མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྔོན་འགྲོའི་འོས་ཤོག་འཕེན་པའི་མྱོང་ཚོར་ཁྲོད་སྐྱབས་བཅོལ་བོད་མི་ཆིག་སྒྲིལ་དགོས་པའི་གནད་དོན་ཆེ་ལོང་ཙམ་གླེང་བ།

བོད་ཀྱི་དུས་བབ།
༢༠༢༡/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཨ་མའི་བུ་བསྟན་འཛིན་ཚེ་རིང་།

ལྷུང་ལྷུང་དུ་རྒྱུག་པའི་དབྱར་གྱི་ཆུ་མོ་བཞིན་ཁ་སང་ཉིས་སྟོང་ཉི་ཤུ་ཞེས་པའི་ལོ་ནག་འདི་ཡང་མཚམས་སྤྲིན་སྟུག་པོ་དང་ལྷན་དུ་ཤར་ཤར་དུ་བཞུད་སོང་བས། ཕེབས་བསུའི་རྟེན་འབྲེལ་དང་འཛུམ་དམུལ་དམུལ་ངང་རེ་སྒུག་གིས་ཁེངས་པའི་ལོ་གསར་ཞིག་གི་སྐྱ་རེངས་ཀྱི་ཉི་འོད་ཅིག་ཀྱང་གངས་རིའི་ལ་རྩེར་འོད་ཆེམ་ཆེམ་དུ་ཤར་སོང་། དེ་ཡང་ཁོ་བོས་དེ་རིང་སྔ་ཞོགས་དགའ་སྐྱོ་ཟུང་སྦྲེལ་གྱི་ཚོར་བ་ཞིག་སྐྱེས་ཏེ་སྲིད་སྤྱིའི་འོས་བསྡུ་ཆེན་མོའི་ནང་དུ་མཉམ་ཞུགས་བྱས་ཏེ་འོས་ཤོག་འཕངས་ཟིན། མུན་ནག་ནང་ལག་སྙོབ་བྱས་མེད་ལ། བླུན་པོ་ཆུ་སྣེ་གར་ཁྲིད་ལྟར་དེ་བས་ཕྱིན་མེད། དྲང་པོའི་གཞུང་ལམ་དུ་གོམ་པ་སྤོས་ཤིང་། རང་ཉིད་ཀྱི་ཀླད་པ་རང་ཉིད་ཀྱིས་བཀོལ་སྤྱོད་བྱས་ཤིང་། ཀླད་པས་དཔྱོད་ཤེས་དང་ཞིབ་འཇུག་ནན་པོ་བྱས་ཏེ་རང་གི་ལག་པས་འོས་ཤོག་འཕངས་པ་ཡིན།

འོས་ཤོག་འཕངས་ཚར་རྗེས་ས་འོག་ལྕགས་ལམ་སྟེང་མེ་འཁོར་གྱི་དུང་སྒྲ་འུར་འུར་སྒྲོག་བཞིན་རང་ཁྱིམ་དུ་ཕྱིར་ལོག་བྱེད་དུས་ཁོ་བོའི་སེམས་ནང་དུ་དགའ་སྐྱོ་གཉིས་ལྡན་གྱི་ཚོར་སྣང་ཞིག་ཤར། དགའ་འོས་པའི་ཚོར་བ་ནི། རི་ཆུ་ལུང་བརྒལ་གྱི་ཧི་མ་ལ་ཡ་རྒྱབ་ཏུ་བསྐྱུར་ཏེ་བཙན་བྱོལ་དུ་ཁྲི་གདུགས་ཉི་མ་མཇལ་བ་མ་ཟད། ན་གཞོན་བདག་ལྟ་བུའི་གངས་ཕྲུག་ཁྲི་ཕྲག་ལའང་མིའི་བསམ་བློའི་རང་དབང་གི་བློ་ཁ་འབྱེད་དེ། བཤུ་གཞོག་དང་གཉའ་གནོན་གྱི་དྲི་མ་མེད་པའི་ཐོག་རང་དབང་དང་འདྲ་མཉམ་གྱི་ཐོག་ནས་འོས་ཤོག་བླུག་རྒྱུའི་གོ་སྐབས་རག་པ་དེ་དགའ་བ་ཁོག་ཏུ་མི་ཤོང་བའི་ཚོར་སྣང་སྟེར། སྐྱོ་འོས་པའི་ཚོར་བ་ནི། བཙན་བྱོལ་བའི་མི་གྲངས་འབུམ་གཅིག་དང་ཕྱེད་ཀ་ཙམ་མ་གཏོགས་བོད་ནང་གི་བརྩེ་ལྡན་གྱི་གཞིས་ལུས་རྒྱ་ཆེའི་མི་དམངས་ས་ཡ་ལྔ་ལྷག་ཙམ་ལ་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་རང་དབང་མེད་པ་དེ་ཡིན། གང་ཞིག་གི་ཆེད་དུ་གཅེས་པའི་ཚེ་སྲོག་ཀྱང་དམར་ལྷབ་ལྷབ་ཀྱི་མེ་ལྕེ་རུ་བསྒྲོན་པ་རེད་དམ། སུ་ཞིག་གི་སླད་དུ་རང་གི་ལུས་པོ་དེ་བཙོན་ཁང་དུ་བརྫངས་བ་ཞིག་ཡིན་ནམ། བྱས་ཙང་། སྐྱབས་བྱོལ་བའི་སྤྱི་ཚོགས་སུ་རང་དབང་ཡོད་དུས། མི་རིགས་དེ་འགྱེལ་ས་ནས་ལངས་དགོས་ཚེ། མིག་ཡར་ལྟ། གོམ་ཡར་སྤོས་ཞེས་པའི་དཔེ་བཞིན་ཆོལ་ཞེན་དང་ཆོས་ཞེན་དོར་ཏེ་ཆིག་སྒྲིལ་ལམ་ནས་མི་རིགས་ཀྱི་བདེན་དོན་འཐབ་རྩོད་བྱེད་རན། སྐྱབས་བཅོལ་བ་ཚོ།

དེ་རིང་འུ་ཚོ་ལ་གང་ཡོད་པ་ནི། ཡོད་ཚད་༧རྒྱལ་བའི་བཀའ་དྲིན་ཉག་ཅིག་ཡིན་པས། ཐེ་ཚོམ་སྤུ་ཙམ་མེད་པའི་ཐོག་ཁོང་གི་བཀའ་དགོངས་འོག་ཐད་ཀར་ཤར་བསྐྱོད་གནང་དགོས། འུ་ཚོའི་སྤྱི་ཚོགས་སུ་མི་དགོས་པའི་གད་སྙིགས་ལྟ་བུ་ནི། ལྟ་ལོག བསྟན་བཤིག ནང་རུལ། ཆོལ་ཞེན། ཕྲག་དོག ཚིག་རྩུབ། ནང་འཁྲུག གཡོ་ཁྲམ། དཀྲུག་ཤིང་། སྡིགས་ར། ངོ་གཉིས། དབྱེ་འབྱེད། ཧོལ་རྒྱུགས་བཅས་ཡིན་པས། ཀླད་རྙིང་མཁྲེགས་འཛིན་དང་གཏོར་བཤིག་གྱི་ལྟ་བ་མཚམས་འཇོག་བྱས་ཏེ་གུ་ཡངས་ཀྱི་བསམ་གཞིག་དང་དྲང་བདེན་གྱི་ལམ་བུ་ཞིག་ཏུ་ཁ་ལོ་བསྒྱུར་འོས། རང་ལྟ་ལ་ཕྱོགས་འཛིན་དང་གཞན་ལྟ་ལ་སྡང་སེམས་ཞེས་པའི་བྱེད་སྟངས་ངན་པ་བསྐྱུར། རྟོག་པ་ལྷ་དང་མཉམ་ཡང་སྤྱོད་པ་མི་དང་བསྟུན་དགོས་ཞེས་པའི་དཔེ་ལྟར་མཁས་རློམ་དང་རྟོག་བཟོ་བྱས་ཏེ་ཁོང་གི་བཀའ་དགོངས་དཀྲུག་མི་ཉན། ནང་འཁྲུག་ནི་ཁྲོན་པའི་ནང་གི་ཟླ་བའི་གཟུགས་དབྱིབས་ལ་ཟླ་བ་དངོས་གནས་སུ་འཛིན་ཏེ་ཞེན་ཆགས་འཁྲེང་བའི་སྤྲེའུ་གླེན་པ་དང་མཚུངས། སྐྱུག་བྲོ་བའི་རང་གཞན་སུའང་ཕན་མེད་ཆོལ་ནད་ཀྱི་སྣང་ཚུལ་ནི་མཁས་པའི་བཞད་གད་ཀྱི་རྒྱུ་རུ་གྱུར། རང་གི་གཉེན་གྱི་མགོ་ལ་རང་གིས་སྟ་རེ་ཞུས་ཚེ། མཇུག་འབྲས་ནི་རང་ཉིད་ཀྱང་ཕམ་ཁའི་ན་ཟུག་ཏུ་ལྷུང་ངོ་། །བཙན་བྱོལ་བ་ཚོ།

མང་གཙོ་ཞེས་པ་ནི་ཤེས་རབ་ཀྱི་མེ་ལྕེ་འབར་ཏེ་སྨག་རུམ་གྱི་སྤྱི་ཚོགས་ལ་སྒྲོན་མེ་བཏེགས་ཏེ་འོད་དཀར་འཕྲོ་ཞིང་རང་དབང་གི་བདེ་སྐྱིད་ཡོང་བ་དང་གཅིག་མཚུངས་བཞེད། འདས་པའི་ཚེར་མས་ཁེངས་བའི་ལོ་རྒྱུས་ཀྱི་རྟ་ལམ་རིང་པོའི་ནང་ཕྱིར་བལྟས་ཤིག་བྱས་ན། འཇིག་རྟེན་ཁམས་ཀྱི་འགྲོ་བའི་སྤྱི་ཚོགས་སུ་རླབས་ཤིང་འཕྱོ་བའི་ཆབ་སྲིད་ཀྱི་ལམ་ལུགས་ལ་འཕོ་འགྱུར་མང་པོ་བྱུང་སྟེ། མི་སྡེ་སོ་སོའི་སྲིད་དབང་གི་ལམ་ལུགས་ཀྱང་མི་རབས་ནས་མི་རབས་བར་ལ་འགྱུར་ལྡོག་སྣ་ཚོགས་སུ་གྱུར། དཔེར་ན། གོང་མའི་རིང་ལུགས། རྒྱལ་པོའི་རིང་ལུགས། བཀས་བཀོད་རྒྱུན་འཛིན། མ་རྩ་རིང་ལུགས། བཙན་རྒྱལ་རིང་ལུགས། སྒེར་སྤྱོད་རིང་ལུགས། དམར་ཤོག་རིང་ལུགས། བྲན་གཡོག་གི་ལམ་ལུགས། མང་གཙོ་རིང་ལུགས་བཅས་རིམ་བཞིན་འགྱུར་བའི་སྣང་ཚུལ་མང་། གནས་ལུགས་དེ་དག་ལ་དཔྱད་ཞིབ་རེ་བྱས་རྗེས། མང་གཙོའི་སྲིད་ལུགས་ནི་འཛིན་སྐྱོང་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་དང་དགེ་མཚན་ཆེ་ཤོས་ཤིག་ཏུ་ངེས་ཤེས་རྙེད། དྲོད་སྐྱིད་ལྡན་ཞིང་ཡང་དག་གི་མང་གཙོའི་སྤྱི་ཚོགས་སུ་སྐྱིད་པོ་ཡིན་པར་ཤེས་དགོས། བཙན་བྱོལ་བ་ཚོ། མཚོ་དེ་འོ་མའི་མཚོ་ལ། ཁྲག་གིས་ཐིགས་པ་མ་རྒྱག་ཅེས་པའི་ཚིག་དོན་ལྟར་ནང་དཀྲུག་གི་འཕག་འཚག་དེ་མྱུར་དུ་སྤོངས། ཁྲེལ་དང་ངོ་ཚ་ཡོད་པ་དང་ཡ་རབས་བཟང་སྤྱོད་ལྡན་པའི་བོད་མི་རིགས་ཞེ་ན་མིང་དོན་མཚུངས་ངམ། སྔོན་བྱོན་གྱི་དཔའ་མཛངས་ཆེ་བའི་མེས་པོ་དམ་པ་ཚོའི་ཞབས་མི་འདྲེན་པ་ཞིག་དང་། རྗེས་མའི་མི་རབས་གསར་པ་ཚོའི་མདུན་ལ་ངོ་མི་གནོང་བ་ཞིག་བྱ་རྒྱུ་ནི་ད་ཡོད་ཀྱི་མི་རབས་ཚོའི་བྱ་བྱེད་ལས་གསུམ་ཤིན་ཏུ་གལ་འགངས་ཆེ། བཟོད་བསྲན་དང་གུས་བརྩི་ལྡན་པའི་ཐོག་རྩོད་བཞིན་རྩོད་བཞིན་མི་རིགས་ལ་ཕན་ཐོགས་ཡོད་པའི་འཐབ་རྩོད་དེ་གནང་དང་། ང་རྒྱལ་དང་རང་ཁེ་ཡི་ཆེད་དུ་སྐབས་འཚོལ་རིང་ལུགས་པའི་སྤྲེའུ་ལད་དང་ལྐོག་འགྱུར་གྱི་ངན་སྤྱོད་དེ་དག་མ་གནང་ཨང་། བཙན་བྱོལ་བ།

རྒྱ་ནག་གི་མཁས་དབང་ཡུས་ཏ་ཧྥུ་ཡིས་གསུངས་པ་ལྟར། “རླབས་ཆེན་གྱི་མི་སྣ་བྱུང་མ་མྱོང་བའི་མི་རིགས་ནི་འཛམ་གླིང་སྟེང་ཆེས་སྙིང་རྗེ་བའི་སྐྱེ་འགྲོའི་ཚོགས་ཤིག་རེད་ལ། རླབས་ཆེན་གྱི་མི་སྣ་བྱུང་ཡང་དེ་དག་ལ་བརྩི་བཀུར་དང་དགའ་ཞེན། ཡིད་སྨོན་བཅས་མི་བྱེད་པའི་མི་རིགས་ནི། འབྱུང་འགྱུར་རེ་བ་མེད་པའི་བྲན་གཡོག་གི་རྒྱལ་ཁབ་ཅིག་རེད།” ལེགས་བཤད་རྣལ་མ་འདིའི་བསླབ་བྱ་ཐོབ་པ་ཞིག་བྱོས། བྱང་ཐང་ལ་སྦྲང་ཆར་གྱི་བདུད་རྩི་འཇོ་ཞིང་རྩྭ་ལྗང་གི་དཔྱིད་དཔལ་བཞད་པ་ལྟར། མང་གཙོའི་སྤྱི་ཚོགས་སུ་མི་རེ་ངོ་རེ་ནས་འགན་འཁྲི་ཕྲག་ཏུ་ཁུར་ཏེ་ཐབས་ཇུས་བཟང་པོའི་ངང་ནས་བསམ་བློ་བཟང་ཕྱོགས་སུ་གཏོང་དགོས་པ་ནི་དུས་ལ་བབ་པའི་དགོས་མཁོ་ཞིག་ཡིན། རྒྱུ་མཚན་དེ་གོང་དུ་བསུས་པའི་ཐོག མི་མང་ཚོས་སྔོན་འགྲོ་དང་དངོས་གཞིའི་འོས་ཤོག་གི་ལས་འགུལ་འགྲོ་བཞིན་པས། སླད་སྲིད་སྐྱོང་གི་འོས་མི་སུ་ཞིག་ལ་ཐོབ་ཀྱང་རུང་། སྤྱི་འཐུས་འོས་མི་སུ་ལའང་ཐོབ་ཀྱང་ཆོག ཐོབ་མཁན་ལ་རྒྱབ་སྐྱོར་དང་བརྩི་བཀུར་ཞུ་དགོས། ད་དུང་། འོས་མི་སུ་ཞིག་ཕམ་ཡང་། ཕམ་ཀ་འདི་ཡང་ངོས་ལེན་ཞུ་དགོས་པ་དེ་དག་ནི་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཀྱི་མང་གཙོའི་འགྲོ་ལུགས་བཟང་པོ་ཞིག་ཏུ་ལྟ་དགོས། ཆོལ་གསུམ་བོད་མི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་གོ་བ་རྙེད་པའི་ཐོག་ཕན་ཚུན་བློ་གཟུ་བོར་གནས་པའི་ངང་ནས་མཛའ་འབྲེལ་དང་འཆམ་མཐུན་བྱེད་དགོས་པ་ནི་མི་རིགས་གཅིག་གི་འཐབ་རྩོད་གཡུལ་ལས་རྒྱལ་བའི་གཞི་མ་ཡིན། འབྲོག་པས་པགས་པ་མཉེད་མཉེད་དང་རོང་པས་རུས་པ་དམུལ་དམུལ་བྱེད་པ་ལྟ་བུའི་དཔེ་བཞིན། བདག་ཅག་བཙན་བྱོལ་བ་ཚོས་བོད་དང་བོད་མི་རིགས་ཞེས་པའི་མིང་བྱང་དེ་ཡག་ཐོག་ཡག་རྩེག་བསྐྲུན་དགོས་པ་མ་གཏོགས་བོད་དོན་ཁ་རུ་འཁྱེར་ཏེ་ཕུ་དཀྲོག་མདའ་དཀྲོག་བྱེད་མི་ཉན། མུ་མཐུད་ནས་ནང་འཛིན་དང་ནང་འཁྲུག་རྒྱབ་ན། ད་ལྟའི་ནུས་པ་ཅན་གྱི་གཞུང་ཞབས་པ་དང་སྲི་ཞུ་བ་མང་པོ་སེམས་ཤུགས་ཆགས་པའི་ཉེན་ཁ་ཆེ། སྐྱབས་བཅོལ་ཚོ།

འཛམ་གླིང་ཤར་ནུབ་གང་དུའང་ད་ལྟའི་མང་གཙོའི་ལམ་ལུགས་མ་གཏོགས། དེ་མིན་སྔར་བྱུང་བའི་ཆབ་སྲིད་ཀྱི་ལམ་ལུགས་གཞན་ནི་བཙོན་རའི་ནང་གི་བཙོན་ཁྱུ་ལྟར་འོས་ཤོག་བླུག་རྒྱུའི་ཐོབ་ཐང་ཕར་ཞོག རང་གི་རྒྱལ་ཁབ་ལ་སྨན་པའི་བསམ་ཚུལ་ཡང་བཤད་རྒྱུའི་སྨྲ་བརྗོད་རང་དབང་མེད་ལ། བཤས་རའི་ནང་གི་སེམས་ཅན་བཞིན་ཉེས་མེད་ཀྱི་སྐྱེ་བོ་ཁྲི་སྟོང་མང་པོ་དམར་གསོད་ཀྱང་བཏང་། ད་དུང་། དེ་བས་ག་ལ་ཚད། འདས་ཟིན་པའི་སྐྱུག་བྲོ་བའི་ལོ་རྒྱུས་སུ་ཧམ་སེམས་ཆེ་ཞིང་ཁྲེལ་གཞུང་མེད་པའི་དཔོན་ངན་ཚོགས་ཀྱིས་མི་རྒྱུ་སེམས་མེད་ཅེས་པའི་དཔེ་བཞིན། ཉམ་ཆུང་མི་མང་གི་རྒྱུ་ནོར་དང་འབྲུ་རིགས། ཕྱུགས་རིགས། ས་ཞིང་། བུད་མེད་སོགས་འཕྲོག་བཅོམ་བྱས་ཏེ་སྐྱེ་འགྲོ་དུ་མ་བཀྲེས་སྐོམ་གྱི་སྡུག་གིས་གཟེར་ཏེ་ཚེ་སྲོག་ཤོར་བའི་ཡིད་སྐྱོ་བའི་ལོ་རྒྱུས་མངའ། དུས་ད་ལྟ་འུ་ཚོ་ལ་ཅི་ཡོད་པ་དེ། ཡོད་ཚད་ཁོང་གི་བཀའ་དྲིན་ཡིན་པས། ཆོག་ཤེས་དང་མཛའ་སེམས་ཀྱི་བསམ་བློ་འཁྱེར་ཏེ་དྲིན་ལན་འཇལ་དཀའ་ནའང་། བསྟན་པ་བཤིག་པའི་གནོང་འགྱོད་མེད་པ་ཞིག་ངེས་པར་དུ་བྱེད་རན། སྐྱབས་བཅོལ་བ།

ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཞེས་པའི་དཔེ་བཞིན་ཕན་ཚུན་འདུ་ཤེས་གཅིག་ཏུ་འཛིན་ཏེ་ཆ་རྒྱུས་མེད་པའི་མི་ཡུལ་དུ་བོད་པ་ཡོད་དོ་ཅོག་ཆིག་སྒྲིག་གནོངས། རང་ཅག་གངས་ཅན་པ་ཚོས་ངེས་པར་དུ་མཁྱེན་དགོས་པ་ཞིག་ནི། ཅི་ཡང་མི་ཤེས་པའི་སྐྱབས་བྱོལ་བ་བདག་གི་འཕར་ལྡིང་བྱེད་པའི་སྙིང་དམར་གྱི་མྱོང་ཚོར་ལ་མཚོན་ན། བཙན་བྱོལ་བོད་མི་ཚོས་དགའ་ཞིང་སྤྲོ་བོའི་ངང་ནས་རང་འདོད་བཞིན་འོས་ཤོག་འཕེན་ཆོག་པའི་བསྐལ་བཟང་གི་གོ་སྐབས་གསེར་སྲང་སྟོང་ལས་ལྷག་པའི་མང་གཙོ་ཞེས་པ་དེ་ནི། འུ་ཚོས་མང་གཙོའི་ཆེད་དུ་ཟུངས་ཁྲག་དང་རྔུལ་ཆུ་སོགས་གང་ཡང་མ་བཏང་པར། བོད་མིའི་གཟུགས་སུ་སངས་རྒྱས་སྐུ་བརློན་པར་ཕེབས་པའི་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དགོངས་པ་རྒྱ་ཆེར་བཞེས་ཏེ། བདག་ཅག་མགོ་ནག་རྩམ་ཟན་བོད་འབངས་ཀུན་ལ་གསོལ་རས་གནང་བ་ཞིག་ཡིན་པས། དེ་ནི་ཉིན་མཚན་དུས་དྲུག་ཏུ་བརྗེད་པར་དཀའ་བའི་བཀའ་དྲིན་ཞིག་རེད་ལ། རྒྱལ་སྤྱིའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་དང་བོད་ཀྱི་གཡས་གཡོན་གྱི་ཁྱིམ་མཚེས་ཀྱི་རྒྱལ་ཁབ་བཅས་ལ་དཔུང་པ་མཉམ་གཤིབ་ཀྱི་ངང་ནས་བསྐྱོད་པའི་སྒོ་མོ་དང་པོ་དེ་ཕྱེ། བཙན་བྱོལ་བ་ཚོ།

མི་རིགས་གཞན་སུ་ལའང་མེད་ཅིང་ཁོ་ཚོས་ཡིད་སྨོན་གནང་ས་དེ། རླབས་ཆེན་གྱི་ལུགས་གཉིས་ཀྱི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན། འདི་ཕྱི་གཉིས་ཀྱི་སྐྱབས་མགོན། ༧རྒྱལ་དབང་ཡིད་བཞིན་ནོར་བུ་ཁོང་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡིན་པར་སྨྲ་ཅི་ལ་དགོས། ཁོང་གིས་ཁ་དོག་དང་སྐད་ཡིག་དབྱེ་བ་མེད་པའི་འགྲོ་བ་ཁྲི་ཚོགས་ལ་བྱམས་བརྩེའི་ས་བོན་བཏབ་པ་དང་གཅིག གླིང་ཆེན་བདུན་གྱི་ས་གཞིའི་སྟེང་དུ་གནས་པའི་ཆོས་ལུགས་མཛའ་འབྲེལ་བསྐྲུན་པ་དང་གཉིས། བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་མཛད་འཕྲིན་སྐྱོང་བ་དང་གསུམ། རྒྱ་གར་འཕགས་པའི་དཔལ་ན་ལེནྜའི་གནའ་བོའི་རིག་གནས་སླར་གསོ་དང་རྒྱུན་འཛིན་གནང་བ་དང་བཞི་བཅས་ཐུགས་བསྐྱེད་དམ་བཅའ་ཆེན་པོ་བཞི་རྨང་གཞིར་བཟུང་སྟེ་སྤྱིར་གོ་ལ་ཧྲིལ་པོ་ཞི་བདེའི་ངངང་གནས་ཐབས་དང་། བྱེ་བྲག་ཏུ་བོད་ཀྱི་བདེན་དོན་འཐབ་རྩོད་གནང་བ་སོགས་ཀྱི་མཛད་འཕྲིན་ནམ་མཁའ་ལས་རྒྱ་ཆེ་བ་དང་རྒྱ་མཚོ་ལས་གཏིང་ཟབ་པའི་སྐུ་ཡོན་མངོན་པས། ས་འོག་གི་འབུ་གྲོག་མ་བདག་གིས་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ཡོད་ཚད་བརྗོད་པར་དཀའ། འོན་ཀྱང་། སྐྱབས་བཅོལ་བོད་རིགས་མི་མང་གིས་བཀའ་ཆོས་ཐེངས་མང་གསན་མྱོང་ཡང་། མི་མང་ཚོས་དོན་དངོས་སུ་མུན་འཐོམས་དང་རྨོངས་གཉིད་ཆ་མང་པོ་ཞིག་ལ་འགྱུར་བཅོས་ཐུབ་ན། དེ་ནི་ང་ཚོ་ཡར་རྒྱས་ཀྱི་ཐེམ་སྐས་སུ་འཛེགས་པའི་གྲུབ་འབྲས་རེད་ལ། མ་འོངས་བོད་པའི་གནས་བབ་ལའང་ཡག་ཕྱོགས་སུ་འགྱུར་བ་ཡོང་བའི་སྔོན་རྟགས་ཤིག་ཏུ་ངོས་འཛིན་ཐུབ་སྙམ། འཐབ་གྲོགས་ཚོ།

མདོར་བསྡུས་ན། སྐྱབས་བཅོལ་བ་ཚོས་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་དེ་བཀའ་ཤག་སྐབས་བཅུ་དྲུག་དང་སྤྱི་འཐུས་སྐབས་བཅུ་བདུན་པའི་འོས་མི་འོས་ཤོག་འཕེན་རྒྱུའི་ཁྱད་འཕགས་ཀྱི་གོ་སྐབས་ཐོབ་ཡོད་པས། འོས་ཤོག་འཕེན་ཚར་བའི་རྗེས་ནས་མི་རེ་ངོ་རེས་འོས་འགན་འཁུར་ཏེ། འོས་བསྡུ་ལྷན་ཁང་གིས་འོས་བསྡུའི་གྲུབ་འབྲས་ཁྱབ་བསྒྲགས་གནང་དུས། སོ་སོས་རྒྱབ་སྐྱོར་བྱེད་ཡུལ་དེ་འོས་ཤོག་གི་ཁ་གྲངས་ཐོབ་ཤོར་ལ་མི་ལྟོས་པར། སྔོན་འགྲོ་དང་དངོས་གཞི་འོས་བསྡུའི་གྲུབ་འབྲས་གང་ཡིན་པ་དེ་ངེས་པར་དུ་ཁྲིམས་རང་འཁུར་དང་། སྡོམ་པ་རང་སྲུང་བྱས་ཏེ་ཁས་ལེན་ཡོད་པའི་རེ་སྙེག་ཞུ། ཤ་ཚ་བའི་གཏམ་ལ་ཉན་ཆ་མེད། ནད་གསོ་བའི་སྨན་ལ་ཞིམ་པོ་མེད་ཅེས་པའི་གཏམ་དཔེ་ལྟར་གྱུར། ཆོལ་གསུམ་སྤུན་ཟླ་མཐུན་སྒྲིལ་མེད་ན། རང་བཙན་རག་ཀྱང་དགེ་མཚན་མེད། ཆོལ་གསུམ་མི་མང་ཆིག་སྒྲིག་གི་དམ་བཅའ་མ་དོར་བ་ནི། བོད་མི་རིགས་ཀྱི་ཆབ་སྲིད་ཀྱི་སྲོག་རྩ་ཡིན་པར་མི་བརྗེད་ཨང་།

ཧྥ་རན་སི་རུ་སྲིད་སྤྱི་འོས་བསྡུ་ཆེན་མོའི་སྔོན་འགྲོའི་འོས་ཤོག་བླུག་ཚར་རྗེས། གུས་པ་ཨ་མའི་བུ་བསྟན་འཛིན་ཚེ་རིང་གིས་རང་ཉིད་ཀྱི་མྱོང་ཚོར་གསོན་པོ་ཞིག་བཀག་ཀྱང་མི་ཁོགས་ཏེ་ཤར་མར་བྲིས་པར་དགེའོ། །

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. jigwang Abharu says:
    ལོ་ 5 སྔོན།

    ཨ་མའི་བུ་བསྟན་འཛིན་ཚེ་རིང་ནས་དཔེ་ཡག་པོ་བྲིས་འདུག་་་་བཀྲིས་བདེ་ལེགས་ཡོད།

    Reply
  2. བསྟན་དགའ། says:
    ལོ་ 5 སྔོན།

    དཔེ་ཡག་པོ་རྗེས་སུ་ཡིད་རང་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese