱུང་ཡོད་པ་རེད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གནས་ཚུལ་ལྟར་ན། ཕྱི་ཟླ་ ༢ པའི་ནང་རྟའ་རྫོང་ནས་ནད་པ་ ༧༣ དང་། འདབ་པ་རྫོང་ནས་མི་ ༡། གསེར་རྟ་ནས་མི་ ༢། དར་རྩེ་མདོ་ནས་ནད་པ་ ༢ བཅས་ཁྱོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གཅིག་པུ་ནས་ནད་པ་ ༧༨ ཐོན་པ་དང་། དེ་བཞིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་ནད་པ་ ༣ དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་ནས་ནད་པ་ ༨ བཅས་ཁྱོན་བོད་ཁུལ་ནས་ཁྱོན་ཏོག་དབྱིབས་ནད་པ་ ༨༠ ཐོན་པའི་ཁྲོད་ནས་གཉིས་མ་གཏོགས་གཞན་རྣམས་བོད་པ་ཡིན་འདུག ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གྲངས་ཐོ་ལྟར་ན། ད་བར་བོད་ནང་བོད་མི་ ༦༨ ལ་ཏོག་དབྱིབས་གཉན་རིམས་འགོས་ཡོད་པ་དང་། རྒྱ་ནག་གི་དབུས་སའི་གཞུང་གིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གནས་ཚུལ་བརྒྱུད་སྤེལ་བྱེད་པར་བཀག་སྡོམ་ཤུགས་ཆེན་བྱས་ཡོད་པ་ལྟར། དཀར་མཛེས་ཁུལ་དྲ་རྒྱའི་བདེ་འཇགས་ཉེན་རྟོག་པས་ཕྱི་ཟླ་དང་པོའི་ནང་དཀྲོག་གཏམ་སྤེལ་བའི་དོགས་གཞིའི་འོག་བོད་མི་ ༢༤ ལ་བཀག་ཉར་དང་ཉེན་བརྡ་བཏང་ཡོད་འདུག

གསར་འགྱུར་ཕྱོགས་སྒྲིག་པ་པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྲུང་གཙི་ཞུས། ༢༠༢༥།༠༧།༠༦། དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་ཐུབ་ན་དགའ་བོ་བྱེད་མཁན་རང་བཞིན་གྱིས་འདུས་ཡོང་སྐོར་བཀའ་སློབ་བསྩལ།

ཆུ་ཚོད་ ༧ སྔོན་ལ།
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese