མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་ཞིག་གི་མི་ཚེ་གླེང་བ། 

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་ཕུར་བུ། དུས་བབ།

བྷའེ་ཌིན་ཞེས་པའི་ཁྱིམ་རྒྱུད་དེ་ནི་ཕྱི་ལོ་ ༡༨༢༢ ཙམ་ལ་དབྱིན་ཡུལ་ནས་ཨ་རིའི་མཱ་རི་ལན་ཌི་མངའ་སྡེའི་ནང་དུ་གཞིས་སྤོ་བྱས་པ་ཞིག་ཡིན་འདུག་ལ། ཨ་རིའི་སྲིད་འཛིན་ཞེ་དྲུག་པ་ཇོ་བྷའེ་ཌིན་ལགས་ཀྱི་པཱ་ལགས་ཇོ་སི་ཧྥི་རོ་བྷི་ནི་བྷའེ་ཌིན་ (Joseph Robinett Biden Sr.) དང་། ཨ་མ་ལགས་ཁཱ་ཊི་རིན་ཧྥིན་གྷན་བྷའེ་ཌིན་(Catherine Finnegan Biden) གཉིས་ཀྱིས་ཨ་རིའི་སྣུམ་གྱི་ཚོང་གཉེར་ཁང་ཞིག་ཏུ་ལས་ཀ་བྱས་ཏེ་དཔལ་འབྱོར་གྱི་གནས་སྟངས་ཡག་པོ་ཡོད་ཀྱང་། ཕྱི་ལོ་ ༡༩༤༢ ལོར་ཇོ་བྷའེ་ཌིན་སྐྱེས་པ་དང་། དེ་ནས་བུ་ཧྥན་ཁི་བྷའེ་ཌིན་ Francis William “Frank” Biden  དང་ ཇེམ་བྷའེ་ཌིན་(James Brian “Jim” Biden)། བུ་མོ་ཝེ་ལི་རི་བྷའེ་ཌིན་(Valerie Biden Owens) བཅས་བྱིས་པ་བཞི་རིམ་པར་སྐྱེས་ཡོད་པ་དང་། པཱ་ལགས་ལས་མེད་དུ་ཡུན་རིང་ལྷག་པ་སོགས་ཀྱིས་ཁྱིམ་ཚང་གི་དཔལ་འབྱོར་གནས་སྟངས་ཡང་ཅུང་ཉམས་ཞན་དུ་གྱུར་ཏེ། བཟའ་མི་དྲུག་གི་འཚོ་བའི་ཐད་དཀའ་ངལ་མང་པོ་འཕྲད་པར་བརྟེན།  ཁཱ་ཊི་རིན་ཧྥིན་གྱི་ཕ་མ་གཉིས་ཀྱི་ཁྱིམ་དུ་གནས་སྐབས་རིང་གནས་ཚང་གཡར་ཏེ་སྡོད་དགོས་བྱུང་།

སྡུག་རུས་ཅན་གྱི་གཞོན་ནུ།  

ཇོ་བྷའེ་ཌིན་ཆུང་བའི་དུས་སུ་ཁ་དིག་ཐོ་ཞིག་ཡོད་པས་དུས་རྒྱུན་བྱིས་པ་ཚོས་འཕྱ་ལས་རྒྱག་པ་དང་བརྙས་བཅོས་མང་པོ་བཏང་ཡོད་སྟབས། ཨ་མ་ལགས་ཀྱིས་ཁོང་ལ་སེམས་ཤུགས་སྐྱེད་པའི་སློབ་གསོ་མང་དུ་བཏང་བ་མ་ཟད། ཁོང་གི་སྨྲ་བརྗོད་ཀྱི་ནུས་པ་གོང་འཕེལ་དུ་གཏོང་ཆེད་ཉིན་ལྟར་ཆུ་ཚོད་ ༡ རེར་སྙན་ངག་ཀློག་འདོན་བྱེད་དུ་བཅུག་པ་དེས་ཁོང་གི་ངག་རྩལ་ལ་ཕན་ཐོགས་ཆེན་པོ་བྱུང་།

ཇོ་བྷའེ་ཌིན་ལགས་ཀྱི་སྦྱང་འབྲས་དེ་ཙམ་ཡག་པོ་མེད་ཀྱང་སྡུག་རུས་ཅན་དང་རེ་སྙེག་ལ་ཞུམ་པ་མེད་པའི་གཞོན་ནུ་ཞིག་ཡིན་འདུག ཁོང་ཌི་ལ་ཝར་དུ་ཡོད་པའི་ (Archmere Academy) མཐོ་སློབ་ཏུ་སློབ་གཉེར་གནང་སྐབས་ཁོང་འཛིན་གྲྭའི་རྒན་བདག་ཏུ་བདམས་ཡོད་འདུག ཕྱི་ལོ་ ༡༩༦༥ ལོར་ཨ་རིའི་སྒེར་གཉེར་མཐོ་སློབ་(University of Delaware, Newark) ནས་རབ་འབྱམས་པའི་བསླབ་པ་མཐར་སོན། དེ་ནས་ཁྲིམས་ལུགས་མཐོ་སློབ་ (Syracuse University) ཏུ་ཞུགས་ཏེ་ ༡༩༦༨ ལོར་ཁྲིམས་ལུགས་རིག་པའི་འབུམ་རམས་པ་ཐོན་ཡོད་འདུག

ཕྱི་ལོ་ ༡༩༦༩ ལོར་ཁོང་ཌི་ལ་ཝར་(Delaware) མངའ་སྡེའི་དྭང་བླངས་ཀྱི་ཁྲིམས་རྩོད་ཆེད་ལས་པའི་ཚོགས་པ (Delaware State Bar Association) ནང་འཛུལ་ཞུགས་བྱས་ཏེ་ཁྲིམས་རྩོད་པའི་ཆེད་ལས་སྦྱོང་བརྡར་བྱས་པའི་ཞོར་དུ། ས་གནས་དམངས་གཙོ་ཚོགས་པའི་སྣེ་འཁྲིད་འོག་ཁོང་གིས་སྤྱི་དམངས་ཀྱི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་ཁྲིམས་ཀྱི་ཕྱག་ལས་གནང་ཡོད་པ་མ་ཟད། ཁྲིམས་རྩོད་པ་གཞན་དང་མཉམ་དུ་ཁྲིམས་རྩོད་པའི་ལས་གཉེར་ཁང་དུ་ (law firm) (corporate law) བཙུགས་ནས་གཙོ་གཉེར་བའི་འགན་འཁུར། འོན་ཀྱང་། ཚོགས་པའི་ཟླ་ཕོགས་ཞན་རྐྱེན་ཞོར་དུ་ཁོང་གིས་ས་ཁང་ཚོང་བསྒྱུར་གྱི་ལས་ཀ་བྱས་ཏེ་ལས་དོན་དང་འཚོ་བའི་མཐུན་རྐྱེན་དོ་མཉམ་པ་ཞིག་ཡོང་ཐབས་སུ་འབད་བརྩོན་བྱས།

ཕྱི་ལོ་ ༡༩༦༩ ལོའི་ལོ་མཇུག་ཏུ་ཁོང་ས་གནས་ཀྱི་སྤྱི་མཐུན་ཚོགས་པའི་རྫོང་ཁོངས་ཀྱི་ (New Castle County) ཡི་ས་འཐུས་སུ་བདམས་ཡོད་པ་དང་། ཁོང་གིས་ཕྱི་ལོ་ ༡༩༧༠ ལོར་ཉེ་བའི་གྲོང་སྡེར་མི་མང་གི་སྡོད་ཁང་དགོས་པར་རྒྱབ་སྐྱོར་བྱས། ཕྱི་ལོ་ ༡༩༧༢ བར་དུ་ས་ཁུལ་གྱི་འཐུས་མིའི་ལས་འགན་འཁུར་བ་དང་དུས་མཚུངས་སུ་སྔར་བཞིན་ཁྲིམས་དོན་ཞབས་ཕྱི་ཞུས། ཕྱི་ལོ་ ༡༩༧༢ ལོར། ཌི་ལ་ཝར་ (Delaware) གྱི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིའི་འདེམས་སྒྲུག་ཁྲོད།  ཇོ་བྷའེ་ཌན་ལགས་སུ་འོས་ཤོག་གི་བརྒྱ་ཆ་ ༥༠.༥ ཐོབ་སྟེ། སྤྱི་མཐུན་ཚོགས་པའི་འོས་མི་ཇེམ་སི་ཁ་ལེབ་བྷོག་སི་ (James Caleb Boggs) ཕམ་ཉེས་སུ་བཏང་ནས་གྲོས་ཚོགས་གོང་མའི་འཐུས་མིར་བདམས་ཐོན་བྱུང་ཡོད་པ་དང་། སྐབས་དེར་རང་ལོ་ ༣༠ ལ་སོན་ཙམ་གྱི་ཇོ་བྷའེ་ཌིན་ལགས་ནི་ཨ་རིའི་གྲོས་ཚོགས་གོང་མའི་ལོ་རྒྱུས་ནང་གི་འཐུས་མི་གཞོན་ཤོས་དྲུག་པ་དེ་ཆགས།

བྷའེ་ཌིན་གྱི་གཉེན་སྒྲིག་དང་པོ།

བྷའེ་ཌིན་རང་ལོ་ ༢༠ ཡས་མས་ལ་སོན་པའི་དཔྱིད་ཀའི་སྤྲོ་སེང་ཞིག་གི་སྐབས་སུ། འཚོལ་སྙེག་གི་ལམ་དུ་ཞུགས་པའི་གཞོན་ནུ་ཁོང་དང་། གཞོན་ནུ་མ་ནེ་ལཱ་ཧཱན་ཊར་ (Neilia Hunter) གཉིས་ཐོག་མར་ཆུ་རྐྱལ་ཁང་ཞིག་ཏུ་ངོ་ཐུག་སྟེ་དགའ་རོགས་སུ་གྱུར།  འོན་ཀྱང་། ཧཱན་ཊར་གྱི་ཁྱིམ་ཚང་ནི་རོ་མན་ཁའེ་ཐཱོ་ལིག་གི་རྗེས་འབྲང་བ་ཞིག་ཡིན་པས་ཁོང་གཉིས་གཉེན་སྒྲིག་བྱེད་པར་ཕ་མ་གཉིས་ཀྱིས་མོས་མཐུན་བྱས་མེད་ཀྱང་། ཕྱིས་སུ་གཞོན་ནུ་ཕོ་མོ་གཉིས་ཀྱི་རེ་འདོད་དུ་བཞག་སྟེ་ཕྱི་ལོ་ ༡༩༦༦ ཟླ་ ༨ ཚེས་ ༢༧ ཉིན་ཁོང་གཉིས་ཀྱིས་གཉེན་སྒྲིག་བྱས། ཁོང་གཉིས་ལ་བུ་བྷོ་བྷའེ་ཌིན་(Joseph Robinette “Beau” Biden) དང། ཧཱན་ཊར་བྷའེ་ཌིན་ (Robert Hunter Biden) ། བུ་མོ་ཨེ་མི་བྷའེ་ཌིན་བཅས་ (Naomi Christina “Amy”) བཅས་སྔ་གཞུག་ཏུ་བུ་གཉིས་དང་བུ་མོ་ཞིག་སྐྱེས་ཏེ་ཁྱིམ་ཚང་དྲོ་སོབ་སོབ་ཞིག་ཏུ་གྱུར།

ཕྱི་ལོ་ ༡༩༧༢ ལོར་བྷའེ་ཌིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིར་འོས་འདེམས་བྱུང་སྟེ་ཟླ་གཅིག་ཙམ་ལས་མ་འགོར་བའི་སྐབས་དེར། ཁོང་ལ་བསམ་ཡུལ་ལས་འདས་ཞིང་བཟོད་པར་དཀའ་བའི་རྐྱེན་ངན་ཞིག་བྱུང་། ལོ་དེའི་ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་ཁོང་གི་ལྕམ་ཧཱན་ཊར་གྱིས་བྱིས་པ་གསུམ་འཁྲིད་དེ་སྒེར་འཁོར་བཏང་ནས་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་གྱི་ཉོ་ཆ་རྒྱག་ཏུ་ཕྱིན་པའི་ལམ་བར་དུ།  སྟབས་མ་ལེགས་པར་རླངས་འཁོར་ཆེན་པོ་ཞིག་ལ་གདོང་ཐུག་བརྒྱབ་སྟེ། ཨ་མ་དང་ལོ་གཅིག་ཙམ་ལོན་པའི་བུ་མོ་གཉིས་ཝིལ་མིན་ཊོན་སྨན་ཁང་ (Wilmington General Hospital) དུ་བསླེབས་པ་དང་འདས་གྲོངས་སུ་ཕྱིན་ཡོད་པ་དང་། རང་ལོ་༣ དང་ ༤ ཙམ་ཡིན་པའི་བུ་གཉིས་ལའང་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་སྟབས། ཁོང་གིས་གྲོས་ཚོགས་གོང་མའི་འཐུས་མི་ནས་རྩ་དགོངས་ཞུས་ཏེ་བུ་གཉིས་ལ་ལྟ་སྐྱོང་གནང་རྒྱུའི་སེམས་ཐག་བཅད་ཡོད་ཀྱང་། སྐབས་དེའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་དབུ་འཁྲིད་མེག་མན་སི་ཧྥིལ་ (Mike Mansfield) ལགས་ནས་བྷའེ་ཌིན་གྱིས་འཐུས་མི་ནས་རྩ་དགོངས་མི་ཞུ་བའི་རེ་སྐུལ་གནང་བ་ལྟར། ཕྱི་ལོ་ ༡༩༧༣ ཟླ་ ༡ ཚེས་ ༥ ཉིན་ཇོ་བྷའེ་ཌིན་གྱིས་བུ་གཉིས་ཀྱི་ནད་གསོ་ཁང་ (Delaware Division of the Wilmington Medical Center) དུ། གྲོས་ཚོགས་གོང་མའི་དྲུང་ཡིག་ཆེན་མོ་ཧྥན་སེ་སི་ཨར་ཝལ་ལོ་ (Francis R. Valeo) ཡི་མདུན་དུ་འཐུས་མིའི་དམ་བཅའ་ཕུལ། དེ་ནས་བཟུང་ཁོང་གིས་ཌི་ལ་ཝར་གྱི་རང་ཁྱིམ་ནས་མེ་འཁོར་གྱིས་ཕར་ཚུར་ཆུ་ཚོད་ ༨ ལྷག་དགོས་པའི་རྒྱལ་ས་ཝ་ཤིང་ཊོན་བར་འགྲུལ་བཞུད་བྱས་ཏེ། རྨས་སྐྱོན་ཕོག་པའི་བུ་གཉིས་ལ་ལྟ་སྐྱོང་དང་གྲོས་ཚོགས་གོང་མའི་འཐུས་མི་ཞིག་གི་འོས་འགན་ཕྲག་ཏུ་བླངས།

ཕ་རྒན་གྱིས་དཀའ་བ་བརྒྱ་ཕྲག་དྭང་དུ་བླངས་ཏེ་ཡུན་རིང་བུ་གཉིས་ལ་སྨན་བཅོས་དང་ལྟ་སྐྱོང་ལྷོད་མེད་བྱས་མཐར་དྲག་སྐྱེད་བྱུང་བ་དང་། བུ་རྒན་པ་བྷོ་བྷའེ་ཌིན་གྱིས་ཕ་ཡི་རེ་བ་ལྟར་ཁྲིམས་ལུགས་སློབ་སྦྱོང་བྱས་ཏེ། ཨ་རིའི་ས་ཐོག་དམག་དཔུང་ཁྲིམས་འཛིན་སྡེ་ཁག་གི་མགོ་འཁྲིད་ཅིག་ཏུ་གྱུར། འོན་ཀྱང་། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༣༠ ཉིན་ཀླད་པའི་འབྲས་ནད་ཀྱིས་བུ་བྷོ་བྷའེ་ཌིན་རང་ལོ་ ༤༦ ཐོག་འདས་གྲོངས་སུ་ཕྱིན་ཡོད་འདུག    ཕྱི་ལོ་ ༡༩༨༨ ལོར་ཇོ་བྷའེ་ཌིན་ལའང་ཀླད་པའི་ནད་གཞི་ཞིག་བྱུང་སྟེ་གཤག་བཅོས་བྱས་ཡོད་པ་མ་ཟད། ཟླ་བདུན་ཙམ་རིང་གྲོས་ཚོགས་གོང་མའི་ལས་གནས་སུ་ཞུགས་ཐུབ་མེད་པ་རེད།

བྷའེ་ཌིན་གྱི་གཉེན་སྒྲིག་གཉིས་པ།

ཕྱི་ལོ་ ༡༩༧༥ ལོར་བྷའེ་ཌན་དང་བྱང་ཝིར་ཇི་ནི་ཡ་མཐོ་སློབ་ (Northern Virginia Community College) ཀྱི་སློབ་དཔོན་ཆེན་མོ་ལྕམ་ཇིལ་ཊི་རེ་སའེ་ཇཱ་ཀོབ་ (Jill Tracy Jacobs) གཉིས་ངོ་ཐུག་པ་དང་། བུ་གཉིས་ཀྱི་རེ་སྐུལ་དང་བྷའེ་ཌིན་གྱི་ཕུ་བོའི་གོ་སྒྲིག་ལྟར། ཕྱི ལོ་ ༡༩༧༧ ལོའི་ཟླ་ ༦ ཚེས་ ༡༧ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཁོང་གཉིས་ཀྱིས་གཉེན་སྒྲིག་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༨༡ ལོར་ཨེ་ཤི་ལེ་བྷ་ཛིར་བྷའེ་ཌིན་ (Ashley Blazer Biden) ཞེས་པའི་བུ་མོ་གཅིག་སྐྱེས། བུ་མོ་ཨེ་ཤི་ལེ་ནི་ཕ་རྒན་ལ་དཀོན་མཆོག་གིས་གནང་བའི་ནོར་བུ་བཞིན་དུ་ཕན་ཚུན་ལ་བརྩེ་ཞིང་གུས་པར་གྲགས་ལ། ཁོང་མོ་ནི་སྤྱི་ཚོགས་ཞབས་ཕྱི་བ་ཞིག་དང་དཔེ་གསར་འཆར་འགོད་པ་ཞིག་ཡིན་འདུག

སྲིད་འཛིན་འོས་ལངས་དང་པོ།

ཕྱི་ལོ་ ༡༩༨༨ ལོར་ཨ་རིའི་སྲིད་འཛིན་ཞེ་གཅིག་པ་འོས་འདེམས་བྱེད་སྐབས།  གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོ་བྷའེ་ཌིན་ལགས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་ཁོངས་སུ་ལངས་ཡོད་པ་མ་ཟད།  འོས་མི་ཤུགས་རྐྱེན་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱས་ཡོད་ལ། སྐབས་དེར་ཁོང་སྲིད་འཛིན་དུ་བདམས་ཐོན་བྱུང་ཡོད་ཚེ།  ཨ་རིའི་ལོ་རྒྱུས་ནང་གི་སྲིད་འཛིན་དགུང་ལོ་གཞོན་ཤོས་ཇོན་ཨེ་ཧྥི་ཁན་ནི་ཌི་ (John F. Kennedy) རྗེས་ཀྱི་དགུང་ལོ་གཞོན་ཤོས་གཉིས་པ་དེ་ཆགས་ཡོད་པ་རེད། ཡིན་ནའང་། ཕྱི་ལོ་ ༡༩༨༧ ལོའི་ལོ་མཇུག་ཙམ་ནས་གསར་འགྱུར་བརྒྱུད་ལམ་དུ་ཁོང་གིས་དབྱིན་ཡུལ་གྱི་ངལ་རྩོལ་སྲིད་དོན་ཚོགས་པའི་མགོ་ཁྲིད་ནིལ་ཁིན་ནོག་ (Neil Kinnock) གཙོ་བོར་གྱུར་བའི་ཆབ་སྲིད་པ་གཞན་གྱི་གཏམ་བཤད་དཔེ་བཤུས་བྱས་ལུགས་དང་།  ཁོང་ཁྲིམས་ལུགས་མཐོ་སློབ་ཏུ་ཡོད་སྐབས་ཁོང་གིས་སྦྱང་འབྲས་རྩེར་སོན་པའི་སྐོར་གྱི་གཏམ་བཤད་དེ་ཚོ་དངོས་བདེན་མིན་ལུགས་ཀྱི་གནས་ཚུལ་བཀྲམ་སྟེ་གླེང་རྙོག་བཟོས་པར་བརྟེན།  ལོ་དེའི་ཕྱི་ཟླ་ ༩ ཚེས་ ༢༣ ཉིན་བྷའེ་ཌིན་གྱིས་དམངས་གཙོ་ཚོགས་པའི་འོས་མིའི་ཁོངས་ནས་རྩ་དགོངས་ཞུ་དགོས་བྱུང་། ཡིན་ནའང་། ཁོང་གིས་ཁོང་གི་འོས་མིའི་ཐོབ་ཐང་དེ་འདས་པའི་གནས་ཚུལ་དྲང་བདེན་མ་ཡིན་པ་དེ་ཚོས་ནག་གསུབ་བཏང་ཡོད་སྐོར་བརྗོད་དེ་ཁོང་རང་གི་རེ་ཞུ་ལྟར།  ཌི་ལ་ཝར་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གི་ཆེད་ལས་མི་སྣའི་ཚོགས་ཆུང་ཞིག་གིས།  བྷའེ་ཌིན་གྱི་གླེང་རྙོག་དེར་ཞིབ་བཤེར་བྱས་པ་བརྒྱུད་ཁོང་ནས་ཁྲིམས་འགལ་བྱས་མེད་པའི་བཅད་ཁྲ་བཏང་ཡོད་པ་རེད།

སྲིད་འཛིན་འོས་ལངས་གཉིས་པ།

ཕྱི་ལོ་ ༢༠༠༧ ཟླ་དང་པོའི་ནང་ཁོང་གིས་ ༢༠༠༨ ལོའི་ཨ་རིིའི་སྲིད་འཛིན་ཞེ་བཞི་པའི་འོས་མིའི་ཁོངས་སུ་ལངས་བའི་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ།  དྲིལ་བསྒྲགས་ཀྱི་གཏམ་བཤད་སོགས་བྱས་ནས་ལས་འགུལ་གང་མང་སྤེལ་ཡོད་ཀྱང་དཔལ་འབྱོར་གྱི་དཀའ་ངལ་བྱུང་བའི་ཁར།   མི་མང་གིས་ཨ་ཧྤེ་རི་ཁའི་མི་རྒྱུད་ཨ་རི་བ་ཨོ་བྷ་མ་དང་།  གྲོས་ཚོགས་གོང་མའི་འཐུས་མི་ཇོན་མག་ཁན་ (John McCain) གཉིས་ལ་དོ་དབྱིངས་ཆེན་པོ་བྱས་ཏེ་བྷའེ་ཌིན་ལ་དོ་སྣང་བྱེད་མཁན་དེ་ཙམ་བྱུང་མེད།  ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༡ ཚེས་ ༣ ཉིན་གྱི་འོས་འགྲན་དང་པོའི་ནང་བྷའེ་ཌན་ཨང་རིམ་ལྔ་པ་ཆགས་ཡོད་སྟབས།  ཉིན་དེའི་དགོང་མོར་ཁོང་གིས་སྲིད་འཛིན་གྱི་འོས་མིའི་ཁྲོད་ནས་ཕྱིར་འཐེན་བྱས།   སྲིད་འཛིན་གྱི་འོས་འགྲན་ཁྲོད།   བྷའེ་ཌིན་གྱིས་སྲིད་འཛིན་འོས་མི་ཨོ་བྷ་མ་ཡི་ཕྱི་འབྲེལ་སྲིད་ཇུས་རྣམས་ཁོང་རང་གི་ཐབས་ཇུས་ཡིན་སྐོར་སོགས་ཀྱི་སྐྱོན་བརྗོད་གཏམ་བཤད་སྤེལ་ཡོད་མིན་ལ་མ་ལྟོས་པར།  ཁོང་གཉིས་ཀྱི་འབྲེལ་བར་འགྱུར་ལྡོག་ཆེན་པོ་ཞིག་བྱུང་བའི་མགོ་བརྩམས།   ཨོ་བྷ་མས་སྒེར་འབྲེལ་གྱི་ཐོག་ནས་བྷའེ་ཌིན་སྲིད་འཛིན་གཞོན་པའི་འོས་མིར་མཚན་འདོན་བྱ་འདོད་ཡོད་པའི་བསམ་ཚུལ་བཏོན་པ་དང་།  བྷའེ་ཌིན་གྱིས་ཀྱང་རེ་བ་དེ་དྭང་དུ་བླངས་ཏེ།   ཕྱི་ལོ་ ༢༠༠༩ ནས་ ༢༠༡༧ བར་དུ་སྲིད་འཛིན་གཞོན་པའི་ལས་གནས་སུ་ཧུར་ཐག་འབད་ཐག་གིས་ཞུགས་པ་མ་ཟད། ཨོ་བྷ་མའི་ཕྱི་འབྲེལ་སྲིད་ཇུས་དང་དཔལ་འབྱོར་སྲ་བརྟན། དམག་དོན་སོགས་ཀྱི་ཐོག་གྲུབ་འབྲས་གང་ལེགས་ཐོན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

སྲིད་འཛིན་འོས་ལངས་གསུམ་པ། ཕྱི་ལོ་ ༢༠༡༦ ནས་བཟུང་གསར་འགྱུར་བརྒྱུད་ལམ་སོགས་ནས་བྷའེ་ཌིན་ཕྱི་ལོ་ ༢༠༢༠ ལོའི་སྲིད་འཛིན་འོས་མིར་ལངས་རྒྱུ་ཡིན་པའི་ཚོད་དཔག་མང་དུ་བྱས་པ་དང་།   ཕྱི་ལོ་༢༠༡༨ ལོར་བྷའེ་ཌིན་གྱིས་གལ་སྲིད་ང་འགྲོ་ཐུབ་པ་ཡིན་ན།   ང་རྒྱུག་ངེས་ཡིན་ཞེས་བརྗོད་དེ་འོས་མི་ཞིག་ཏུ་ངེས་གཏན་ལྟ་བུ་ཆགས་ཡོད་པ་ལྟར།   ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༥ ཉིན་ཁོང་གིས་སྲིད་འཛིན་འོས་མིའི་དྲིལ་བསྒྲགས་དངོས་སུ་མགོ་བཙུགས་ཡོད་པ་དང་།   ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༨ ཉིན་ཨ་རིའི་དམངས་གཙོ་ཚོགས་པས་ཁོང་སྲིད་འཛིན་འོས་མིར་གཏན་འཁེལ་བྱུང་བ་ཡོངས་ཁྱབ་བྱས།

ཁོང་གི་ཁ་གཏད་དུ་ལངས་བའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་དང་།  གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཀ་མ་ལ་ཧེ་རི་སི་ (Kamala Devi Harris) ཡིས།   བྷའེ་ཌིན་གྱི་འཛིན་སྐྱོང་ནུས་པར་ལྷོད་གཡེང་ཆེ་བ་སོགས་ཀྱི་སྐྱོན་འཛུགས་བྱས་ཏེ་འགྲན་རྩོད་བྱས་ཡོད་ཀྱང་།  ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣ ཉིན་ཁོང་མོས་སྲིད་འཛིན་འོས་མི་ནས་ཕྱིར་འཐེན་བྱས་ཡོད་པ་དང་།   བྷའེ་ཌིན་གྱིས་ཁོང་མོ་ཨ་རིའི་ལོ་རྒྱུས་ཁྲོད་ཀྱི་བུད་མེད་སྲིད་འཛིན་གཞོན་པ་ཐོག་མ་དེར་མཚན་འདོན་བྱས།  བྷའེ་ཌིན་དང་ཀ་མ་ལ་ཧེ་རི་སིས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་དང་ལས་ཐོག་སྲིད་འཛིན་ཊོམ་ཕུ་དང་།  ཁོང་གི་སྲིད་འཛིན་གཞོན་པའི་འོས་མི་དང་ལས་ཐོག་མེག་པན་སི་(Michael Richard Pence) གཉིས་ཀྱི་ཁ་གཏད་དུ་ལངས་ཏེ།  སྲིད་འཛིན་ཊོམ་ཕུའི་ལས་ཡུན་ནང་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཉམས་དམས་སུ་ཕྱིན་ཏེ་མཐུན་ཕྱོགས་རྒྱལ་ཁབ་མང་པོར་དགྲ་བསགས་ཡོད་པ་དང་།  ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ལྷོད་གཡེང་དུ་ཤོར་ནས་མི་གྲངས་འབུམ་ ༣ ལྷག་གིས་ཚེ་སྲོག་ཤོར་བ་དང་།  མི་གྲངས་ས་ཡ་ ༢༠ ལྷག་ལ་ནད་མནར་གནོད་འཚེ་ཐེབས་པ་སོགས་སྤྱི་མང་འཕྲོད་བསྟེན་ཐོག་འཐུས་ཤོར་ཚབས་ཆེན་བྱུང་བ་སོགས་ཀྱི་སྐྱོན་འཛུགས་དྲག་པོ་བྱས་ཡོད་པ་དང་།  སྲིད་འཛིན་འོས་མི་རྣམ་གཉིས་ཀྱི་བགྲོ་གླེང་དང་པོ་དེ་ཨ་རིའི་ལོ་རྒྱུས་ནང་གི་སྲིད་འཛིན་འོས་མིའི་བགྲོ་གླེང་སྤུས་ཚད་ཞན་ཤོས་ཤིག་ཡིན་པའི་གླེང་སློང་བྱུང་ཡོད་པ་མ་ཟད། སྲིད་འཛིན་ཊོམ་ཕུ་ཡིས་ཇོ་བྷའེ་ཌིན་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་གཏན་ནས་ཁས་ལེན་བྱས་མེད་པ་ལྟར། བྷའེ་ཌིན་དང་ཁོང་གི་ཕྱག་རོགས་སྲིད་འཛིན་གཞོན་པ་ལྕམ་ཀ་མ་ལ་ཧེ་རི་སིའི་དམ་འབུལ་མཛད་སྒོའི་ཐོག་ཏུའང་ཊོམ་ཕུ་མཉམ་ཞུགས་བྱས་མེད་པ་རེད།   བྷའེ་ཌིན་གྱི་རེ་བའི་རྨི་ལམ།

བྷའེ་ཌིན་བལྟས་ཚོད་ལ་ཉོབ་ཐོ་ཞིག་ཡོད་ཀྱང་། རུས་པ་མཁྲེགས་པའི་སྲིད་དོན་པ་ཞིག་ཏུ་གཅིག་གྱུར་གྱིས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཁོང་གི་ཕྱི་ཟླ་དང་པོའི་ཚེས་ ༢༠ ཉིན་ཨ་རི་བསྐྱར་གསོ་བྱུང་ཞེས་པའི་འབོད་ཚིག་དེས་འཛམ་གླིང་མི་མང་ལ་རེ་བ་གཞན་ཞིག་གི་ས་བོན་བཏབ་ཡོད། ཁོང་གིས་ད་དུང་(Our best days still lies ahead) ང་ཚོའི་ཉིན་མོ་ལེགས་ཤོས་དེ་ཚོ་བསླེབ་རྒྱུ་བསྡད་ཡོད་ཅེས་བརྗོད་དེ། འཛམ་གླིང་ཧྲིལ་པོས་གུས་བརྩི་དང་ཆེ་མཐོང་བྱེད་སའི་ཨ་རི་རྒྱལ་ཁབ་ཀྱི་ཁ་རྗེ་དབང་ཐང་སླར་གསོ་དང་། དམངས་གཙོའི་རིན་ཐང་གི་ལོངས་སྤྱོད་དེ་རྒྱལ་ཡོངས་མི་མང་ལ་ཁྱབ་པར་བྱས་ཏེ། གང་མགྱོགས་ནད་ངན་ལས་གྲོལ་ཞིང་ལས་ཀྱི་སྒོ་མོ་ཐམས་ཅད་ཕྱེས། དཔལ་འབྱོར་གྱི་མྱུ་གུ་འབུས། འཆམ་མཐུན་གྱི་སྟོབས་ཤུགས་སྤུངས། བཀག་སྡོམ་གྱི་སྒོ་རྒྱ་ཕྱེས་ནས་ཕ་མ་བུ་ཕྲུག་ལྷན་དུ་འཛོམས་ཞིང་། ལོ་ངོ་བརྒྱ་ཕྲག་གི་མི་རིགས་དཀར་ནག་བར་གྱི་ནད་རྙིང་གསོ་བཅོས་བྱེད་པར་སྣེ་འཁྲིད་རྒྱུ་ཡིན་པའི་དམ་བཅའ་བཞག་ཡོད་ལ། དམ་བཅའ་དེ་འགྲུབ་ཐུབ་པར་ཨ་རིའི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད་པར་བཤད་དོ།།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese