ཐའེ་ལན་ཌའི་བུད་མེད་ཅིག་རྒྱལ་པོའི་རིང་ལུགས་ལ་སྐྱོན་བརྗོད་བྱས་པའི་ཉེས་མིང་འོག་བཙོན་འཇུག་བྱས་ཏེ་རྒྱལ་པོའི་རིང་ལུགས་ལ་སྐྱོན་བརྗོད་ཀྱི་ཉེས་མིང་འོག་འཛམ་གླིང་གི་བཙོན་འཇུག་དུས་ཡུན་རིང་ཤོས་ཆགས།
རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཐའེ་ལན་ཌའི་བུད་མེད་ཨན་ཆན་(Anchan) ཞུ་བ་ཞིག་གིས་རང་ཉིད་སྒེར་གྱི་སྤྱི་ཚོགས་བརྒྱུད་ལམ་སྟེང་ཐའེ་ལན་ཌའི་རྒྱལ་པོའི་རིང་ལུགས་ལ་སྐྱོན་བརྗོད་བྱས་སྟབས། ཐའེ་ལན་ཌའི་གཞུང་གིས་བུད་མེད་དེར་ལོ་ ༤༣ རིང་བཙོན་འཇུག་ཁྲིམས་བཅད་ཡོད་པ་དང་། མོ་ནི་འཛམ་གླིང་ནང་རྒྱལ་པོའི་རིང་ལུགས་ལ་སྐྱོན་བརྗོད་བྱས་ཏེ་བཙོན་འཇུག་དུས་ཡུན་རིང་ཤོས་ཕོག་མཁན་དེ་ཆགས་ཀྱི་ཡོད་འདུག
ད་ལྟ་རང་ལོ་ ༦༣ ཡིན་པའི་ཨན་ཆན་ལགས་ཀྱིས། ངས་སྤྱི་ཚོགས་བརྒྱུད་ལམ་སྟེང་སྒྲ་སྒམ་ཞིག་བརྒྱུད་སྐུལ་བྱས་པ་ཙམ་མ་གཏོགས་མཆན་འགོད་པ་སོགས་གང་ཡང་བྱས་མེད། ཅེས་བརྗོད་ཡོད་པ་དང་། དེ་འབྲེལ་ཐད་ཨན་ཆན་ལགས་ཀྱི་ཁྲིམས་རྩོད་པས། ཕྱི་ལོ་ ༢༠༡༤ དང་ ༢༠༡༥ བསྟུད་མར་ཨན་ཆན་ལགས་ཀྱིས་ངོ་དེབ་དང་ཡོ་ཊུབ་ནང་རྒྱལ་པོའི་རིང་ལུགས་ལ་སྐྱོན་བརྗོད་ཀྱི་གནས་ཚུལ་རིམ་པ་སྤེལ་ཏེ་ཁྱོན་ཡུལ་ཁྲིམས་འགལ་བའི་ནག་ཉེས་ ༢༩ བསགས་ཡོད་པ་དང་། དེར་བརྟེན། ཐོག་མར་ཆར་ཁྲིམས་ཁང་གིས་མོར་ལོ་ ༨༧ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། མོས་རང་ཉིད་ཀྱི་ནག་ཉེས་ངོས་ལེན་བྱས་སྟབས། ཉེས་ཆད་ཕྱེད་ཀ་གུ་ཡངས་བཏང་ཡོད། ཅེས་བརྗོད་ཡོད་པ་དང་། ཨན་ཆན་ལགས་ནི་ཕྱི་ལོ་ ༢༠༡༤ ལོར་ཐའེ་ལན་ཌའི་ནང་རྒྱལ་པོའི་རིང་ལུགས་ལ་སྐྱོན་བརྗོད་བྱེད་མཁན་གཙོ་བོ་མི་གྲངས་ ༡༤ གྲས་ཀྱི་གཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག
ཐའེ་ལན་ཌི་གཞུང་གིས། ཕྱི་ལོ་ ༢༠༡༤ ལོར་མི་གྲངས་ ༡༤ ཡིས་རྒྱལ་པོའི་རིང་ལུགས་ལ་སྐྱོན་བརྗོད་བྱས་པའི་གནས་ཚུལ་རླུང་འཕྲིན་བརྒྱུད་མང་ཚོགས་ནང་ཁྱབ་བརྡལ་བཏང་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་དང་། སྐབས་དེར་རླུང་འཕྲིད་རྒྱང་བསྲིང་བྱེད་མཁན་གྱི་རྩོམ་སྒྲིག་པ་འཛིན་བྱས་ཏེ་ལོ་ ༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཐའེ་ལན་ཌའི་ (lèse-majesté) ཁྲིམས་ལྟར་ན། ཐའེ་ལན་ཌའི་མི་སེར་ཚོས་རྒྱལ་པོའི་རིང་ལུགས་ལ་སྐྱོན་བརྗོད་བྱས་ཚེ་ཉེས་ཆད་ལྕི་མོ་ཕོག་གི་ཡོད་པ་དང་། ཐའེ་ལན་ཌི་ནི་འཛམ་གླིང་ནང་རྒྱལ་པོའི་རིང་ལུགས་དང་འབྲེལ་བའི་ཁྲིམས་སྒྲིག་དམ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་རེད།
ཐའེ་ལན་ཌིར་རྒྱལ་པོའི་ལམ་ལུགས་དང་འབྲེལ་ལོ་རྒྱུས་ནང་ཆབ་སྲིད་ཀྱི་ཟིང་འཁྲུག་དང་ངོ་རྒོལ་ལས་འགུལ་རབ་དང་རིམ་པ་བྱུང་ཡོད་ཅིང་། འདས་ལོར་ཐའེ་ལན་ཌའི་རྒྱལ་པོས་མི་མང་གི་ཐེབས་རྩར་གྱུར་བའི་ (Crown wealth) ཞེས་པ་རྒྱལ་པོ་རང་ཉིད་ཀྱི་རྒྱུ་དངོས་ཡིན་པར་བསྒྲུབས་པར་བརྟེན། ཐའེ་ལན་ཌའི་མང་ཚོགས་ཀྱིས་རྒྱལ་པོའི་ལམ་ལུགས་ལ་ངོ་རྒོལ་དང་སྲིད་དབང་མཚམས་འཇོག་དགོས་པའི་ལས་འགུལ་སོགས་སྤེལ་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།