མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ལ་དཔྱད་དེ་དངོས་གཞིའི་འོས་བསྡུར་བསླབ་བྱ།

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཐུབ་དབྱིག

བཙན་བྱོལ་བོད་མིའི་ཚོས་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུ་བསྒྲུབས་ཏེ། གཞུང་འབྲེལ་མིན་པའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པ་ནས་དངོས་གཞིའི་འོས་མི་གཉིས་སུ་ཡིན་ཧ་ལམ་གསལ་པོ་ཆགས་ཟིན་ཡོད་པ་དང་། འོས་མི་དང་མང་ཚོགས་བཅས་ཀྱིས་སྔོན་འགྲོའི་འོས་བསྡུའི་བརྒྱུད་རིམ་ནང་ཕྱི་ལོ་ ༢༠༡༦ གི་གནས་རྙོག་བསྐྱར་ལོག་མི་ཡོང་བའི་འབད་བརྩོན་གནང་ཡོད། ལྷག་པར་འོས་མི་ཚོས་ཆིག་བསྒྲིལ་དང་མཉམ་ཁྲིད་ཀྱི་ལྟ་གྲུབ་དང་ལངས་ཕྱོགས་གལ་ཆེར་ངོས་འཛིན་གནང་ནས་ཁས་ལེན་བསྒྲགས་གཏམ་དང་གཏམ་བཤད་གནང་སྟེ་ཆིག་བསྒྲིལ་ནི་འཐབ་རྩོད་ཀྱི་རྨང་གཞི་ཡིན་པ་གཅིག་གྱུར་ངོས་འཛིན་གནང་ཡོད།

འོན་ཀྱང་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པར་ཞིབ་འཇུག་བྱས་ཚེ་ཆོལ་ཁའི་བསམ་བློ་ལ་བརྟེན་ནས་འོས་ཤོག་འཕེན་གྱི་ཡོད་པ་གང་ཙམ་གསལ་པོ་ར་སྤྲོད་བྱེད་ཐུབ། ནུབ་ཕྱོགས་ཡུལ་གྲུར་གནས་པའི་བོད་མི་ཚོ་ཆོལ་ཁ་ལ་བརྟེན་པའི་སྤྱི་ཚོགས་མིན་ནའང་། ས་གནས་ཆེ་ཁག་ནང་ཆོལ་ཁ་སོ་སོའི་མི་འབོར་མང་ཉུང་ཇི་ཙམ་ཡོད་པ་གང་ཙམ་ཤེས་རྟོགས་ཐུབ་རྒྱུ་རེད། རྒྱ་གར་དང་བལ་ཡུལ་ནང་གཞིས་ཆགས་དང་དགོན་སྡེ་སོགས་གང་ན་ཆོལ་ཁ་གང་དང་གང་གི་མི་འབོར་ཆེ་བ་ཡོད་པ་དེ་ནི་འོས་བསྡུའི་དེབ་བསྐྱེལ་ནས་གསལ་པོ་ཤེས་རྟོགས་ཐུབ་ངེས་རེད།

ད་བར་ཕྱིར་བསྒྲགས་ཟིན་པའི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ལ་དཔྱད་ཚེ་༢༠༡༦བཞིན་གདན་ས་གསུམ་གཙོས་དགོན་པ་གྲྭ་ཚང་དང་ཆོས་སྡེ་སོགས་ཀྱི་ནང་ཆོལ་ཁའི་ངོ་བོར་འོས་ཤོག་འཕངས་ཡོད་པ་དེར་འགྱུར་བ་དེ་ཙམ་བྱུང་མེདཅེས་བརྗོད་ན་མི་འགྲིག་པ་མེད། འདི་ལོར་དགེ་ལྡན་པའི་མཁན་པོ་ལས་སྣེ་ཚོས་གདན་སའི་དགེ་འདུན་པ་ཚོས་གདན་སའི་ཁོར་ཡུག་ཏུ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་མི་ཆོག་པ་མ་ཟད། དགེ་འདུན་པ་ཚོས་དངོས་ཤུགས་ཀྱི་ཐེ་གཏོགས་བྱེད་རྒྱུ་མེད་པ་སོགས་བླང་དོར་ལམ་སྟོན་གྱི་གསལ་བསྒྲགས་ཤིག་གནང་བ་དེས་གདན་ས་གསུམ་དང་དེ་མིན་དགེ་ལུགས་པའི་དགོན་སྡེ་ཁག་གི་ནང་འོས་བསྡུའི་དྲིལ་བསྒྲགས་ཡིག་ཆ་འགྲེམས་སྤེལ་དང་གཏམ་བཤད་གནང་བ་སོགས་མཐོང་རྒྱུ་མེད་ནའང་། འོས་ཤོག་འཕེན་སྟངས་ལ་དེ་ཙམ་འགྱུར་བ་མེད་པ་མངོན་གསལ་རེད།

སྲིད་སྐྱོང་འོས་མིར་ལངས་མཁན་སྐྱེས་ཁོངས་མདོ་སྟོད་ཡིན་པ་གཉིས་ཡོད་པ་དང་། སྦེལ་ཀོབ་ལུགས་བསམ་དང་མོན་གྷོ་འདོད་རྒུ་གླིང་གཉིས་ཀྱི་ནང་དེབ་བསྐྱེལ་བྱེད་མཁན་མང་ཤོས་དགེ་འདུན་པ་ཡིན་ཅིང་། འོས་བསྡུའི་གྲུབ་འབྲས་ནང་དབུ་དཀར་ཚང་སྐང་བཟང་རྡོ་རྗེ་ལགས་སུ་འོས་གྲངས་མང་བ་ཐོབ་པ་དེ་ནི་ཕྱི་ལོ་ ༢༠༡༦ ལོར་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ལ་འོས་གྲངས་ཐོབ་པ་དང་ཧ་ལམ་གཅིག་པ་རེད། སྤེན་པ་ཚེ་རིང་ལགས་སུ་ས་གནས་དེ་གཉིས་ནས་༢༠༡༦ལས་འོས་ཤོག་མང་བ་ཐོབ་འདུག་པ་དེ་ནི་འདི་ལོ་དགུན་ཚོང་ལ་འགྲོ་ཐུབ་མེད་པར་བརྟེན། གཞིས་ཆགས་ནང་འོས་ཤོག་འཕེན་མཁན་མང་བ་ཡོད་པ་དེ་རྒྱུ་མཚན་གཅིག་རེད།  རྒྱུ་མཚན་དེ་ལ་བརྟེན་ནས་གདན་སའི་ནང་བཞུགས་པའི་དགེ་འདུན་པ་ཚོས་འོས་ཤོག་འཕེན་སྟངས་ལ་འགྱུར་བ་སོང་མེད་ཅེས་བརྗོད་ཆོག

ཡང་རྡ་རམ་ས་ལའི་ནང་མདོ་སྟོད་མི་མང་གི་གྲངས་འབོར་ཆེན་པོ་མེད་ཀྱང་། ༢༠༡༦ ལོར་དབུས་གཙང་མི་མང་འཕོན་ཆེས་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ལ་རྒྱབ་སྐྱོར་བྱས་ནས་ཁོང་ལ་འོས་གྲངས་མང་བ་ཐོབ་ཡོད་ནའང་། འདི་ལོར་སྤེན་པ་ཚེ་རིང་ལགས་ལ་འོས་གྲངས་མང་ཤོས་དང་དེ་རྗེས་འབྲོང་ཆུང་དངོས་གྲུབ་ལགས་ལ་ཐོབ་ཡོད། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་དང་རྒྱ་རི་སྒྲོལ་མ་ལགས་གཉིས་གསུམ་པ་དང་བཞི་པ་རེད། རྡ་རམ་ས་ལ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ཡིན་པ་དང་། ས་གནས་དེར་འོས་འཕེན་མཁན་མི་འབོར་ཆེ་ཤོས་ནི་གཞུང་ཞབས་དང་། བོད་ཁྱིམ་སྟེང་ཤོད་གཉིས་དང་སྨན་རྩིས་ཁང་གི་ལས་བྱེད་རྣམས་དང་དེ་དག་གི་ནང་མི་བཅས་ཡིན་པས་ལུང་ཚན་དང་ཆོལ་ཁའི་ཤུགས་རྐྱེན་དེ་ཙམ་མ་མངོན། དེ་མིན་ས་གནས་གཞན་གྱི་ནང་དུ་ཆོལ་ཁ་དང་ལུང་ཚན་གྱི་ཤུགས་རྐྱེན་ཡོད་པ་དེ་འོས་ཤོག་གི་གྲངས་ཀ་ནས་གསལ་པོ་ར་སྤྲོད་བྱེད་ཐུབ།

ཕྱོགས་ཡོངས་ནས་དཔྱད་ཚེ། ཕྱི་ལོ་ ༢༠༡༦ སྲིད་སྐྱོང་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ནང་སྤེན་པ་ཚེ་རིང་ལགས་ལ་འོས་གྲངས་ ༢༤༨༦༤ ཐོབ་ཡོད་པ་དང་། ༢༠༢༡ སྔོན་འགྲོའི་འོས་བསྡུའི་ནང་ཁོང་ལ་འོས་གྲངས་༢༣༦༧༨ ཐོབ་འདུག་པར་གཞིགས་ན་ཁྱོན་བསྡོམས་འོས་གྲངས་ལ་འགྱུར་བ་དེ་ཙམ་སོང་མེད་ནའང་། ས་གནས་སོ་སོར་ཁོང་ལ་འོས་གྲངས་ཐོབ་སྟངས་ལ་བསྡུར་ཚེ་ཁོང་ལ་རྒྱབ་སྐྱོར་ཆེ་རུ་སོང་ཡོད། དཔེར་ན་ཨ་རི་ལྟ་བུར་མཚོན་ན་སྤེན་པ་ཚེ་རིང་ལགས་སུ་སྔོན་འགྲོའི་འོས་བསྡུའི་ནང་འོས་གྲངས་༤༤༠༦ ཐོབ་འདུག་པ་དང་། ༢༠༡༦ ལོར་སྔོན་འགྲོའི་འོས་བསྡུའི་ནང་ཁོང་ལ་འོས་གྲངས་ ༡༢༣༦ ཐོབ་པ་དང་བསྡུར་ཚེ་འདི་ལོར་འོས་གྲངས་མང་བ་ཐོབ་འདུག སྔོན་འགྲོའི་འོས་བསྡུའི་ལས་རིམ་འགོ་འཛུགས་ཟིན་མཚམས་སྤེན་པ་ཚེ་རིང་ལགས་ལ་དེ་སྔོན་འོས་ཤོག་འཕེན་མཁན་ནས་གང་ཙམ་འབྲོང་ཆུང་དངོས་གྲུབ་ལགས་ལ་རྒྱབ་སྐྱོར་གནང་ནས་ཁོང་གི་རྒྱལ་ཁར་བར་ཆད་ཡོང་དོགས་ཀྱི་གླེང་སློང་བྱུང་ཡོད་ནའང་། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ལ་འགྱུར་བ་སོང་མེད། དེ་ལ་རྒྱུ་མཚན་གསུམ་ཙམ་ཡོད། དང་པོ་ནི་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཁོངས་ནས་མང་པོས་འདས་པའི་ལོ་བཞི་ཙམ་གྱི་རིང་ཁོང་ལ་ཆབ་སྲིད་ཀྱི་བསུན་གཙེར་ཆེན་པོ་བཟོས་སོང་བ་དེར་སྙིང་རྗེའི་སེམས་ཚོར་ཡོད་མཁན་མང་པོ་ཡོད་པ་དང་། གཉིས་པ་ནི་ཁ་མཆུ་ཨང་ཉི་ཤུ་བའི་བཅད་ཁྲས་ཁོང་ལ་ནག་ཉེས་མེད་པ་གསལ་འདོན་གནང་བ་དེས་མི་དཀར་པོར་ཞྭ་ནག་པོ་གཡོག་སོང་ཞེས་རྒྱབ་སྐྱོར་བྱེད་མཁན་རིགས་གཅིག་ཡོད།  རྒྱུ་མཚན་གསུམ་པ་ནི་ཁོང་ནི་འཇོན་ཐང་དང་ཤེས་ཡོན་སོགས་གང་ཅིར་དབུ་ཁྲིད་འོས་པ་གཅིག་ཡིན་པར་ངོས་འཛིན་བྱེད་མཁན་ཡོད་པ་བཅས་རྒྱུ་མཚན་གསུམ་ལ་བརྟེན་ནས་རྒྱབ་སྐྱོར་བྱས་ཡོད། ལྷག་པར་སྔོན་འགྲོའི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཧ་ཅང་ཚགས་ཚུད་ལྡན་པ་དང་མང་ཚོགས་ལ་གནས་ལུགས་གསལ་བཤད་ཡིད་དབང་འཕྲོག་པ་གནང་བ་བཅས་ཀྱིས་ཁོང་ལ་རྒྱབ་སྐྱོར་གྱི་གནས་བབ་བཟང་པོ་བྱུང་ཡོད། གལ་སྲིད་ཁོང་གིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་དེ་ལྟར་མུ་མཐུད་གནང་ནས་མང་ཚོགས་ལ་བརྒྱུད་བསྐུལ་གནང་ཐུབ་ཚེ་ ༢༠༢༡ ལོའི་སྲིད་སྐྱོང་གི་རྒྱལ་ཁ་ཁོང་ལ་འཐོབ་རྒྱུའི་ཚོད་དཔག་བྱེད་ཆོག

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ནི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱི་ལས་དོན་མཇུག་སྐྱོང་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་དེ་ལྟར་ནན་བཤད་བྱས་ཡོད་པའི་ཁར་དེང་དུས་ཤེས་ཡོན་ཡོད་མཁན་ཞིག་ལ་ངོས་འཛིན་བྱས་ཏེ་རྒྱབ་སྐྱོར་བྱས་ཡོད། ཁོང་ལ་འོས་ཤོག་མང་ཤོས་ཐོབ་ཡུལ་ས་གནས་ལ་དཔྱད་ཚེ་སྦེལ་ཀོབ་ལུགས་བསམ་དང་མོན་གྷོ་འདོད་རྒུ་གླིང་གཉིས་ནས་འོས་ཤོག་འཕོན་ཆེ་ཐོབ་ཡོད་པ་དེས་ཁོང་ལ་གདན་ས་ནས་འོས་ཤོག་འཕོན་ཆེ་ཐོབ་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ཁོང་གིས་སྤྱི་ཚོགས་དྲྭ་རྒྱའི་ཐོག་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གནང་ཡོད་པ་དེ་དག་སྤུས་ཚད་ལྡན་པ་བཟོ་སྒྲིག་བསྔགས་བརྗོད་འོས་པ་གནང་ཡོད་ནའང་། འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཆེད་ས་གནས་གང་སར་ཕེབས་ཏེ་གཏམ་བཤད་གནང་བ་སོགས་ཀྱིས་ཕན་ཐོགས་ལས་གླེང་གཞི་མང་བ་བཟོས་ཡོད། ཁོང་ནི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ལྟ་བུ་གཏམ་བཤད་གནང་རྒྱུར་མཁས་པོ་མེད་པ་མ་ཟད། འཛིན་སྐྱོང་དང་ཆབ་སྲིད་ཀྱི་ཉམས་མྱོང་གི་ཆ་ནས་གནས་ལུགས་གསལ་བཤད་ཡིད་དབང་འཕྲོག་པ་གནང་ཐུབ་ཀྱི་མེད། འོན་ཀྱང་སྲིད་སྐྱོང་བློ་བཟང་སེངྒེ་ལགས་བློས་གཏོང་མ་ཐུབ་པའི་བློ་སྙིང་བྲང་གསུམ་གྱི་རྒྱབ་སྐྱོར་བྱེད་མཁན་ཚོས་ཁོང་ལ་རྒྱབ་སྐྱོར་བྱས་ཡོད། ༢༠༡༦ ལོར་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ལ་རྒྱབ་སྐྱོར་བྱེད་མཁན་ཁོངས་ནས་ཁོང་གི་ཕྱག་ལས་གནང་ཕྱོགས་ལ་ཡིད་སྨོན་བྱེད་མཁན་ཚོས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་རྒྱབ་སྐྱོར་བྱེད་སྲིད་ཀྱང་། དེའི་ཁོངས་ནས་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་ཕྱག་ལས་གནང་ཕྱོགས་ལ་འདོད་བློ་མ་ཁེངས་མཁན་རྣམས་ཀྱིས་རྒྱབ་སྐྱོར་ཐོབ་དཀའ་བ་རེད། སྔོན་འགྲོའི་འོས་བསྡུའི་ནང་དེ་དག་གིས་རྒྱ་རི་སྒྲོལ་མ་ལགས་དང་འབྲོང་ཆུང་དངོས་གྲུབ་ལགས་གཉིས་ལ་འོས་ཤོག་འཕངས་ཡོད།

རྒྱ་རི་སྒྲོལ་མ་ལགས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་དེ་འོས་མི་གཞན་ལ་སྐྱོན་བརྗོད་མེད་པར་ཚང་མ་མཉམ་ཁྲིད་ཐུབ་པའི་ལྟ་གྲུབ་ཐོག་གནང་ཡོད་ནའང་། གཏམ་བཤད་གནང་བའི་ནང་དབུ་མའི་ལམ་དང་རང་བཙན་གཉིས་མཉམ་བསྲེས་གནང་བ་མ་ཟད། རང་བཙན་རྩོད་མཁན་ཚོས་རྒྱབ་སྐྱོར་ལ་བརྟེན་རྒྱུའི་ཐབས་ཤེས་གནང་ནས་གཏམ་བཤད་གནང་ཕྱོགས་དེར་སྐྱོན་ཆ་ཕྲན་བུ་བྱུང་ཡོད། སྲིད་སྐྱོང་བློ་བཟང་སེངྒེ་ལགས་ལ་རྒྱབ་སྐྱོར་བྱེད་མཁན་ཁོངས་ནས་གང་ཙམ་གྱིས་ཁོང་ལ་རྒྱབ་སྐྱོར་བྱས་ཡོད་ནའང་། འོས་ཤོག་འཕོན་ཆེ་ཡོད་པའི་ས་གནས་ཆེ་ཁག་ནས་ཁོང་གིས་རེ་བ་བྱས་པ་བཞིན་རྒྱབ་སྐྱོར་ཐོབ་མེད་པ་མ་ཟད། ཁོང་གིས་བུད་མེད་ཀྱི་སྲིད་སྐྱོང་དང་པོ་ཆགས་རྒྱུའི་རེ་བ་བཅངས་པ་དེས་ཤུགས་རྐྱེན་དེ་ཙམ་ཐོན་མེད། ཁོང་ནི་འབྲོང་ཆུང་དངོས་གྲུབ་ལགས་ཕུད་བཙན་བྱོལ་བོད་མིའི་འཛིན་སྐྱོང་ནང་འགོ་ཁྲིད་ཀྱི་ཉམས་མྱོང་ཡོད་མཁན་གཅིག་དེ་ཡིན་པ་མ་ཟད། ནང་སྲིད་བཀའ་བློན་གནང་སྐབས་གཞིས་ཆགས་སོགས་བཙན་བྱོལ་བོད་མིའི་བདེ་དོན་ལ་དངོས་སུ་ཕྱག་ལས་གནང་མཁན་ཞིག་ཡིན་ནའང་། ཁོང་དང་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཚོས་གྲུབ་འབྲས་དེ་དག་མངོན་གསལ་གྱིས་མང་ཚོགས་ལ་ངོ་སྤྲོད་གནང་ཐུབ་མེད་པའི་ཁར་དབུ་མའི་ལམ་དང་བོད་རྒྱ་འབྲེལ་མོལ་ཐོག་གླེང་ཕྱོགས་བཟོ་གཞིའི་གཏམ་བཤད་གནང་བ་དེས་ཁོང་ལ་གནོད་པ་བྱས་ཡོད། དེ་བཞིན་འཇམ་དབྱངས་ནོར་བུ་ལགས་དང་ཤར་གླིང་ཟླ་སྒྲོན་ལགས་གཉིས་དངོས་སུ་ཐོན་ནས་ཁོང་ལ་རྒྱབ་སྐྱོར་བྱས་པ་དེས་ཕན་ཐོགས་བྱུང་ཡོད་དམ། ཡང་ན་གནོད་ཡོད་དཔྱད་ཞིབ་བྱ་རྒྱུའི་གནད་དོན་རེད།

འབྲོང་ཆུང་དངོས་གྲུབ་ལགས་ནི་འོས་མི་གཞན་དང་མི་འདྲ་བར་ཐོག་མ་ཉིད་ནས་བོད་ཕྱི་ནང་གི་མང་ཚོགས་ཀྱིས་འབོད་བསྐུལ་བྱུང་བར་བརྟེན་དངོས་གཞིའི་འོས་བསྡུའི་ནང་ཚུད་པ་ཡིན་ན་དགོངས་ཞུ་གནང་རྒྱུ་མིན་ཞེས་གསུང་མཁན་སྲིད་སྐྱོང་འོས་མི་གཅིག་ཡིན་པ་མ་ཟད། རང་ཉིད་མང་ཚོགས་ནང་ཕེབས་ཏེ་འོས་བསྡུའི་དྲིལ་བསྒྲགས་དང་ལས་འཆར་སོགས་ཡོངས་བསྒྲགས་གནང་མེད། འོས་འཕེན་མཁན་ཁོངས་ནས་ཁོང་རང་ཉིད་ཀྱིས་སྲིད་སྐྱོང་འོས་མིར་ལངས་པའི་གསལ་བསྒྲགས་གནང་མེད་པ་མ་ཟད། ལས་འཆར་གང་ཡིན་ཡོངས་བསྒྲགས་གནང་མེད་པ་དེས་རྒྱབ་སྐྱོར་ཞུ་རྒྱུར་ཐེ་ཚོམ་བྱེད་མཁན་བྱུང་ཡོད། དེས་ཁོང་ལ་འོས་ཤོག་ཐོབ་རྒྱུར་འགལ་རྐྱེན་བྱས་ཡོད་ངེས། འོན་ཀྱང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་འོས་བསྡུའི་དྲིལ་བསྒྲགས་དང་མང་ཚོགས་ལ་ངོ་སྤྲོད་གནང་རྒྱུ་སོགས་ཧ་ཅང་སྤུས་ཚད་མཐོ་བོ་གནང་བ་དེས་འབྲོང་ཆུང་དངོས་གྲུབ་ལགས་དབུ་ཁྲིད་གང་འདྲ་གཅིག་ཡིན་པ་ངོ་སྤྲོད་གསལ་པོ་བྱེད་ཐུབ་པ་བྱུང་ཡོད། ལྷག་པར་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་འོས་མི་གཞན་ལ་སྐྱོན་བརྗོད་དང་འགྲན་རྩོད་ཀྱི་་ཟུར་ཟ་སོགས་གཏན་ནས་བྱེད་རྒྱུ་མེད་པའི་ལམ་སྟོན་གནང་བ་དེས་སྔོན་འགྲོའི་འོས་བསྡུའི་བརྒྱུད་རིམ་ཞི་འཇམ་ལྡན་པ་ཡོངས་རྒྱུར་ཕན་གྲོགས་བྱས་པར་ངོས་འཛིན་བྱེད་མཁན་ཡོད། འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་སྔོན་འགྲོའི་འོས་བསྡུའི་ནང་མི་མང་གི་མངོན་འདོད་བཞིན་དངོས་གཞིའི་ནང་སླེབས་ན་དགོངས་ཞུ་གནང་རྒྱུ་མིན་པའི་ལངས་ཕྱོགས་བཟུང་པ་དེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིའི་ནང་སྲིད་སྐྱོང་གི་འོས་མི་འདེམས་རྒྱུ་མང་ཚོགས་ལ་འགན་དབང་གནང་ཡོད་པ་དེ་ནུས་ཤུགས་ཆེ་རུ་བཏང་ཡོད་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྒྲིག་གཞིའི་ནང་མ་གསལ་བར་སྲིད་སྐྱོང་འོས་མིར་ལངས་པ་ཡིན་ཞེས་གསལ་བསྒྲགས་བྱས་པ་དེ་སྒྲིག་མཐུན་ཡིན་མིན་ལ་གླེང་སློང་བྱུང་བ་མ་ཟད། སྤྱི་ཁྱབ་འོས་བསྡུའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་གནས་སྟངས་དེར་མ་འོངས་པར་བསྐྱར་ཞིབ་བྱས་ཏེ་བཟོ་བཅོས་དགོས་མིན་དགོངས་པ་བཞེས་དགོས་ཀྱི་འདུག་ཅེས་བརྒྱུད་ལམ་ཁག་ལ་གསུངས་ཡོད།

ད་ཆ་སྔོན་འགྲོའི་འོས་བསྡུ་ཟིན་ནས་དངོས་གཞིའི་འོས་བསྡུའི་ཕྱོགས་སུ་བསྐྱོད་བཞིན་པ་དང་། དངོས་གཞིའི་འོས་གཞིར་ཚུད་པའི་མི་སྣ་གཉིས་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སྤྱི་ཚོགས་དྲྭ་རྒྱའི་ཐོག་ཕན་ཚུན་ཚིག་མཚོན་བྱ་རྒྱུ་འགོ་འཛུགས་ཟིན་འདུག་པ་དེ་བློ་ཚབས་བྱེད་དགོས་པ་གཅིག་རེད། ༢༠༡༦ལོར་སྔོན་འགྲོའི་འོས་བསྡུའི་སྐབས་ཟང་ཟིང་གི་གནས་ཚུལ་ཧ་ལམ་བྱུང་མེད་ཅིང་། འཁོན་འཛིན་དང་ཤོག་ཁག་གཅིག་གིས་གཅིག་ལ་ཚིག་མཚོན་དང་ཁ་རྡུང་སྐྱོན་བརྗོད་བྱེད་པའི་གནས་སྟངས་དེ་དངོས་གཞིའི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་བྱུང་ཡོད། ༢༠༡༦ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་མཆོག་ལྷ་དགོངས་འཁྲུག་གཞིའི་གནས་ཚུལ་དེ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་བྱུང་ཡོད་པ་དང་། ད་ལམ་སླར་ཡང་ཐབས་སྐྱོའི་གནས་ཚུལ་དེ་མི་ཡོང་བ་བྱ་རྒྱུར་དངོས་གཞིའི་འོས་མི་གཉིས་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་འགན་འཁུར་ཆེན་པོ་ཡོད་པ་དང་། ལྷག་པར་འོས་མི་གཉིས་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་འགན་འཁུར་ལེན་དགོས་པ་ཡིན། སྔོན་འགྲོའི་གྲུབ་འབྲས་ཀྱི་གྲངས་ཐོ་རྣམས་ལ་དཔྱད་ཞིབ་བྱས་ཚེ་ཆོལ་ཁའི་ཞེན་ཁོག་གི་རྨང་གཞིའི་འོག་ཤོག་ཁ་གཉིས་ཀྱི་འདུ་ཤེས་དེ་ད་ལྟའང་ཤུགས་ཆེར་ཡོད་པ་མངོན་གསལ་རེད། འོས་མི་གཉིས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་ཕྱོགས་༢༠༡༦ལས་བཟང་བ་གནང་མ་ཐུབ་ཚེ་དཀའ་རྙོག་དེ་བསྐྱར་དུ་ཡོང་རྒྱུ་ཡིན་པ་ནི་ངེས་པ་རེད། ད་བར་གྱི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པར་གཞིགས་ན་ ༢༠༡༦ ལོའི་རྙོག་ཟིང་དང་དངོས་ཤུགས་ཀྱི་འབྲེལ་བ་ཡོད་མཁན་མི་སྣ་གཉིས་མཐའ་མའི་འོས་མིར་གསལ་བསྒྲགས་ཡོང་རྒྱུ་ངེས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོས་༢༠༡༦ ལོར་འོས་བསྡུའི་སྐབས་སྤྱི་ཚོགས་བརྟན་ལྷིང་མ་བྱུང་བའི་རྒྱུ་རྐྱེན་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་འོས་མིའི་མིང་འདོན་དང་དེ་དག་ལ་རྒྱབ་སྐྱོར་བྱས་པ་དེ་རེད་ཅེས་གསུངས་ནས་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་གནང་ཡོད། དེ་ལ་ཁུངས་བསྐྱེལ་ཐུབ་པའི་རྒྱུ་མཚན་ནི་སུ་ལའང་གསུངས་རྒྱུ་མེད།

ད་ཆ་ཚོད་དཔག་བྱེད་དགོས་པ་དང་འགྲན་རྩོད་ཀྱི་གནད་དོན་ནི་རྒྱ་རི་སྒྲོལ་མ་ལགས་དང་འབྲོང་ཆུང་དངོས་གྲུབ་ལགས་གཉིས་ལ་འོས་འཕེན་མཁན་མི་མང་ཉིས་ཁྲི་ལྷག་ཙམ་ཡོད་པ་དེ་དག་གིས་སུ་ལ་རྒྱབ་སྐྱོར་བྱེད་ཀྱི་རེད། ཁོང་གཉིས་ཀྱི་སུ་ལ་རྒྱབ་སྐྱོར་གནང་གི་རེད་ཅེས་པའི་དྲི་བ་དེར་གླེང་སློང་ཡོང་གི་ཡོད། ཁོང་གཉིས་ལ་རྒྱབ་སྐྱོར་གནང་མཁན་ཚོས་དངོས་གཞིའི་འོས་མི་གཉིས་ནས་སུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེས་མཐའ་མའི་གྲུབ་འབྲས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། དབུ་དཀར་སྐལ་བཟང་རྡོ་རྗེ་ལགས་ལ་རྒྱལ་ཁ་འཐོབ་རྒྱུར་འོས་ཤོག་གྲངས་ཆིག་ཁྲི་ལྔ་སྟོང་ཙམ་ཐོབ་དགོས་པ་དེ་དཀའ་ངལ་ཆེ་ཙམ་རེད། སྤེན་པ་ཚེ་རིང་ལགས་ལ་ད་ཡོད་ཀྱི་འོས་གྲངས་ཀྱི་ཁར་ལྔ་སྟོང་ལྷག་ཙམ་གྱི་རྒྱབ་སྐྱོར་ཐོབ་ན་མ་འོངས་པའི་སྲིད་སྐྱོང་གི་རྒྱལ་ཁ་དེ་ཁོང་ལ་འཐོབ་རྒྱུ་ངེས་པ་ལྟ་བུ་རེད།

དོ་སྣང་བྱེད་དགོས་པའི་གནད་དོན་གཅིག་ནི་འོས་བསྡུའི་དྲིལ་བསྒྲགས་སྐབས་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་དངོས་ཤུགས་ཀྱི་ཐབས་ཤེས་དང་བརྒྱུད་བསྐུལ་གནང་གི་ཡོད་མེད་དེ་རེད། འོས་བསྡུའི་སྒྲིག་གཞི་དང་ལམ་ལུགས་ཀྱི་ཆ་ནས་དེ་ལ་གསལ་ཁ་མེད་ཀྱང་། དབུ་ཁྲིད་ཀྱི་འགན་འཁུར་དང་བོད་མིའི་ཆིག་བསྒྲིལ་གྱི་གནས་བབ་ལ་དགོངས་པ་བཞེས་ཚེ་ཁོང་རྒྱང་ཐག་རིང་ཙམ་བཞུགས་ན་དགེ་མཚན་ཆེ་བ་ཡོང་ངེས་རེད། གལ་སྲིད་ཁོང་གིས་བརྒྱུད་བསྐུལ་དང་དྲིལ་བསྒྲགས་ལས་འགུལ་ནང་མཉམ་ཞུགས་གནང་བ་སོགས་གནང་ཚེ་ ༢༠༡༦ ལོར་བོད་མིའི་སྤྱི་ཚོགས་དུམ་བུ་གཉིས་ལ་ཐོར་བའི་མེ་ལྕེ་དེ་ད་དུང་ཆེས་ཆེར་འབར་རྒྱུ་ངེས་པ་རེད།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 3

  1. བསྟན་འཛིན་སྐྱིད་པ། says:
    ལོ་ 4 སྔོན།

    སྤེན་པ་ཚེ་རིང་ཡར་རྩེ་ལ་བསླེབས་ཡོང་དུས་ཀ་སྟག་རིན་པོ་ཆེའི་མི་འགའ་ཡར་ལངས་འོང་ནས་མི་ལོ་བཅུ་ཕྲག་མང་པོ་འདས་སོང་བའི་གནས་ཚུལ་ཞིག་བཤད་ནས་སྤེན་པ་ཚེ་རིང་གི་མདུན་འགོག་ཐབས་བྱེད་པའི་འཁྲབ་སྟོན་དེ་ལ་ང་ནས་ཉོབ་སོང་། དེ་འདྲ་འ་ཆད་འུག་ཐུག་གི་ལས་ཀ་བྱེད་དགོས་པ་གཏན་ནས་མཐོང་གི་མེད། ཁོ་ཚོས་དེ་ལས་ལྷག་པའི་སྤེན་པ་ཚེ་རིང་ལ་སྐྱོན་འཛུགས་ཐབས་མ་རྙེད་པ་ཡིན་ན་ནི་ཐབས་སྐྱོ་པོ་རེད་དྲན་གི གལ་སྲིད་ཀ་སྟག་གི་མག་པར་བདེན་དཔང་ཡོད་ན་ཁྲིམས་ཞིབ་ཁང་ལ་གཏུག་དང་དེ་ནས་དཀར་ནག་གི་དབྱེ་བ་དེ་ཁ་མཆུ་ཨང་ ༢༠ པ་ལྟར་དྲང་པོས་ཁྲིམས་ཀྱིས་ཐག་གཅོད་ཡོང་གི་རེད། དེ་དུས་གསལ་པོ་ཆགས་ཚར་རེད།

    Reply
  2. ཧ་ལོ says:
    ལོ་ 4 སྔོན།

    ཀ་སྟག་རིན་པོ་ཆེའི་ནང་མའི་སྐོར་མག་པ་བསོད་ནམས་རྒྱ་མཚོ་སྤེན་པ་ཚེ་རིང་ལགས་བོད་མི་དབུ་འཁྲིད་ཞིག་རན་པོ་ཡོད་མེད་སྐར་ཞིག་སྤྱི་ཚཽགས་དྲ་རྒྱ་ནང་མཐོང་ཡ་འདུག་སྟེ་མི་དམངས་ཀྱི་དེ་ཚོ་ལ་ཞིབ་འཇུག་གངཡང་བྱས་ནི་འདུག་ག

    Reply
  3. བསྟན་པ་ལེགས་ཚོགས། says:
    ལོ་ 4 སྔོན།

    ༄༄།། ཐུབདབྱིག་ལགས་ནས་ སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ལ་དཔྱད་དེ་དངོས་གཞིའི་འོས་བསྡུར་སླབ་བྱ་ཞེས་པའི་བཀའ་སློབ་ལ་རྗེས་སུ་ཡིད་རང་ཞུ་བ་དང་ཆབས་ཅིག་རང་ཉིད་གངས་ཅན་པའི་ཆ་རྟོགསབོད་མི་དཀྱུས་མ་ཞིག་ཡིན་པའི་ཆ་ནས་རང་རེའི་བོད་བསྟན་པ་ཆབས་སྲིད་མི་རིགས་དང་བཅས་པའི་དབུ་ཁྲིད་བཟང་པོ་ཞིག་འདེམ་རྒྱུའི་གོ་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་ཉག་གཅིག་ལ་རྟེན་ནས་བྱུང་བ་མ་ཟད་དེ་ཡང་ད་ལམ་གྱི་སྔོན་འགྲོའི་འོས་བསྡུ་སྔར་དང་དེ་འདྲ་བའི་མང་ཚོགས་ཀྱི་བསམ་བློའི་ཆུ་ཚད་གོང་ཕེབས་ཀྱིས་ཚགས་ཚུད་བྱུང་བ་གཞུང་མང་གཉིས་ཕྱོགས་ནས་གསལ་ཁ་ཐོན་པར་ཧ་ཅང་དགའ་མོས་བྱེད་ཡོད་པ་༢༠༡༦ ལོའི་འོས་བསྡུའི་སྐབས་ཟང་ཟིང་དང་ལྷག་པར་ཆོལ་ཁ་དང་ལུང་ཚན་གྱིས་ཐེན་འཁྱེར་ལ་སོགས་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་བྱུང་ཏེ་བཀའ་སློབ་རིམ་པ་ཕེབས་པ་དང་མཐར་༧གོང་ས་མཆོག་ཨ་རིའི་ནང་ཆིབས་བསྒྱུར་སྐབས་སྔོན་ཆས་བྱུང་བ་རྣམས་ནམ་ཁ་སྤྲིན་དགས་དང་ས་ཞིག་རྡུལ་དགས་ཡིན་ན་སླད་དེ་རིགས་མི་ཡོངས་བའི་བཀའ་སློབ་ནན་བཤད་གནང་བ་ལའང་ད་ཐེངས་གི་སྔོན་འགྲོའི་འོས་བསྡུ་ཚགས་ཚུད་རྒྱལ་ཁའི་ངང་གྲུབས་པ་འདི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞིག་ཏུ་གྱུར་ཐུབ་པ་བྱུང་ཐུབ་པའི་ངོས་འཛིན་ཞུ་འོས་པ་ཞིག་ཡིན་ ད་དུང་ཡང་ང་ཚོ་ཚང་མས་བློ་རྒྱ་ཆེ་སྐྱེས་ཀྱིས་དངོས་གཞིའི་འོས་བསྡུ་ཆེན་པོ་དེ་སླར་ཡང་རྒྱལ་ཁའི་ངང་བགྲུབ་ཐུབ་པའི་ཐུགས་འཁུར་ཆེ་བཞེས་ཐོག་རང་རང་སོ་སོའི་འོས་གཞི་སུ་ལ་འོས་ཤོག་རླུག་པ་དང་གང་ཟག་དེ་ལ་ཀྱོན་ཡོན་གྱིས་འབྲེལ་བཤད་གནང་བ་ལས་གཞན་ལ་ཟུར་ཟ་དང་ཀྱོན་འཛུགས་རིགས་མ་གནང་ན་རང་རེའི་སྤྱི་ཚོགས་ཆམས་མཐུན་ཡོང་རྒྱུར་ཕན་ཐོག་གང་ཆེ་ཡོང་རྒྱུར་དགོང་འཇག་ཡོང་བ་ཞུ་གུས་འདུད་བཅས་བསྟན་པ་ལེགས་ཚོགས་ཀྱིས་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese