ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་གི་དངོས་གཞིའི་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ནི། ཕྱི་ལོ་ ༡༩༦༨ ལོར་སྐྱེས་ཤིང་། ཕྱི་ལོ་ ༡༩༧༣ ནས་ ༡༩༧༥ བར་དུ་རྒྱ་གར་ཅག་ར་དྷར་དམིགས་བསལ་མདུན་མཆོང་བོད་དམག་ (SFF Tibetan) གི་དམག་སྒར་སློབ་གྲྭ་དང་། ཕྱི་ལོ་ ༡༩༧༥ ནས་ ༡༩༨༦ བར་དུ་རྒྱ་གར་ཀ་ལིང་པོང་གི་ (St. Augustine’s School) སློབ་གྲྭར་ཕྱིན་པ་དང་། ཕྱི་ལོ་ ༡༩༨༦ ནས་ ༡༩༨༨ བར་རྒྱ་གར་རྡེ་ར་རྡུན་ Joseph’s Academy སློབ་གྲྭར་ཕྱིན། ཕྱི་ལོ་ ༡༩༨༨ ནས་ ༡༩༩༡ བར་རྒྱལ་ས་ལྡི་ལིའི་ ST. Stephen’S College གཙུག་ལག་སློབ་གྲྭར་དབྱིན་ཡིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན།
ཕྱི་ལོ་ ༡༩༩༢ ལོར་ཨ་རིར་ཕྱིན་ཏེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ལོ་ངོ་ ༤ མ་ཟིན་ཙམ་རིང་ཞབས་ཕྱི་ཞུས་པ་དང་། ཕྱི་ལོ་ ༡༩༩༦ ལོར་ཨ་རིའི་བྷོ་སི་ཊོན་ (Boston) གྱི་ (Tufts University) ལ་ཞུགས་ཏེ་ལོ་གཉིས་རིང་རྒྱལ་སྤྱིའི་ཚོང་འབྲེལ་དང་རྒྱ་ནག་གི་སྐོར་ལ་སློབ་གཉེར་གནང་། ཕྱི་ལོ་ ༢༠༠༧ ཙམ་ནས་ཨ་རིའི་བྱང་ཁཱ་ལེ་ཧྥོ་ནེ་ཡ་ (California) བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་གི་ལས་གཞི་དང་གཟའ་མཇུག་སློབ་གྲྭར་དྭང་བླངས་ཞབས་ཕྱི་ཞུས། ཕྱི་ལོ་ ༢༠༡༡ ནས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཙམ་བར་དུ། ཨ་རིའི་དོན་གཅོད་ལོ་གསུམ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དམིགས་བསལ་སློབ་སྟོན་པ་ལོ་གཉིས། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ལོ་བཞི་བཅས་གནང་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་གནས་སྡོད་ཚེ་མཚོ།
གལ་སྲིད་སྐུ་ངོ་ལགས་སྲིད་སྐྱོང་ཆགས་ན་མ་འོངས་པར་ཕྱག་འབྲེལ་བཀའ་བློན་རྣམས་ག་འདྲ་ཞིག་བདམ་རྩིས་ཡོད།
ལན། དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། མི་གཅིག་གིས་འགན་ཆ་ཚང་འཁུར་ཐབས་མེད་པ་དང་། མཉམ་རུབ་ཀྱི་ཐོག་ནས་ལས་ཀ་བྱེད་དགོས་པ་རེད། སྲིད་སྐྱོང་གང་འདྲ་ཞིག་ཕེབས་པ་ཡིན་ནའང་བཀའ་ཤག་ཡག་པོ་ཞིག་བསྐོ་བཞག་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་སྲིད་སྐྱོང་གི་ལས་འགན་དེ་མིང་འདོན་གནང་རྒྱུ་དང་། བསྐོ་བཞག་གནང་དང་མ་གནང་ནི་གྲོས་ཚོགས་ལ་རག་ལས་པ་ཞིག་རེད། ང་རང་གི་ཕྱོགས་ནས་དེའི་ནང་ལ་ད་ལྟའི་བཀའ་ཤག་ནས་ཀྱང་སྐུ་ཚབ་ཡོད་པ་ཞིག་བྱ་རྒྱུ་ཡིན། གང་ཡིན་ཟེར་ན། ད་ལྟའི་བཀའ་ཤག་གི་ལས་ཀ་མང་པོ་ཞིག་མཇུག་སྐྱོང་དགོས་པ་རེད་ལ། མང་པོ་ཞིག་ད་ལྟའི་བཀའ་ཤག་གི་ནང་དུ་བཞུགས་མཁན་གྱི་བཀའ་བློན་ཚོས་ཉམས་མྱོང་གི་ཐོག་ནས་སྐུ་ལས་མང་པོ་ཞིག་བསྐྱོན་ཡོད་པ་རེད། དེ་བས་ད་ལྟའི་བཀའ་ཤག་ནང་དུའང་སྐུ་ཚབ་ཡོད་པ་ཞིག་དང་། གཞན་གསར་པའི་ནང་རྒན་པ་དང་གཞོན་པ། སྐྱེས་པ་དང་བུད་མེད་སོགས་ཚང་མ་ཡོད་པ་ཞིག་ལ་ངས་བསམ་བློ་གཏོང་གིན་ཡོད། ཆོལ་ཁ་དབྱེར་མེད་དང་ཆོས་ལུགས་རིས་མེད། དེ་འདྲའི་ཐོག་ནས་ཕྱག་ལས་གནང་བ་དང་འགན་འཁུར་ཐུབ་མཁན། དེ་བཞིན་མཉམ་རུབ་ཐོག་ལས་ཀ་བྱེད་ཐུབ་མཁན་ཞིག་ནི་ཆ་རྐྱེན་གཙོ་བོ་ཞིག་ཆགས་ཀྱི་འདུག
དུས་བབ་གསར་འགོད་པ།
སྤྱིར་བཏང་སྐུ་ངོ་མཆོག་ལ་འཆར་གཞི་དང་ལས་འཆར་མང་པོ་ཞིག་ཡོད་པ་རེད་ལ། བོད་མིའི་སྒྲིག་འཛུགས་དེང་རབས་ཅན་དུ་བསྒྱུར་རྒྱུའི་ལས་འཆར་ཡང་མང་པོ་ཞིག་ཡོད་པ་རེད། དེ་དང་འབྲེལ་ནས་སྐུ་ངོ་མཆོག་ནས་ལས་བྱེད་འདེམས་བསྐོའི་བརྒྱུད་རིམ་ལ་ལེགས་བཅོས་ཡར་རྒྱས་གཏོང་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གྲངས་འབོར་ཉུང་དུ་བཏང་ནས་ལས་བྱེད་རྣམས་ཀྱི་གླ་ཕོགས་མཐོ་རུ་གཏང་རྒྱུ་ཡིན་སྐོར་གསུངས་འདུག ལས་བྱེད་འདེམས་བསྐོའི་བརྒྱུད་རིམ་གང་འདྲ་ལེགས་བཅོས་ཡར་རྒྱས་གཏོང་རྒྱུ་ཡིན་པ་དང་། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་ཁག་ཇེ་མང་དུ་འགྲོ་ཡི་ཡོད་པ་དང་ལས་བྱེད་ཀྱིས་མ་འདང་བའི་དཀའ་ངལ་ཡོང་གི་ཡོད་དུས། མ་འོངས་པར་སྤྱི་ཡོངས་ནས་ལས་བྱེད་ཇེ་ཉུང་དུ་བཏང་ན་ལས་གཞི་ལས་འཆར་ཁག་ག་འདྲ་ལག་བསྟར་ཡོང་ཐུབ་ཀྱི་རེད།
ལན། ང་ཚོས་གཙོ་བོ་དགོངས་པ་བཞེས་དགོས་པ་དེ་ནི། འདས་པའི་ལོ་ངོ་ ༦༡ རིང་ལ་ང་ཚོའི་སྒྲིག་འཛུགས་དེ་བརྟན་པོ་གནས་ཡོད་པ་རེད། ཡིན་ནའང་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་སྟངས་དེ་གང་ལ་གང་འཚམ་ཞིག་འགྱུར་བ་གཏང་དགོས་པ་རེད་བསམ་གྱི་འདུག སྔོན་མ་ང་ཚོའི་ཕ་མའི་སྐབས་ཀྱི་སྒྲིག་འཛུགས་དང་ད་ལྟའི་སྒྲིག་འཛུགས་ཀྱི་བར་དུ་དུས་ཚོད་ལ་འགྱུར་བ་ཤུགས་ཆེན་པོ་ཕྱིན་ཡོད་པ་རེད། ང་དང་ཕྱིའི་གནས་སྟངས་གཉིས་ཀར་འགྱུར་བ་ཆེན་པོ་ཞིག་འགྲོ་ཡི་ཡོད་པ་ནང་བཞིན། ངས་ང་ཚོའི་སྒྲིག་འཛུགས་དེ་ཁྱད་ལས་པའི་ངོ་བོའི་ཐོག་ནས་འགྲོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག དབྱིན་སྐད་དུ་ professionalism (ཁྱད་ལས་རང་བཞིན) ཟེར་གྱི་ཡོད་པ་རེད།
ད་ཡོད་ཀྱི་ལས་བྱེད་གྲངས་ཀའི་ཐོག་ནས་ཕལ་ཆེར་ཉུང་དྲགས་པ་རེད་བསམ་གྱི་མི་འདུག ད་ལྟ་སྒྲིག་འཛུགས་དང་འབྲེལ་བ་ཡོད་པའི་ཐོག་ནས་གཏན་འཇགས་དང་འཕྲལ་སེལ་སོགས་ཚང་མ་བསྡོམས་ན་ཕལ་ཆེར་ལས་བྱེད་ ༩༧༠ ཙམ་ཡོད་པ་རེད། ལས་བྱེད་ཀྱི་གྲངས་ཀའི་ཐོག་ནས་ངས་ཕལ་ཆེར་ཏག་ཏག་འདུག་བསམ་གྱི་འདུག ཡིན་ནའང་ལས་བྱེད་རེ་རེའི་ལས་འགན་དེ་མར་སྤྲོད་སྟངས་དང་སྟངས་འཛིན་གནང་སྟངས། ལས་བྱེད་གསར་པ་བསྐོ་བཞག་གནང་སྟངས། ལས་བྱེད་ཀྱི་གནས་རིམ་ཡར་འཕར་སྟངས་དེ་ཚོ་ཚང་མ་དེང་དུས་དང་ཆེད་ལས་པའི་ཐོག་ནས་ཕེབས་ཐུབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག
བོད་མིའི་སྒྲིག་འཛུགས་འདི་ཚོགས་པ་ཞིག་ཡིན་པའི་ཐོག་ནས་དགོངས་པ་བཞེས་པ་ཡིན་ན། དེང་སང་ཚོགས་པ་ཆེ་ཆུང་གང་འདྲ་ཞིག་ཡིན་ནའང་། དེའི་ནང་དུ་མི་ཆའི་ནུས་པ་ཡར་རྒྱས་གཏོང་བར་སྡེ་ཚན་ཁ་ཁ་ཡོད་ཀྱང་ད་ལྟ་ང་ཚོའི་སྒྲིག་འཛུགས་ནང་དེ་མི་འདུག ལས་བྱེད་འདེམས་བསྐོ་ལྷན་ཁང་ལ་དེའི་འགན་ཡོད་པ་ལྟ་བུ་ཡིན་ཡང་། དེའི་འགན་ཆ་ཚང་ཞིག་སྒྲིག་གཞི་དང་བཅའ་ཁྲིམས་ཀྱི་ཐོག་ནས་གསལ་པོ་མེད་པ་ཡིན་ནམ་གང་ལྟར། འགན་ཆ་ཚང་ཞིག་འཁུར་ཐུབ་ཀྱི་མེད་པའི་ཟོལ་ལྟ་བུ་ཞིག་ཏུ་ངས་མཐོང་གིན་འདུག དེ་ང་ཚོ་ལ་ཧ་ཅང་གལ་ཆེན་པོ་རེད་འདུག ང་ཚོའི་ལས་བྱེད་ལས་ཁུངས་སུ་ཆུ་ཚོད་དགུ་པ་ནས་ལྔ་པའམ་དྲུག་པའི་བར་དུ་བཞུགས་པའི་རིང་། ལས་འགན་དེ་མར་གསལ་པོ་བྱས་ནས་བསྐུལ་ཐུབ་པ་ཞིག་དང་། ལས་འགན་བསྐུལ་བ་གཞིར་བཟུང་ལས་བྱེད་དེས་ལས་ཀ་བྱེད་ཐུབ་དང་མི་ཐུབ། གལ་སྲིད་བྱེད་མི་ཐུབ་ཚེ་དམིགས་བསལ་སྦྱོང་བརྡར་དང་ཟབ་སྦྱོང་ག་རེ་སྤྲོད་དགོས་ཀྱི་འདུག ནམ་རྒྱུན་ཡིན་ན་ཟབ་སྦྱོང་མང་ཤོས་དེ་སྒང་ནས་མར་བྱེད་དགོས་པ་རེད་ཅེས་བཀའ་གནང་ནས་ལས་བྱེད་ཚོ་ཕེབས་ཀྱི་ཡོད་པ་རེད། དེ་སྤྱིར་བཏང་ཡག་པོ་འདུག་ཀྱང་། ངས་དེ་དང་མཉམ་དུ་ལས་བྱེད་རང་ལ་ཟབ་སྦྱོང་མ་དངུལ་ལོགས་སུ་བཙུགས་ཏེ་ལས་བྱེད་རང་རང་གིས་ཐག་བཅད་ནས་གོང་རིམ་ལ་ཡར་ཞུས། དེ་གཞིར་བཟུང་མར་དངུལ་གཏོང་རྒྱུའི་གྲས་དེ་ང་ཚོས་གནང་རྒྱུའི་དུས་ལ་སླེབས་པ་རེད་བསམ་གྱི་འདུག
སྐུ་ངོ་སྒེར་ཕུད་པའི་སྲིད་སྐྱོང་འོས་མི་གཞན་བདུན་ཡོད་པའི་ཁྲོད། ཁྱེད་རང་ངོས་ནས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་ལ་རན་ཤོས་དེ་སུ་གཟིགས་ཀྱི་ཡོད་པ་དང་། ཁོང་རན་ཤོས་གཟིགས་ཀྱི་ཡོད་པའི་རྒྱུ་མཚན་དོན་ཚན་གསུམ་གསུང་རོགས། དྲི་བ་གཉིས་པ་དེ་ནི་གལ་སྲིད་ཁྱེད་རང་སྲིད་སྐྱོང་ཆགས་པ་ཡིན་ན་ཁོང་ལས་ལྷག་པའི་ལས་འཆར་ག་རེ་བརྩམ་ཐུབ་ཀྱི་ཡོད་དམ།
ལན། དྲི་བ་ཁག་པོ་ཞིག་དྲིས་གནང་སོང་། ང་དེའི་ནང་དུ་མ་བླུགས་ན་འགྲིག་གི་ཡོད་པ་མ་རེད། ང་སྲིད་སྐྱོང་ལ་ལང་མཁན་བདུན་གྱི་ནང་གི་གཅིག་ཡིན་པ་རེད། ཚང་མས་སོ་སོ་རན་ཤོས་དང་ཡག་ཤོས། འཇོན་ཤོས་དེ་ཡིན་ཟེར་གྱི་ཡོད་པ་རེད། གཞན་གྱི་ཐོག་ལ་ང་ལ་དམིགས་བསལ་ཞེ་དྲགས་ཞུ་རྒྱུ་མི་འདུག དེའི་ནང་ལས་བྱེད་རྒན་པ་དང་། སྒྲིག་འཛུགས་ཀྱི་ཉམས་མྱོང་ཡོད་མཁན་མང་པོ་འདུག དེ་ཚོ་ཧ་ཅང་གལ་ཆེན་པོ་རེད། མང་ཆེ་བར་ལྷག་བསམ་དང་སེམས་ཤུགས་ནི་ཡོད་བསྡད་པ་ཞིག་རེད་བསམ་གྱི་འདུག ཡིན་ནའང་དེ་ཚོ་དྲུག་གི་ནང་ནས་དེ་རེད་འདུག་དང་དེ་མ་རེད་ཅེས་ཞུ་ཐུབ་ཐབས་མི་འདུག ཡིན་ནའང་ཐག་གཅོད་དེ་མི་མང་གིས་གནང་གི་རེད་ལ། དུས་ཚོད་སླེབས་ལ་ཉེ་བ་ཞིག་རེད།
ང་རང་གི་ཕྱོགས་ནས་དམངས་གཙོའི་དུས་ཆེན་ནས་མི་མང་གི་མདུན་དུ་སྲིད་སྐྱོང་ལ་ལང་གི་ཡིན་ཞུས་པ་ནས་བཟུང་འཆར་གཞི་རྣམས་ཧ་ཅང་གསལ་པོ་བཀོད་ཡོད། ང་རང་ཕྱོགས་ནས་གནད་དོན་ཆེ་བ་ལྔའི་ཐོག་ལ་ཤུགས་བརྒྱབ་ཀྱི་ཡིན། གལ་ཆེ་ཤོས་དེ་ང་ཚོའི་འཐབ་རྩོད་རེད། འཐབ་རྩོད་ཀྱི་ཐོག་ལ་ང་ཚོའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ལ་ཏོག་ཙམ་འགྱུར་བ་གཏོང་དགོས་པ་ཆགས་ཀྱི་འདུག ང་ཚོའི་སྒྲིག་འཛུགས་ལ་འགྱུར་བ་གཏོང་དགོས་པ་ཆེ་ཤོས་དེ་ནི། འཛིན་སྐྱོང་གི་ནང་དུ་ང་ཚོའི་དུས་ཚོད་དང་མི་ཆའི་འགྲོ་སོང་མང་ཆེ་ཤོས་ཤིག་འགྲོ་ཡི་ཡོད་པ་རེད། དེ་ལ་ང་ཚོས་འགྱུར་བ་ཞིག་གཏང་དགོས་པ་རེད་བསམ་གྱི་འདུག དེའི་ཐོག་ལ་ཞིབ་འཇུག་ཅིག་གནང་སྟེ། གལ་སྲིད་ལོ་རེར་སྒྲིག་འཛུགས་ཀྱིས་ཐད་ཀར་འཐབ་རྩོད་དང་ཆབ་སྲིད་ཀྱི་ཐོག་ལ་སྒོར་སུམ་ཅུ་གཏོང་གི་ཡོད་ཚེ། དེ་ཡར་སྤར་དགོས་ཀྱི་རེད་བསམ་གྱི་འདུག དེ་ཡར་སྤར་དགོས་ལབ་དུས། ལས་འཆར་གལ་ཆེན་པོ་དེ་ཚོ་ཉུང་དུ་གཏོང་དགོས་པ་རེད་ཅེས་ཞུ་ཡི་མེད། དངུལ་གསར་པ་ཐབས་ཤེས་བྱས་ཏེ། དངུལ་གསར་པ་རག་པ་དེ་ཚོ་ངས་གང་ཐུབ་ཀྱིས་ང་ཚོའི་འཐབ་རྩོད་ཕྱོགས་སུ་འགྲོ་དགོས་རེད་བསམ་གྱི་འདུག ང་ཚོས་དེ་ལྟར་མ་བྱས་ཚེ། ང་ཚོའི་བླ་ན་མེད་པའི་དབུ་འཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་ད་ལྟ་དགུང་ལོ་ ༨༥ ལ་ཕེབས་ཡོད་པ་དང་། ལོ་ལྔའི་ནང་དགུང་ལོ་དགུ་བཅུར་ཕེབས་འགྲོ་བ་རེད། ཁོང་ད་ལྟ་བཞུགས་པའི་རིང་ང་ཚོའི་བདེན་མཐའ་གསལ་ཐུབ་རྒྱུ་དེ་ངའི་རེ་བ་དང་ཐབས་ལམ་ཡག་ཤོས་ཤིག་ཏུ་མཐོང་གིན་འདུག་པས། ང་ཚོས་གང་ཐུབ་ཀྱིས་ང་ཚོའི་སྒྲིག་འཛུགས་ནས་བཟུང་ཚོགས་པ་སྐྱིད་སྡུག་ཁག དེ་བཞིན་མི་སྒེར་བར་དུ་ང་ཚོས་ལས་འགུལ་མང་ཙམ་སྤེལ་དགོས་ཀྱི་འདུག ང་ཚོར་ནུས་པ་ག་ཚོད་ཡོད་པ་དེ་སྤུངས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སླེབས་ཐུབ་པ་ཞིག་བཟོ་དགོས་ཀྱི་འདུག དེ་གལ་སྲིད་ང་ཚོས་བཟོ་མ་ཐུབ་ཚེ། བོད་རྒྱ་འབྲེལ་མོལ་དེ་ཚོ་ཚང་མ་ཡང་བསྐྱར་མགྱོགས་པོར་བསྐྱར་གསོ་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད་བསམ་གྱི་འདུག
ངས་གཞན་དེ་ཙམ་ཞུ་རྒྱུ་མིན་ཡང་། སྲིད་སྐྱོང་འོས་མི་གཞན་རྣམས་དང་མ་འདྲ་བ་ངས་ག་རེ་བྱ་རྒྱུ་ཡིན་ཞེ་ན། ཆེ་ས་ནས་སྒྲིག་འཛུགས་དེ་ཉིད་ལ་འགྱུར་བ་གཏང་རྒྱུ་ཡིན། ང་ཚོའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དེ་ལོ་ ༦༡ བར་དུ་འགྱུར་བ་དེ་ཙམ་ཕྱིན་མི་འདུག ནང་གི་ལས་ཀ་བྱེད་སྟངས་དང་འབྲེལ་བ་བྱེད་སྟངས། མི་མང་ལ་ཕར་ཞབས་ཕྱི་བྱེད་སྟངས་དེ་ཚོ་ཚང་མའི་ཐད་འགྱུར་བ་གཏོང་དགོས་ཀྱི་འདུག་ལ། འགྱུར་བ་གཏོང་བར་ཡག་ཤོས་དེ་ནི་འཕྲུལ་ཆས་དང་གློག་ཀླད་ཀྱི་ཐོག་ཏུ་འགྲོ་དགོས་པ་རེད་བསམ་གྱི་འདུག དེའི་ཐད་དེང་སང་ང་ཚོ་ལ་ཕལ་ཆེར་གདམ་ཀ་ཞིག་མི་འདུག ང་ཚོ་དེའི་ཕྱོགས་སུ་མ་སོང་ཚེ། སྔོན་མ་ཡིན་ན་ཚང་མ་རྒྱ་བལ་འབྲུག་གསུམ་གྱི་ནང་བཞུགས་ཡོད་པ་རེད། ང་ཚོའི་མི་འབོར་དེ་ཧ་ཅང་ཁ་འཐོར་ཏེ་བཞུགས་ཡོད་སྟབས། ང་ཚོའི་སྒྲིག་འཛུགས་རྒྱུན་རིང་གནས་ཐབས་སུ་བོད་མི་རྣམས་གང་དུ་བཞུགས་ཡོད་ནའང་ང་ཚོའི་སྒྲིག་འཛུགས་ལ་སྙོབ་ཐུབ་རྒྱུ་ཡོད་པ་ཞིག་བཟོ་དགོས་ཀྱི་འདུག སྙོབ་ཐུབ་པ་ཞིག་བཟོ་ཐབས་སུ་ང་ཚོས་ལས་བྱེད་མང་དུ་གཏོང་བ་དང་ལས་ཁུངས་མང་དུ་ཕྱེས་པ་དེས་ཡོང་གི་མ་རེད་བསམ་གྱི་འདུག
ང་ཚོས་གློག་ཀླད་དང་འཕྲུལ་ཆས་རང་གི་ཐོག་ནས་དབྱིན་སྐད་དུ་ e-governance(འཛིན་སྐྱོང་འཕྲུལ་ལས་ཅན) ཟེར་གྱི་ཡོད་པ་དེ་བྱེད་དགོས་པ་རེད། e-governance གྱིས་དཔེ་མཚོན་ཡག་པོ་ཞིག་སྤེལ་ཐུབ་ཀྱི་རེད་བསམ་གྱི་འདུག ང་ཚོ་སྤྱིར་བཏང་མི་འབོར་ཉུང་ཉུང་རེད། ག་ཚོད་མང་ནའང་བཙན་བྱོལ་ནང་བོད་མི་འབུམ་གཉིས་ལས་མང་བ་མེད་པ་རེད། གྲངས་ཀ་དེའི་ཐོག་ལ་ང་ཚོས་ e-governance གྱི་འཆར་གཞི་ཧ་ཅང་ཡག་པོ་ཞིག་གདིང་ཐུབ་ཀྱི་རེད་དྲན་གྱི་འདུག དེ་བརྒྱུད་ནས་ང་ཚོ་བོད་པ་གང་དུ་བཞུགས་ཡོད་ནའང་ང་ཚོས་ཕར་སྙོབ་ཐུབ་པ་ཞིག་དང་། ལས་འཆར་སྤེལ་ཐུབ་པ་ཞིག གལ་ཆེ་ཤོས་ནི་དེ་བརྒྱུད་ནས་ང་ཚོས་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཐུབ་ཀྱི་རེད་བསམ་གྱི་འདུག
དུས་བབ་གསར་འགོད་པ།
གོང་དུ་སྐུ་ངོ་མཆོག་ནས་ e-governance སྐོར་གསུངས་སོང་བ་དང་། ད་ལྟ་བོད་མིའི་སྒྲིག་འཛུགས་ལ་ཆ་བཞག་ན་ལས་ཁུངས་ཀྱི་ལས་ཀ་མང་ཤོས་ཤིག་ཤོག་བུའི་སྟེང་བྱེད་བཞིན་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་དེ་ e-governance ཅན་དུ་བསྒྱུར་བར་དཀའ་ཁག་ཅི་ཙམ་ཡོད་པ་རེད།
ལན། སྤྱིར་བཏང་ e-governance བཟོ་བ་ལས་སླ་པོ་མེད་པ་རེད། འགྲོ་སོང་མང་པོ་ཞིག་གཏོང་དགོས་པ་དང་། ཟབ་སྦྱོང་མང་པོ་ཞིག་སྤྲོད་དགོས་པ་རེད། ལས་ཀ་བྱེད་སྟངས་ཀྱི་གོམས་གཤིས་དེར་འགྱུར་བ་གཏོང་དགོས་པ་རེད། བསམ་བློར་འགྱུར་བ་གཏང་རྒྱུ་དེ་ཁག་ཤོས་རེད་བསམ་གྱི་འདུག གང་ཡིན་ཞེ་ན། འགྲོ་སོང་གི་ཐད་ལ་གནས་ཚུལ་ཡག་པོའི་ཐོག་ནས་ཞུས་པ་ཡིན་ན་ཨ་རིའི་གཞུང་ནས་ལོ་ལྟར་དངུལ་ཞིག་གནང་བཞིན་ཡོད་པ་རེད། དེ་ནས་བརྒྱ་ཆའི་ཁ་ཤས་ཤིག་དེའི་ཐོག་ཏུ་གཏང་རྒྱུ་ཡིན་པ་ཨ་རི་གཞུང་ནས་རྒྱབ་སྐྱོར་ཧ་ཅང་གསལ་པོ་ཡོད་པ་རེད། དངུལ་གྱི་ཐོག་ནས་ང་ཚོར་དཀའ་ངལ་དེ་ཙམ་འཕྲད་ཀྱི་རེད་བསམ་གྱི་མི་འདུག དེ་བཞིན་ལས་གཞི་དེ་ང་ཚོར་ཧ་ཅང་གསར་པ་ཡིན་པ་དང་། ང་ཚོར་དེའི་ཐོག་ཉམས་མྱོང་དེ་ཙམ་མེད་སྟབས། ཕྱི་ལོགས་ནས་ད་ལྟའི་ཆར་ཚོགས་པ་ཁག་གསུམ་ཙམ་གྱིས་དེའི་ཐོག་ལ་ལམ་སྟོན་གནང་བཞིན་པ་རེད། ཨེ་སི་ཊོ་ནཱེ་ཡཱ་ (Estonia) གཞུང་གི་ཚོགས་པ་ཞིག་དང་། ཁེ་ན་ཌའི་ཨོ་ཊོ་ཝ་ནང་དུ་ཡོད་པའི་དྲ་རྒྱའི་སྲུང་སྐྱོབ་ཆེད་ལས་ཚོགས་པ་ཞིག དེ་བཞིན་རྒྱ་གར་གྱི་འཆར་གཞི་བཟོ་བའི་ཐོག་མཁས་དབང་གི་ཚོགས་པ་ཞིག་ཡོད་པ་རེད། ངས་དངུལ་དང་ཆེད་ལས་པའི་ཐོག་ནས་ལམ་སྟོན་ཞུ་སར་དཀའ་ཁག་ཡོད་ཀྱི་མ་རེད་བསམ་གྱི་འདུག གལ་ཆེ་ཤོས་དེ་ང་ཚོའི་ནང་ལོགས་སུ་སྒྲིག་གཞི་ཧ་ཅང་མང་པོ་འདུག མང་པོ་ཞིག་སྒྲིག་གཞི་རང་གིས་ལག་པ་བསྡམས་ནས་སྒྲིག་འཛུགས་ནང་དུ་དཀའ་ཁག་འཕྲད་ཀྱི་ཡོད་པ་རེད། སྒྲིག་གཞི་ཏོག་ཙམ་གུ་ཡངས་བཟོ་བ་དང་། དེའི་ནང་ཁ་ཤས་གྲོས་ཚོགས་ལ་བཅར་ནས་བཅའ་ཁྲིམས་ཀྱི་ཐོག་ནས་ཏོག་ཙམ་འགྱུར་བ་གཏོང་དགོས་པ་དེ་འདྲའང་འདུག དེའི་ཐོག་ཡར་གོ་རྟོགས་སྤེལ་དགོས་པ་དང་སྲིད་སྐྱོང་དང་བཀའ་ཤག་གིས་ཆ་ཚང་གསལ་པོ་ཞིག་ཡར་ཞུ་ཐུབ་པ་དགོས་པ་རེད། ཡིན་ནའང་ངས་དེ་བྱེད་ཐུབ་པ་ཞིག་ཏུ་མཐོང་གི་འདུག གོང་དུ་ཞུས་པ་བཞིན་སྒྲིག་འཛུགས་ལ་ལས་བྱེད་ཆིག་སྟོང་ལས་མང་བ་མི་འདུག ངས་ནི་ཆེ་ཆུང་ཡིན་ནའང་ཏག་ཏག་ཅིག་མཐོང་གི་འདུག གལ་ཆེ་ཤོས་དེ་ང་ཚོའི་ལས་བྱེད་ཚོ་ལ་དེའི་ཐོག་ཏུ་གོ་རྟོགས་སྤེལ་བ་དང་ཟབ་སྦྱོང་སྤྲོད་པ། དེ་ནས་ནང་ལོགས་ལ་ཞིབ་འཇུག་ཡག་པོ་ཞིག་བྱས་ཏེ་འཆར་གཞི་ཡག་པོ་ཞིག་བཟོ་དགོས་པ་རེད། འཆར་གཞི་དེ་བཟོ་བར་ད་ལྟ་བཀའ་ཤག་འདི་ཡིན་ནའང་དགོངས་པ་བཞེས་གནང་གི་འདུག ང་རང་ཕྱོགས་ནས་གལ་སྲིད་མི་མང་གིས་དེ་འདྲའི་གོ་སྐབས་ཤིག་གནང་ཚེ་། ངས་དེའི་ཐོག་ཏུ་ད་དུང་རྒྱ་ཆེ་རུ་དང་གཏིང་ཟབ་དུ་གཏོང་བར་སྒེར་ངོས་ནས་འདོད་པ་ཤུགས་ཆེན་པོ་ཡོད་ལ། བྱེད་ཐུབ་པའི་གདེང་ཚོད་ཆེན་པོ་ཡོད།
ངའི་དྲི་བ་ནི་དམངས་ཁྲོད་ཀྱི་དྲི་བ་ཞིག་ཡིན། ང་ཚོའི་སྲིད་སྐྱོང་འོས་མི་ཚང་མས་བཙན་བྱོལ་ནང་གི་བོད་མིའི་ཤེས་ཡོན་དང་དཔལ་འབྱོར། འཐབ་རྩོད་ཡར་རྒྱས་གཏོང་བར་འཆར་གཞི་དང་འཆར་སྣང་མང་པོ་ཞིག་གསུང་གི་འདུག ཁྱེད་རང་ལ་བོད་ནང་གི་བོད་མིའི་མངོན་འདོད་དང་རེ་བ་སྒྲུབ་ཐབས་སུ་འཆར་གཞི་དང་འཆར་སྣང་ག་རེ་ཡོད། ད་ལན་བརྒྱུད་ལམ་འདི་བརྒྱུད་ནས་བོད་ནང་གི་བོད་མི་ཚོར་བརྡ་ལན་ཞིག་གནང་རོགས་ཞུ་རྒྱུ་ཡིན།
ལན། ང་ཚོའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་འཛུགས་དགོས་དོན་དེ་གཞིས་ལུས་མི་མང་གི་མངོན་འདོད་སྒྲུབ་ཐུབ་རྒྱུ་དེ་རེད། དེ་བས་ང་ཚོས་ལས་གཞི་གང་འདྲ་ཞིག་སྤེལ་བ་ཡིན་ནའང་ཕུགས་ཀྱི་དམིགས་ཡུལ་དེ་ག་རང་རེད། ངས་ད་ལྟའི་སྒྲིག་འཛུགས་འདི་འཛིན་སྐྱོང་ཉུང་ཙམ་དང་འཐབ་རྩོད་མང་ཙམ་ཞེས་པ་ནི་དེ་ག་རང་ལ་ཟེར་གྱི་ཡོད་པ་རེད། ང་ཚོ་འཐབ་རྩོད་ཀྱི་ཕྱོགས་ལ་ཅི་ཙམ་མང་དུ་འགྲོ་ཐུབ་ཚེ་དེ་ཙམ་གྱིས་བོད་ནང་གི་ཤ་ཁྲག་གཅིག་པའི་བོད་མིའི་མངོན་འདོད་དེ་གང་མགྱོགས་སྒྲུབ་ཐུབ་ཀྱི་ཡོད་པ་རེད། མངོན་འདོད་དེ་རྒྱལ་བ་རིན་པོ་ཆེ་བོད་དུ་གང་མགྱོགས་གདན་འདྲེན་ཞུ་ཐུབ་པ་དང་། བོད་ནང་དུ་རང་དབང་སླར་གསོ་བྱེད་ཐུབ་པ། གལ་ཆེ་ཤོས་ནི་བོད་ཀྱི་སྐད་ཡིག་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་ཐུབ་པ་དེ་རེད། དེ་ནི་ང་ཚོས་ཞུ་མི་དགོས་པ་ཞིག་རེད་བསམ་གྱི་འདུག ང་ཚོས་འཐབ་རྩོད་ཀྱི་ཕྱོགས་སུ་ག་ཚོད་ཀྱིས་ཤུགས་ཆེན་པོའི་ལས་ཀ་བྱེད་ཐུབ་ན། དེ་ཙམ་གྱིས་ཐད་ཀར་བོད་ནང་གི་བོད་མི་ཚོས་རེ་བ་བརྒྱབ་པ་བཞིན་ང་ཚོས་ལས་ཀ་བྱེད་ཐུབ་ཀྱི་ཡོད་པ་རེད་བསམ་གྱི་འདུག ང་ཚོའི་བོད་ས་ཤོར་ནས་མི་ལོ་ ༦༡ ཙམ་འགྲོ་བཞིན་ཡོད་པ་རེད། བོད་ནང་གི་བོད་མི་ཚོས་ད་ལྟ་བར་དུ་རྒྱལ་བ་རིན་པོ་ཆེ་མཆོག་མཇལ་མེད་པ་རེད། དེ་ལ་ང་ཚོས་དགོངས་པ་བཞེས་དགོས་པ་རེད་བསམ་གྱི་འདུག ངས་དེ་འདྲ་ཡོང་གི་རེད་ཅེས་བརྒྱ་ཆའི་བརྒྱ་ཁས་ལེན་བྱེད་ཐུབ་ཀྱི་མི་འདུག་སྟེ། ང་རང་ཕྱོགས་ནས་༧རྒྱལ་བ་རིན་པོ་ཆེ་བོད་དུ་གནས་གཟིགས་ཤིག་ཡིན་ནའང་ཕེབས་ཐུབ་པ་ཞིག་དང་། བོད་ནང་གི་བོད་མི་ཚོར་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་རྒྱུ་ཡོད་པ་ཞིག་གི་ཐོག་ཏུ་ཤུགས་གང་ཐུབ་རྒྱག་གི་ཡིན་ཞུ་འདོད་བྱུང་།
གསུམ་པ་དེ་ནི་གཞིས་བཞུགས་བོད་མི་རྣམས་རྒྱ་ནག་གཞུང་གི་བཙན་དབང་འོག་ལ་གནས་ཡོད་པ་རེད། སོ་སོའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དང་གོང་འཕེལ་གཏོང་བར་རང་དབང་མེད་སྟབས། དེའི་འགན་དེ་ང་ཚོར་བབས་ཡོད་པ་རེད་བསམ་གྱི་འདུག ང་ཚོ་བཙན་བྱོལ་དུ་འདུག་མཁན་ཚོ་རང་དབང་ལུང་པར་ཡོད་པས། སོ་སོའི་སྐད་ཡིག་དང་རྒྱལ་རབས་གལ་ཆེན་པོར་བརྩིས་ནས་གང་ཐུབ་ཀྱིས་ཉར་བ་མ་ཟད། ཕར་བོད་ལ་ང་ཚོས་དེབ་སོགས་ག་རེ་བཟོས་ཡོད་པ་དེ་གཞིས་ལུས་མི་མང་གིས་མཁྱེན་པ་ཞིག་དང་བེད་སྤྱོད་ཐུབ་པ་ཞིག་བཟོ་དགོས་པ་རེད་བསམ་གྱི་འདུག དམིགས་བསལ་གྱིས་ང་རང་ཕྱོགས་ནས་རྒྱལ་རབས་དེ་ཧ་ཅང་རྩ་ཆེན་པོར་རྩི་ཡི་ཡོད། ད་རེས་མི་མང་གིས་ང་ལ་སྲིད་སྐྱོང་གི་འགན་ཞིག་གནང་བ་ཡིན་ན། ངས་རྒྱལ་རབས་ཀྱི་ཐོག་ཏུ་བོད་རང་བཙན་གཙང་མ་ཡིན་པ་དང་། དེའི་ཐོག་ལ་ཡིག་ཆ་དང་ཀློག་དེབ་གསར་པ་བཟོ་དགོས་པ། གློག་བརྙན་བཟོ་བ་དང་རྒྱལ་སྤྱིའི་ནང་དུ་ཚོགས་འདུ་སྐོང་དགོས་པ། ང་ཚོ་རང་དབང་ལུང་པར་སྡོད་ཀྱི་ཡོད་སྟབས། ཚང་མ་བྱེད་པའི་རང་དབང་ཡོད་པ་རེད། དེ་ང་ཚོས་བྱེད་དགོས་པ་རེད། ང་ཚོས་དེ་བྱས་ནས་བོད་ནང་ལ་ཏན་ཏན་ཕན་གྱི་རེད་བསམ་གྱི་འདུག དེ་བཞིན་སྐད་ཡིག་ལ་ཆ་བཞག་ནའང་། ང་ཚོས་ཡག་པོ་ཞིག་ཉར་ནས་མི་ཐོག་གསར་པར་ཆ་ཚང་ཞིག་བསླབ་ཐུབ་པའི་ཐོག་ལ་འགན་ཧ་ཅང་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག
མཐའ་མ་དེར་སྤྱིར་བཏང་བོད་གཞིས་བྱེས་གཉིས་ཀྱི་མི་དང་མིའི་འབྲེལ་བ་དེ་ཧ་ཅང་ཁག་པོ་ཞིག་ཆགས་ཡོད་པ་རེད། ང་རང་ཕྱོགས་ནས་གང་ཐུབ་ཀྱིས་ཡང་བསྐྱར་འབྲེལ་ལམ་དེ་གཏིང་ཟབ་ཏུ་གཏོང་ཐུབ་པར་འབད་བརྩོན་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བདེ་སྲུང་ལས་ཁུངས་དང་སྲིད་བྱུས་ཉམས་ཞིབ་ཁང་། ཕྱི་དྲིལ་ལས་ཁུངས་གང་རུང་ནས་ཐད་ཀར་བོད་ནང་ནས་གནས་ཚུལ་ཏག་ཏག་རག་ཐུབ་པ་ཞིག་དང་། ང་ཚོའི་གནས་ཚུལ་དེ་ཕར་སྐྱེལ་ཐུབ་པ་ཞིག་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག དེ་ནས་ངའི་ e-governance གྱི་ལས་གཞི་དེ་བཙན་བྱོལ་བོད་མི་གཅིག་པུའི་ཆེད་དུ་མ་རེད། གློག་ཀླད་དང་འཕྲུལ་ཆས་ཀྱི་ཐོག་ནས་བཙན་བྱོལ་སྤྱི་ཚོགས་དང་གཞིས་བཞུགས་བོད་མི་བརྒྱ་ཆའི་ ༩༧ ཙམ་གྱི་སྤྱི་ཚོགས་གཉིས་ཏེ། སྤྱི་ཚོགས་ཆེ་ཆུང་གཉིས་ཀྱི་བར་དུ་ད་ལྟ་ང་ཚོས་མ་བསམ་པ་དང་མ་བྱས་པའི་ལམ་ཁ་ཞིག་ཏན་ཏན་ཐོན་ཡོང་གི་ཡོད་པར་ང་རང་ལ་ཡིད་ཆེས་ཆེན་པོ་ཡོད།
གལ་སྲིད་ཁྱེད་རང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་ཆགས་པ་ཡིན་ན། བོད་རྒྱ་དང་འབྲེལ་ནས་སྲིད་བྱུས་དེ་གཙོ་བོར་འཛིན་གྱི་ཡིན་གསུང་གི་འདུག གལ་སྲིད་ཁྱེད་ཀྱིས་རྒྱ་བོད་ཀྱི་སྲིད་བྱུས་དེ་གཙོ་བོར་བཟུང་བ་ཡིན་ན། རྒྱ་ནག་དབུས་གཞུང་དང་སྐམ་ས་ཆེན་པོར་འབྲེལ་བ་ཆགས་དགོས་པ་དེ་གནད་འགག་གཙོ་བོ་ཞིག་ཡིན་སྟབས། ཁྱེད་རང་དང་རྒྱ་ནག་སྐམ་ས་ཆེན་མོའི་བར་གྱི་འབྲེལ་བ་ག་འདྲ་ཡོད། དྲི་བ་གཉིས་པ་ནི་ཐའེ་ཝན་བོད་སོག་ལས་ཁུངས་ཞེས་པ་དེ་ལོ་ཤས་གོང་ནས་མེད་པ་ཆགས་སོང་བ་ཞིག་དང་། ས་གནས་རིག་གཞུང་ལྷན་ཁང་ལ་ཟླ་སྒྲིལ་བཏང་ཡོད་པ་ཞིག་ང་ཚོའི་གཞུང་དམངས་གཉིས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་ནའང་། དེ་མུ་མཐུད་གནས་ཡོད་པ་ཞིག་དང་ལས་ཀ་བྱེད་བཞིན་ཡོད་པ་རེད། གལ་སྲིད་ཁྱེད་རང་སྲིད་སྐྱོང་ཆགས་ན་མ་འོངས་པར་ཐའེ་ཝན་བོད་སོག་ལས་ཁུངས་དང་འབྲེལ་བའི་སྲིད་བྱུས་གང་འདྲ་འཛིན་རྒྱུ་ཡིན།
ལན། ང་ཚོའི་སྲིད་གཞུང་གང་འདྲ་ཞིག་སླེབས་པ་ཡིན་ནའང་རྒྱ་ནག་གཞུང་ངོས་ནས་ང་ཚོའི་སྲིད་སྐྱོང་དང་བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་གནང་གི་ཡོད་པ་མ་རེད། ངས་བལྟས་ན་རྒྱ་ནག་གཞུང་གིས་སྲིད་བྱུས་དེར་འགྱུར་བ་གཏང་གི་མ་རེད། ཕྱི་ལོ་ ༢༠༡༠ བར་ཐེངས་དགུ་རིང་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དང་རྒྱ་ནག་གཞུང་བར་འབྲེལ་མོལ་བྱུང་བ་རེད། དེར་བརྟེན་སྒྲོམ་གཞི་དེར་འགྱུར་བ་འགྲོ་རྒྱུ་མ་རེད། ད་ལྟ་གཞུང་དང་གཞུང་གི་འབྲེལ་མོལ་དེ་ཆད་བསྡད་ཡོད་ཀྱང་། བརྒྱུད་ལམ་གཞན་གྱི་ཐོག་ནས་འབྲེལ་བ་དེ་འགྲོ་མུས་རེད། ང་ཚོས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱས་ཐུབ་ནའང་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དང་རྒྱ་ནག་གཞུང་བར་ཐད་ཀར་འབྲེལ་བ་ཡོང་རྒྱུ་དེ་མུ་མཐུད་གནང་གི་རེད་བསམ་གྱི་འདུག ངའི་ཕྱོགས་ནས་ད་ལྟའི་ཆར་རྒྱ་ནག་གཞུང་ལ་ཐད་ཀར་འབྲེལ་བ་གང་ཡང་མེད། ང་ཚོས་སྐབས་དང་དུས་ལ་བསྟུན་ནས་འབྲེལ་བ་འཇོག་དགོས་བྱུང་ན་གཞག་རྒྱུ་རེད། ང་རང་དུས་རྒྱུན་རྒྱ་ནག་གཞུང་གི་ཆབ་སྲིད་དང་སྲིད་བྱུས་ལ་དོ་སྣང་བྱེད་མཁན་ཞིག་ཡིན། དེའི་ཐོག་སློབ་སྦྱོང་ཡང་བྱས་པ་རེད། དེ་བཞིན་ང་རང་ལོ་ ༢༠ ལྷག་གི་རིང་ཨ་རིའི་ནང་སྡོད་སྐབས་ཕྱི་རྒྱལ་དང་རྒྱ་རིགས་ཀྱི་མཁས་པ་མཉམ་དུ་འབྲེལ་བ་བྱུང་བ་རྣམས་མུ་མཐུད་ནས་ཡོད། སྤྱིར་རྒྱ་ནག་ཕྱོགས་ནས་ང་ཚོར་ངོས་ལེན་གནང་གི་མེད་སྟབས། གཞུང་འབྲེལ་ཐོག་ནས་འབྲེལ་བ་བྱ་རྒྱུ་དེ་ཧ་ཅང་ཁག་པོ་རེད་འདུག
ཐའེ་ཝན་དང་བོད་སོག་ལས་ཁུངས་དང་འབྲེལ་བའི་སྐོར་ནས་ཞུ་ན། ངའི་འཆར་གཞིའི་ནང་ལ་ང་ཚོས་ད་བར་འཐབ་རྩོད་ཕལ་ཆེ་བ་ནུབ་ཕྱོགས་པའི་མཉམ་དུ་བརྒྱབ་པ་རེད་དེ། ངས་དེ་མུ་མཐུད་པའི་ཐོག་ནས་ང་ཚོས་རྒྱ་གར་དང་ཐའེ་ཝན། ཉི་ཧོང་གཙོས་པའི་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་མཉམ་དུ་འཐབ་རྩོད་བྱེད་དགོས་བསམ་གྱི་འདུག དེའི་ནང་ཐའེ་ཝན་ལྟ་བུར་མཚོན་ན་ཧ་ཅང་གལ་ཆེན་པོ་རེད། སྔོན་མ་བོད་སོག་ལས་ཁུངས་ཀྱི་རྐྱེན་པས་ང་ཚོར་དཀའ་ངལ་མང་པོ་ཕྲད་ཡོད་ཀྱང་། དཀའ་ངལ་དེ་ད་ལྟ་མེད་པ་ལྟ་བུ་ཆགས་ཡོད། གལ་ཏེ་ཐའེ་ཝན་གཞུང་གིས་མངོན་གསལ་དོད་པོའི་ཐོག་ནས་ང་ཚོ་དང་འབྲེལ་བ་བཞག་འདོད་ཡོད་ན། ང་ཚོའི་ཕྱོགས་ནས་ཏན་ཏན་འབྲེལ་བ་སྔར་ལྷག་བྱེད་དགོས་ཀྱི་རེད། ཐའེ་ཝན་ནང་ང་ཚོའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཡོད་པ་དེ་ཆེ་རུ་གཏོང་ཐབས་དང་། དོན་ཁང་གི་ལས་བྱེད་ཁྲོད་རྒྱ་སྐད་རྒྱ་ཡིག་ཤེས་མཁན་སླེབས་ཐབས་སོགས་བྱེད་དགོས་པ་རེད། དེ་བཞིན་ང་ཚོས་ཐའེ་ཝན་གྱི་ཕྱི་སྲིད་ལས་ཁུངས་དང་འབྲེལ་བ་ཤུགས་ཆེ་རུ་གཏོང་ཐབས་དང་། ལྷག་པར་དུ་སྲིད་སྐྱོང་གསར་པ་སུ་ཕེབས་པ་ཡིན་ནའང་ཐའེ་ཝན་ནང་ཆིབས་བསྒྱུར་གནང་ཐབས་བྱ་དགོས་པ་རེད། ད་བར་༧རྒྱལ་བ་རིན་པོ་ཆེ་ཐེངས་འགར་ཕེབས་ཟིན་པ་ལྟར་མ་འོངས་པར་ཡང་ཕེབས་རྒྱུའི་ཤུགས་བརྒྱབ་དགོས། ང་ཚོའི་ཆབ་སྲིད་ཀྱི་འགན་དེ་སྲིད་སྐྱོང་གི་འཁུར་གྱི་ཡོད་སྟབས། སྲིད་སྐྱོང་རང་ཐའེ་ཝན་ལ་ཕེབས་ཐུབ་ཐབས་བྱ་དགོས། ཐའེ་ཝན་གཞུང་གིས་གདན་འདྲེན་ཞུ་བདེ་པོ་ཡོད་མེད་ད་ལྟ་ལབ་ཁག་པོ་རེད་དེ། ང་ཚོའི་ངོས་ནས་དེ་ལྟར་ཡོང་རྒྱུའི་ཐབས་ཤེས་གནང་དགོས།
ལ་དྭགས་སུ་གནས་སྡོད་ཀརྨ་འཇིགས་མེད་རྣམ་རྒྱལ།
བཙན་བྱོལ་སྤྱི་ཚོགས་ནང་ང་ཚོའི་ཆོས་དང་རིག་གཞུང་། སྐད་ཡིག་དེ་ཚོ་ཉམས་རྒུད་ཆེན་པོ་འགྲོ་བཞིན་པ་རེད། དེ་འདྲ་ཡིན་དུས་མ་འོངས་པར་ཕྱི་ལོ་ ༢༠༢༡ ནང་གལ་ཏེ་སྐུ་ངོ་ལགས་སྲིད་སྐྱོང་ཆགས་པ་ཡིན་ན། ང་ཚོའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཐོག་ལ་ཕྱག་ལས་སམ། འཆར་གཞི་དམིགས་བསལ་ཞིག་ག་རེ་ཡོད་པ་དང་། བཀའ་ཤག་གོང་མ་རྣམ་པ་ཚོས་ང་ཚོའི་ཆོས་དང་རིག་གཞུང་། སྐད་ཡིག་མི་ཉམས་གོང་འཕེལ་གྱི་ཐོག་ལ་ཕྱག་ལས་མང་པོ་གནང་གི་ཡོད་རེད། འདིའི་ནང་ནས་སྐུ་ངོ་ལགས་ཀྱིས་རྒྱུན་སྐྱོང་ག་རེ་གནང་གི་ཡིན།
ལན། ངའི་ཕྱོགས་ནས་འདིའི་ཐོག་ལ་གནད་དོན་གལ་ཆེ་བ་ལྔ་ཡོད་པའི་ནང་ནས་གཅིག་སྐད་ཡིག་རིག་གཞུང་ཆགས་ཡོད། དང་པོ་ང་ཚོའི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཚད་ཆེ་རུ་གཏང་དགོས་ཀྱི་འདུག ད་ལྟའི་ཆར་ཆོས་རིག་ལས་ཁུངས་ཀྱིས་རིག་གནས་དང་སྐད་ཡིག་ཐོག་ལ་རེ་བ་བརྒྱབ་པ་ནང་བཞིན་ཕྱག་ལས་གནང་ཐུབ་ཀྱི་མི་འདུག ཆོས་ཕྱོགས་དང་མཉམ་དུ་རིག་གནས་དང་སྐད་ཡིག་སྲུང་སྐྱོབ་བྱ་དགོས་པ་དེ་གལ་ཆེན་པོ་རེད། ང་ཚོས་ཆོས་རིག་ལས་ཁུངས་ཀྱི་ལས་བྱེད་མང་དུ་གཏང་དགོས་པ་སོགས་གང་འདྲ་གནང་ཐུབ་པ་ཡིན་ནའང་གནང་དགོས་པ་ཞིག་རེད་འདུག གཉིས་པ། ངས་སྐད་ཡིག་མ་དངུལ་ལོགས་སུ་འཛུགས་རྒྱུ་ཡིན། འདི་དྭང་བླངས་དཔྱ་དངུལ་ནས་བརྒྱ་ཆ་ཁ་ཤས་བཞག་དགོས་པ་དང་ཕྱི་ལོགས་ནས་རོགས་དངུལ་གསར་པ་ཐབས་ཤེས་བྱེད་དགོས་ནའང་འདྲ། གང་ལྟར་ང་ཚོའི་སྐད་ཡིག་སྲུང་སྐྱོབ་བྱ་དགོས་ན་འདི་ལ་འགྲོ་སོང་གཏང་དགོས་རེད། འགྲོ་སོང་གཏོང་བ་ལ་དངུལ་དགོས་ཀྱི་ཡོད་སྟབས། མ་དངུལ་ལོགས་སུ་བཙུགས་དགོས་པ་དེ་གལ་ཆེན་པོ་རེད་འདུག གསུམ་པ། ང་ཚོའི་ད་ལྟའི་སྤྱི་ཚོགས་ནང་བོད་ཡིག་གི་ཐོག་ལ་མཁས་དབང་དང་དགེ་རྒན་ཉམས་མྱོང་ཡོད་མཁན་ཉུང་དུ་འགྲོ་ཡི་འདུག འདི་ང་ཚོས་གསོ་སྐྱོང་བྱེད་དགོས་ཀྱི་འདུག ལོ་རེར་ཝར་ནཱ་མཐོ་སློབ་དང་། དཔེ་མཛོད་ཁང་། ས་ར་མཐོ་སློབ་དང་གཞན་སྐད་ཡིག་དང་རིག་གནས་ཀྱི་ལྟེ་གནས་ཁང་ག་བར་ཡོད་ནའང་ང་ཚོས་མཉམ་རུབ་ཀྱི་ཐོག་ནས་འཆར་གཞི་བཟོས་ཏེ། ལོ་རེར་ང་ཚོས་བོད་ཡིག་ཐོག་ལ་མཁས་དབང་ ༥༠ དང་ ༡༠༠ ཙམ་སྐྱེད་སྲིང་ཐུབ་རྒྱུ་གལ་ཆེན་པོ་རེད་འདུག ཁོང་ཚོ་ལ་ང་ཚོས་དམིགས་བསལ་གྱིས་ཟླ་བ་དྲུག་གམ། ལོ་གཅིག་ལ་ཟབ་སྦྱོང་སྤྲད་དགོས་བྱུང་ནའང་སྤྲོད་པ་དང་། ཟབ་སྦྱོང་སྤྲོད་པའི་རིང་ལ་ང་ཚོས་འགྲོ་སོང་གཏང་བ་དང་གཞན་མཐུན་རྐྱེན་ག་རེ་དགོས་པ་རྣམས་སྦྱར་ནས་གང་ལྟར་ལོ་རེར་གྲངས་ཀའི་དམིགས་ཡུལ་ཟིན་ཏེ་འདི་དང་འབྲེལ་བ་ཡོད་པའི་ཚོགས་པ་དང་ལྟེ་གནས་ཁང་ཚང་མའི་མཉམ་དུ་ལས་གཞི་སྤེལ་བའི་འཆར་གཞི་ཡོད། ཤེས་རིག་ལས་ཁུངས་ཀྱི་གྲངས་ཐོ་ལྟར་ན། ལོ་རེར་འཛིན་རིམ་ ༡༢ ཐོན་མཁན་ ༡༢༠༠ ཆགས་ཀྱི་འདུག མང་པོ་ཞིག་རྒྱ་གར་གྱི་མཐོ་སློབ་ནང་དུ་ཕེབས་ཀྱི་ཡོད་པ་རེད། ལོ་གསུམ་སློབ་སྦྱོང་གནང་ནས་ (B.A, B.com) གནང་གི་ཡོད་རེད། སློབ་གྲྭ་ནས་ཐོན་མཁན་སློབ་ཕྲུག་ཚོར་ལོ་གཉིས་རིང་ལ་དེང་སང་གྲྭ་ཚང་ལ་ཆོས་ཕྱོགས་རང་གི་ཐོག་ནས་ནང་ཆོས་དང་བོད་ཡིག་ཐོག་ལ་ལག་འཁྱེར་ལེན་རྒྱུ་འདུག དེ་འདྲར་འགྲོ་ཐུབ་རྒྱུའི་ལམ་ཁ་བཟོ་དགོས་པ་རེད། འཛིན་རིམ་ ༡༢ ཐོན་ནས་ལོ་གཉིས་རིང་ངམ། ཡང་ན་ (B.A) ལོ་གསུམ་ཚར་ནས་ལོ་གཉིས་རིང་ལ་ཕེབས་ཀྱི་ཡོད་ནའང་འདྲ། འདི་ངས་གལ་ཆེན་པོ་མཐོང་གི་འདུག འདི་ལ་ང་ཚོས་ཤེས་རིག་ལས་ཁུངས་དང་ཆོས་རིག་ལས་ཁུངས་ངོས་ནས་སློབ་ཡོན་སྤྲད་རྒྱུ་དང་། གདན་ས་གསུམ། གཞན་གྲྭ་ཚང་དང་བཤད་གྲྭ་སོགས་ག་བ་ལ་ཡིན་ནའང་ལོ་གཉིས་རིང་མི་སྐྱ་དང་། དམིགས་བསལ་གཞོན་སྐྱེས་ཚོར་ལག་འཁྱེར་རག་རྒྱུ་ཡོད་པའི་ཐོག་ནས་ལས་གཞི་སྤེལ་ཐུབ་ན་གལ་ཆེན་པོ་མཐོང་གི་འདུག
དེ་བཞིན་ང་ཚོའི་བཤད་གྲྭ་དང་དགོན་པ་ཁག་གི་ནང་མཁན་པོ་དང་། དགེ་བཤེས། དགེ་བཤེས་མ་མང་པོ་ཐོན་གྱི་ཡོད་རེད། ཁོང་རྣམ་པ་ཚོ་དགེ་བཤེས་ཀྱི་ལག་འཁྱེར་རག་ཚར་རྗེས་དགོན་པར་མ་བཞུགས་པར་སྤྱི་ཚོགས་ནང་ཕེབས་རྒྱུའི་དུས་ཚོད་ལ་བསླེབས་འདུག སྤྱི་ཚོགས་ནང་ཕེབས་ནས་ནང་ཆོས་དང་བོད་ཡིག རིག་གཞུང་བསླབ་དགོས་པ་དེ་གལ་ཆེན་པོ་རེད་འདུག རབ་བྱུང་ན་ཕྱི་རྒྱལ་ལའང་རིམ་པས་ཕེབས་ཐུབ་རྒྱུ་དང་། དེང་སང་ས་གནས་མང་པོ་ཞིག་ལ་བཅར་སྐབས་མི་མང་གིས་ང་ཚོ་ལ་ནང་ཆོས་དང་བོད་ཡིག རིག་གནས་སློབ་མཁན་དེ་འདྲའི་དགེ་རྒན་ཞིག་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུ་ཡི་འདུག འདི་ང་ཚོའི་སྤྱི་ཚོགས་ནང་ཉུང་དུ་ཉུང་དུ་ཆགས་ཀྱི་ཡོད་སྟབས། ངས་ཐབས་ལམ་ཡག་ཤོས་གཅིག་ནི་ང་ཚོའི་བཤད་གྲྭ་དང་དགོན་པ་ཁག་ནས་མཁན་པོ། དགེ་བཤེས་དང་དགེ་བཤེས་མ་ཐོན་མཁན་ཚོས་འདིའི་ཐོག་ལ་འགན་འཁྱེར་ཐུབ་ན་བསམ་གྱི་འདུག འདི་ལ་ང་ཚོའི་སྒྲིག་འཛུགས་ངོས་ནས་གསོལ་ཕོགས་དབུལ་རྒྱུ་དང་མཐུན་རྐྱེན་ག་རེ་དགོས་པ་སྦྱར་རྒྱུ་ཡིན་པ་དེ་གལ་ཆེན་པོ་ཆགས་ཀྱི་འདུག
དེ་ནས་ང་ཚོའི་འཛུགས་སྐྲུན་གྱི་ལས་གཞི་ག་རེ་སྤེལ་ནའང་འདྲི་དགོས་པ་ཞིག་ནི། ལས་གཞི་འདི་སྤེལ་བའི་རྐྱེན་གྱིས་ང་ཚོའི་སྐད་ཡིག་དང་རིག་གཞུང་ལ་ཁྱད་པར་དང་ཕན་ཐོགས་ག་རེ་ཡོད་མེད་དེ་རེད། འཛུགས་སྐྲུན་གྱི་ལས་གཞི་ཐོག་ལ་དམིགས་ཡུལ་གཙོ་བོ་ཞིག་ནི་འཛུགས་སྐྲུན་གྱི་ལས་གཞི་དེ་བརྒྱུད། ང་ཚོའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱེད་ཐུབ་རྒྱུའི་དམིགས་ཡུལ་འཛིན་དགོས་འདུག དེ་ལྟར་བྱས་ཚེ་ང་ཚོའི་འཛུགས་སྐྲུན་ཡིན་ནའང་འདིའི་ཐོག་ལ་འཆར་གཞི་ཡག་པོ་འདོན་ཐུབ་ཀྱི་རེད། ཤེས་ཡོན་ནང་དུའང་ང་ཚོའི་ཤེས་ཡོན་སྲིད་བྱུས་འདིའི་ནང་ལ་བོད་པའི་རིག་གཞུང་དང་སྐད་ཡིག་དེ་ཚོ་དམིགས་ཡུལ་གཙོ་བོ་ཆགས་ཀྱི་ཡོད་རེད། དེ་བཞིན་འཕྲོད་བསྟེན་གྱི་ཐོག་ལ་ང་ཚོས་ལས་གཞི་ཞིག་སྤེལ་བ་ཡིན་ནའང་དེང་སང་གི་སེམས་ཁམས་རིག་པ་ཡིན་ནའང་འདྲ། ང་ཚོས་སྨན་བཅོས་ག་རེ་གནང་གི་ཡོད་ནའང་ཟུང་འབྲེལ་ཐོག་ནས་གཙོ་བོ་གསོ་བ་རིག་པ་དང་ཕྱི་རྒྱལ་གྱི་སྨན་མཉམ་དུ་འཁྲིད་ཐུབ་པ་གནང་དགོས་རེད་བསམ་གྱི་འདུག ད་ལྟའི་ཆར་ལ་གཞིས་ཆགས་ནང་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་ཡན་ལག་སྨན་ཁང་དང་སྨན་རྩིས་ཁང་ཡོད་རེད། དེ་གཉིས་ཟུང་འབྲེལ་གྱི་ཐོག་ནས་ཟླ་སྒྲིལ་བཏང་ནས་མཉམ་རུབ་ཐོག་ཕྱག་ལས་གནང་རྒྱུའི་དུས་ཚོད་ལ་སླེབས་འདུག དེ་བཞིན་ང་ཚོའི་གཞིས་ཆགས་སྲ་བརྟན་དང་ཚོང་གི་ལས་གཞི་ག་རེ་སྤེལ་བ་ཡིན་ནའང་ང་ཚོ་བོད་པའི་སྒྱུ་རྩལ་པ། བོད་པའི་ལྷ་བྲིས་པ་དེ་ཚོ་ལ་སྒྱུ་རྩལ་བརྒྱུད་འཚོ་བ་སྐྱེལ་ཐུབ་རྒྱུའི་ཁོར་ཡུག་ཅིག་ང་ཚོས་བསྐྲུན་དགོས་པ་རེད། ཅ་ལག་ག་རེ་བཟོ་ཡི་ཡོད་ནའང་ད་ལྟ་ཡོད་པའི་ཁྲོམ་ར་དེ་ལས་ཆེ་རུ་གཏོང་བ་དང་ཁྲོམ་ར་གསར་པ་འཚོལ་དགོས་པ་རེད། དེ་ཚོ་ཚང་མ་ང་ཚོས་ཕྱོགས་གཅིག་ཁོ་ན་ནས་མིན་པར་སྐད་ཡིག་རིག་གཞུང་ལོགས་སུ་མ་རྩིས་པར་ལས་ཀ་ག་རེ་བྱེད་ཀྱི་ཡོད་པ་དང་། ལས་གཞི་ག་རེ་སྤེལ་གྱི་ཡོད་ནའང་། ང་ཚོས་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་མེད་ཀྱི་འཆར་གཞི་སྒྲིག་པ་ཡིན་ན། དམིགས་བསལ་བཙན་བྱོལ་ནང་ལ་སྐད་ཡིག་རིག་གཞུང་འདི་གོང་འཕེལ་གཏང་ཐུབ་ཀྱི་རེད་བསམ་གྱི་འདུག
དུས་བབ་གསར་འགོད་པ།
གོང་དུ་སྐུ་ངོ་མཆོག་ནས་ཤེས་ཡོན་སྲིད་བྱུས་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཕྲུ་གུ་ཚོའི་སྐོར་ལ་གསུངས་སོང་། སྐུ་ངོ་མཆོག་གི་ལས་འཆར་གྱི་ནང་ལ་ད་ལྟ་བཙན་བྱོལ་ནང་གི་སློབ་གྲྭ་མང་པོ་ཞིག་ཟླ་སྒྲིལ་གཏང་ནས་ ༡༥ ནས་ ༢༠ བར་བཟོ་རྒྱུ་དང་། འདིའི་ནང་ལོགས་ནས་སློབ་གྲྭ་གཉིས་སམ་དེ་ལས་མང་བ་ཞིག་ཚད་མཐོ་བའི་ཤེས་ཡོན་གྱི་ལྟེ་གནས་ཁང་ལ་བསྒྱུར་ནས་ནུབ་ཕྱོགས་ཀྱི་བོད་རིགས་ཕྲུ་གུ་ཚུར་ལེན་ཐུབ་རྒྱུའི་སྐོར་གསུངས་འདུག ཚད་མཐོ་བའི་ཤེས་ཡོན་གྱི་བསྟི་གནས་ཁང་དེ་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་གཙོ་བོར་བཟུང་བ་ཞིག་རེད་དམ། ཡང་ན་ནུབ་ཕྱོགས་པའི་ཤེས་ཡོན་སྲིད་བྱུས་གཙོ་བོར་བཟུང་བའི་སློབ་གྲྭ་ཆགས་ཀྱི་ཡོད་པ་རེད།
ལན། ངའི་ཤེས་ཡོན་དང་འབྲེལ་བ་ཡོད་པའི་ཐོག་ནས་འཆར་གཞི་གང་ཡོད་པ་དེ་ད་ལྟའི་ང་ཚོའི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བ་ཆགས་ཀྱི་ཡོད་རེད། ང་ཚོའི་ཤེས་ཡོན་སྲིད་བྱུས་དེ་གཏན་འབེབས་གནང་སྟེ་ལག་བསྟར་བྱས་ནས་ལོ་བཅུ་ལྷག་ཕྱིན་ཡོད་ཀྱང་། ད་ལྟའི་ཆར་ངས་ཧ་གོ་བ་ནི། ང་ཚོས་ལག་བསྟར་གང་འདྲ་ཡོང་གི་འདུག དཀའ་ངལ་ག་རེ་འདུག འདིའི་ཐོག་ལའང་ང་ཚོས་བསྐྱར་ཞིབ་བྱ་དགོས་པ་གང་འདུག དེ་ཚོ་ད་ལྟ་ང་ཚོས་གནང་ཐུབ་ཀྱི་མེད་ཙང་ང་ཚོས་གནང་དགོས་རེད་བསམ་གྱི་འདུག ང་རང་ཕྱོགས་ནས་སྲིད་སྐྱོང་གི་ཉིན་བརྒྱ་ཡི་ནང་ད་ལྟའི་ཤེས་ཡོན་སྲིད་བྱུས་འདི་གང་འདྲ་ཡོང་གི་འདུག འདིའི་ཐོག་ལག་བསྟར་བྱ་རྒྱུའི་ཐད་ཡར་རྒྱས་གང་གཏང་དགོས་པའི་ཐོག་ལ་བསྐྱར་ཞིབ་བྱེད་ཀྱི་ཡིན་ལ་རིམ་པས་འགྱུར་བ་གཏོང་གི་ཡིན། དམིགས་བསལ་ང་ཚོའི་ཤེས་ཡོན་ལྷན་ཚོགས་ཀྱིས་ད་ལྟ་ང་ཚོས་རེ་བ་བྱས་པ་ལྟར་ཡོང་གི་ཡོད་ས་མ་རེད། ཤེས་ཡོན་ལྷན་ཚོགས་གལ་ཆེན་པོ་མཐོང་གི་ཡོད་པར་བརྟེན་ཤེས་ཡོན་ལྷན་ཚོགས་དེ་ཐད་ཀར་ཤེས་རིག་ལས་ཁུངས་ནང་ལ་ད་ལྟ་ཡོད་པ་ལྟར་མ་བཞག་པར་རང་དབང་ཅན་གྱི་སྡེ་ཚན་ལ་བཟོ་དགོས་རེད་བསམ་གྱི་འདུག དེ་ལ་ལོགས་སུ་རང་དབང་ཅན་དང་མཐུན་རྐྱེན་སྦྱར་ནས་དེའི་ནང་ཤེས་ཡོན་ཐོག་ལ་མཁས་པ་རྣམས་གདན་འདྲེན་ཞུས་ཏེ་འགན་སྤྲོད་དགོས་པ་རེད། ད་ལྟ་ང་ལ་ཤེས་ཡོན་ཐོག་འཆར་གཞི་མང་པོ་ཡོད། ཆེ་ས་དེ་འཐབ་རྩོད་དང་གཉིས་པ་ཤེས་ཡོན་ཆགས་ཀྱི་འདུག
ང་ཚོས་ཤེས་ཡོན་ཐོག་ལ་བྱ་ཐུབ་རྒྱུའི་ནུས་པ་མཐོང་གི་འདུག་ལ་ང་ཚོར་རང་དབང་ཡོད་ཙང་ངས་མཐུན་རྐྱེན་སྦྱར་ཐུབ་ཀྱི་རེད་བསམ་གྱི་འདུག འོན་ཀྱང་ད་ལྟའི་ཆར་ང་ཚོར་དཀའ་ངལ་མང་པོ་མཐོང་གི་འདུག་ལ་གཞོན་སྐྱེས་ཚོར་གྱོང་ཕོག་གི་འདུག ང་ཚོའི་བཙན་བྱོལ་གྱི་ཤེས་ཡོན་གྱི་སྒྲོམ་གཞིའི་ཐོག་ལ་གྲངས་ཀ་ཡོད་ཀྱང་སྤུས་ཀ་མི་འདུག ང་ཚོའི་ཕྲུ་གུ་ཚོ་ལོ་ལྟར་འཛིན་རིམ་ ༡༢ ཐོན་རྗེས། རྒྱ་གར་གྱི་མཐོ་སློབ་ཡག་པོའི་ནང་དུ་ཚུད་པ་དེ་ཧ་ཅང་ཉུང་ཉུང་རེད་འདུག བརྒྱ་ཆ་ ༤ དང་ ༥ ཙམ་མ་གཏོགས་མང་ཆེ་བ་ Tier 3 (བང་རིམ་གསུམ་པ་) དང་ Tier 4 (བང་རིམ་བཞི་པ་) ཟེར་བའི་མཐོ་སློབ་འབྲིང་བ་དང་སྐྱོ་བའི་ནང་མ་གཏོགས་ཚུད་ཀྱི་ཡོད་མ་རེད། དེའི་རྒྱུ་མཚན་ཆེ་ཤོས་ནི་ང་ཚོའི་ཕྲུ་གུ་ཚོ་རྒྱ་གར་གྱི་སློབ་ཕྲུག་དང་འགྲན་བསྡུར་བྱེད་ཐུབ་ཀྱི་མེད་པ་རེད། འགྲན་བསྡུར་བྱེད་མ་ཐུབ་པར་བརྟེན་ང་ཚོས་རྨང་གཞིར་འགྱུར་བ་གཏང་དགོས་རེད། གཉིས་ནས་ང་ཚོའི་ཕྲུ་གུ་སྐྱེས་མ་ཐག་ནས་ལོ་ལྔ་བར་གྱི་དུས་ཚོད་འདི་མིའི་མི་ཚེ་ནང་ལ་དུས་ཚོད་རྩ་ཆེ་ཤོས་ཡིན་པ་དང་། འདིའི་སྐབས་ལ་མཁས་པ་སུ་འདྲ་ཞིག་ལ་བཀའ་འདྲི་ཞུས་པ་ཡིན་ནའང་། ཚང་མས་ཁ་གཅིག་གྲགས་ཐོག་འདིའི་དུས་ཚོད་ལ་ཕྲུ་གུར་གང་བསླབས་པ་རྣམས་བཟུང་གི་རེད་གསུང་གི་འདུག
འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་ལོ་གསུམ་ཡན་ནས་སྔོན་འགྲོ་སློབ་གྲྭར་གཏང་རྒྱུའི་ཆ་རྐྱེན་འདུག ཡིན་ནའང་ཕྲུ་གུ་སྐྱེས་པ་ནས་ལོ་ལྔ་བར་དུ་ཕྲུ་གུ་བཅོལ་སའི་བུ་བཅོལ་ཁང་ཡོད་ཀྱང་ཕྲུ་གུ་ཚོར་ང་ཚོའི་གོམས་གཤིས་དང་ཡ་རབས་བཟང་སྤྱོད། ང་ཚོའི་སྐད་ཡིག་རིག་གཞུང་དང་དེང་དུས་ཀྱི་སྒྱུ་རྩལ་དགོས་པ་རྣམས་ད་ལྟ་ང་ཚོས་སྤྲོད་ཐུབ་ཀྱི་མི་འདུག མཐུན་རྐྱེན་ཡོད་མཁན་ཚོས་སྒེར་གྱི་སློབ་གྲྭར་གཏོང་གི་ཡོད་ཀྱང་དམངས་ལ་ཕྲུ་གུ་བཅོལ་ས་མ་གཏོགས་ཕྲུ་གུ་ཚོར་འདིའི་ཐོག་ལ་དམིགས་བསལ་གྱི་ཤེས་ཡོན་སྤྲད་ཐུབ་ཀྱི་མི་འདུག ང་རང་གི་ཐོག་ནས་འདི་ལ་འགྱུར་བ་ཆེན་པོ་གཏོང་གི་ཡིན། ད་ལྟའི་སྔོན་འགྲོ་སློབ་གྲྭ་ཡར་རྒྱས་གཏོང་ཆེད་སློབ་གྲྭ་རྒྱ་ཆེ་རུ་བཏང་སྟེ་ཕྲུ་གུ་སྐྱེས་པ་ནས་ལོ་ལྔ་བར་དུ་ཤེས་ཡོན་སྤྲོད་ཐུབ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡིན།
དེ་བཞིན་འཛིན་གྲྭ་ ༦ ནས་ ༡༢ བར་གྱི་ཕྲུ་གུ་ཚོར་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་ལ་སློབ་གྲྭ་ཡོད་པ་མང་དྲགས་ཀྱི་འདུག་པས་འདི་ཉུང་དུ་གཏང་ནས་སྤུས་ཀ་ཡག་ཏུ་གཏང་གི་ཡིན། དེ་ནས་སློབ་གྲྭ་གསུམ་ལྷག་ཅིག་རྒྱ་གར་གྱི་སྒེར་གྱི་སློབ་གྲྭ་ལས་ཡག་པ་མེད་ནའང་སྐྱོ་བ་མེད་པ་ཞིག་རྒྱ་གར་ནང་ལ་བཙུགས་པ་ཡིན་ན། འདིའི་ནང་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་མཁན་བོད་པའི་ཕ་མ་ཚོའི་ཕྲུ་གུ་གཏན་སློབ་ནང་ཡོད་མཁན་རྣམས་གཏང་ཐུབ་པ་ཞིག་བཟོ་དགོས་རེད་བསམ་གྱི་འདུག དེ་འདྲ་མ་བཟོས་པ་ཡིན་ན་ང་ཚོའི་ཕྲུ་གུ་ཚོར་གྱོང་གུན་ཆེན་པོ་རག་གི་འདུག ང་ཚོའི་ཕྲུ་གུ་ཚོ་འཛིན་རིམ་ ༡༢ ཐོན་ནས་མཐོ་སློབ་ལེགས་པོ་ཞིག་ལ་ཕེབས་མ་ཐུབ་པ་དང་མཐོ་སློབ་ལ་ཕེབས་ནའང་སློབ་སྦྱོང་མཐོ་བ་གནང་རྒྱུ་དང་རིགས་གཅིག་རྐང་འཛིན་གྱི་ལམ་དུ་ཕེབས་ཐུབ་པ་དེ་འདྲ་གནང་མ་ཐུབ། ལས་ཀ་ཡིན་ནའང་ཡག་པོ་རག་མ་ཐུབ། མི་ཐོག་ ༡ དང་ ༢ དེ་ལྟར་ཕེབས་པ་རེད། ང་ཚོས་ད་ལྟ་བར་དུ་འཐུས་ཤོར་ཕྱིན་པ་དེ་མ་འགྲོ་བའི་ཆེད་དུ་ཤུགས་བརྒྱབ་ནས་ཤེས་རིག་ལས་ཁུངས་ལ་འགྱུར་བ་གཏང་སྟེ་ང་ཚོའི་ཤེས་ཡོན་གྱི་སྒྲོམ་གཞིར་འགྱུར་བ་གཏང་དགོས་པ་དེ་གལ་ཆེན་པོ་རེད་འདུག
སྤྱིར་བཏང་བཤད་སྲོལ་ལ་མི་རིགས་དང་རྒྱལ་ཁབ་རྩ་མེད་འགྲོ་བར་མི་རིགས་འདིའི་སྐད་དང་ཡི་གེ། རིག་གཞུང་དེ་ཚོ་ཉམས་ཆག་སོང་བ་ཡིན་ན། མི་རིགས་རྩ་མེད་འགྲོ་ཡི་ཡོད་པའི་བཤད་སྲོལ་ཡོད་རེད། འོན་ཀྱང་ང་རང་གི་ཐོག་ནས་ལྟ་སྟངས་དེ་མི་རིགས་ཤིག་རྩ་མེད་འགྲོ་བར་མི་རིགས་དེ་ཉིད་ཀྱི་མི་འབོར་འཕེལ་རྒྱས་སུ་འགྲོ་མ་ཐུབ་པ། མི་རིགས་ཀྱི་རྒྱུད་སྲིང་མ་ཐུབ་པ་དང་། མི་རིགས་གཞན་དང་མཉམ་དུ་འདྲིས་སྦྱོར་ཆགས་སོང་བ་འདི་ཉེན་ཁ་ཆེ་བ་མཐོང་གི་ཡོད། དེར་བརྟེན་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ནང་ལ་དམིགས་བསལ་གྱི་ཤེས་བྱ་ཡོད་མཁན་ཚོར་ཆ་མཚོན་ན། བོད་པའི་མི་རིགས་མང་པོ་ཞིག་མི་རིགས་གཞན་དང་མཉམ་དུ་འདྲིས་སྦྱོར་ཆགས་ནས་བུ་རྒྱུད་མང་པོ་ཞིག་མི་རིགས་གཞན་ཡིན་པའི་བོད་མི་མང་པོ་ཡོང་གི་ཡོད་རེད། མ་འོངས་པར་བོད་མི་རིགས་རྩ་བརླག་འགྲོ་བར་འདི་ཉེན་ཁ་ཆེན་པོ་མཐོང་གི་འདུག མི་རིགས་དེ་འདྲ་འབྱུང་བ་ཡིན་ན་མི་རིགས་རིང་ལུགས་ཀྱི་ལྟ་བའི་ཐོག་ནས་དང་རིག་གཞུང་གང་ཅིའི་ཐད་ནས་ཉམས་ཆག་རང་བཞིན་གྱིས་བསླེབས་ཀྱི་འདུག དེར་བརྟེན་མ་འོངས་པར་དེ་འདྲ་བཀག་ཐབས་ལ་ཐབས་ལམ་དང་དེ་ཉིད་བོད་པའི་སྤྱི་ཚོགས་ནང་ལ་ཉུང་དུ་འགྲོ་ནས་མཐའ་གཅིག་ཏུ་མེད་པར་བཟོ་ཐུབ་པའི་ནུས་པ་ཐོན་རྒྱུར་འཆར་གཞི་དང་མ་འོངས་པའི་ལངས་ཕྱོགས་སམ་སྲིད་བྱུས་གང་ཡོད་དམ།
ལན། སྲིད་སྐྱོང་དང་སྒྲིག་འཛུགས་ཕྱོགས་ནས་འགོག་ཐབས་བྱ་རྒྱུ་དེ་ཁག་པོ་རེད་བསམ་གྱི་འདུག ད་ལྟ་ང་ཚོ་རང་དབང་ཅན་གྱི་རྒྱལ་ཁབ་ནང་ལ་བཞུགས་ཡོད་རེད་ལ། སོ་སོའི་དགོངས་པ་བཞེས་ནས་འགྲོ་རྒྱུ་རེད། ང་རང་ཕྱོགས་ནས་ང་ཚོའི་སྤྱི་ཚོགས་ནང་ལ་མི་ཚང་མ་རུག་རུག་བྱ་དགོས་རེད་བསམ་གྱི་འདུག ང་ཚོར་ཁག་ཅིག་ལ་བོད་པ་གཙང་མ་མ་རེད་ཟེར་ནས་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། ང་རང་ཚོའི་ནང་ལོགས་ལ་དབྱེ་འབྱེད་བྱས་ཏེ་ལོགས་སུ་བཞག་པ་འདིས་ང་ཚོའི་སྤྱི་པ་དང་རྩ་དོན་ལ་གནོད་ཀྱི་འདུག་བསམ་གྱི་འདུག ང་ཚོ་སྒེར་གྱི་གནས་སྟངས་ལ་མ་ལྟོས་པའི་ཐོག་ནས་ཚང་མ་རུག་རུག་བཟོས་ཐུབ་རྒྱུ་དེ་གལ་ཆེན་པོ་རེད་འདུག ད་ལྟའི་བཀའ་ཤག་གིས་འདི་གནང་གི་ཡོད་རེད་ལ་ངས་ཀྱང་དེ་འདྲའི་ཐོག་ལ་དམིགས་བསལ་བྱ་དགོས་ནའང་བྱེད་ཀྱི་ཡིན། ང་ཚོས་གོ་རྟོགས་སྤེལ་དགོས་རེད་ལ་གང་ཐུབ་ཐུབ་ཀྱིས་འདིའི་ཐོག་ལ་ལམ་སྟོན་གནང་དགོས་པ་དེ་ཚོ་འགན་ཆེན་པོ་རེད། ད་ལྟ་ང་ཚོའི་སྤྱི་ཚོགས་ལ་ཡོད་པ་དེ་ཉུང་ཉུང་ཡིན་ཙང་། བོད་པ་ག་བར་བཞུགས་ཡོད་པ་དང་གནས་སྟངས་གང་འདྲ་ཡིན་ནའང་ང་ཚོས་རུག་རུག་བྱ་དགོས་པ་དེ་གལ་ཆེན་པོ་རེད། གཞན་ང་ཚོའི་སྤྱི་ཚོགས་དེ་ཆུང་དུ་ཕྱིན་ནས་འདིས་ཚང་མ་ལ་གནོད་ཀྱི་འདུག
སྐུ་ངོ་སྐལ་རྡོར་ལགས་མ་འོངས་པར་སྲིད་སྐྱོང་ཆགས་པ་ཡིན་ན། རྩ་བའི་ད་ལྟ་བོད་གཞུང་གིས་སྲིད་སྐྱོང་དང་བཀའ་བློན་རྣམ་པ་ཚོས་དྭང་ཟུར་གྱི་ཐོག་ལ་དགོངས་བཞེས་དང་གཟིགས་རྟོག་རྒྱས་པ་གནང་དང་གནང་བཞིན་པ་རེད། ཡིན་ནའང་ད་ལྟའི་ཆར་དྭང་ཟུར་མང་པོ་ཞིག་ལ་རྒྱ་གར་གཞུང་གིས་ (Pension) རྒས་ཕོགས་ཀྱི་བརྒྱ་ཆའི་ ༤༥ ཞིག་རག་བཞིན་པ་རེད། འོན་ཀྱང་མང་པོ་ཞིག་ལ་ནད་གཅོང་གི་ཐོག་ནས་ཡོང་དགོས་པ་ཞིག་དང་། མང་པོ་ཞིག་གནས་ཚུལ་འདྲ་མིན་གྱི་ཐོག་ནས་མར་ཐོན་དགོས་ཀྱི་ཡོད་སྟབས། རྒས་ཕོགས་ཀྱི་དུས་ཚོད་མ་ཚང་གོང་ནས་མར་ཡོང་སྡོད་མཁན་སོགས་དཀའ་ངལ་ཅན་རིམ་པ་མང་པོ་ཞིག་ཡོད་པ་རེད། དེ་འདྲའི་ཐོག་ལ་སྐུ་ངོས་གཟིགས་རྟོག་གནང་འཆར་གང་འདྲ་ཡོད། ད་ལྟའི་ཆར་རྒས་ཕོགས་རག་མཁན་ཚོ་ལའང་བརྒྱ་ཆ་ ༤༥ མ་གཏོགས་རག་གི་མེད་སྟབས། བརྒྱ་ཆ་ ༡༠༠ རག་པར་རྒྱ་གར་གཞུང་ལ་ཐབས་ཤེས་གང་གནང་འཆར་ཡོད། སྐུ་ངོ་བྱམས་པ་སྐལ་ལྡན་ལགས་ལ་ཆ་མཚོན་ན། དུས་ཚོད་ཉག་ཕྲ་བ་དང་དཀའ་ཁག་ཆེ་བའི་སྐབས་སུ་བཟོད་སྒོམ་ཆེན་པོས་ཕྱག་ལས་གནང་ཡོད་པ་དང་། དེ་ལ་ངས་རྗེས་སུ་ཡི་རང་ཞུ་ཡི་ཡོད། ད་ལྟ་དེའི་རྒྱུད་པ་ཁྱེད་རང་ཡིན་གསུང་གི་ཡོད་པས་དེ་མཇུག་སྐྱོང་གནང་བར་འཆར་གཞི་གང་འདྲ་ཡོད་དམ།
ལན། ང་རང་ཕྱོགས་ནས་དམག་སྒར་ཨང་ ༢༢ འདི་ཧ་ཅང་གལ་ཆེན་པོ་རྩི་ཡི་ཡོད། དམག་སྒར་འདི་དང་ང་ཚོའི་སྒྲིག་འཛུགས། མི་དམངས་དབར་ལ་འབྲེལ་ལམ་ད་དུང་ཐག་ཉེ་རུ་གཏང་རྒྱུའི་ཐོག་ང་རང་གིས་ཤུགས་གང་ཐུབ་རྒྱག་གི་ཡིན། དེའི་ཆེད་དུ་བདེ་སྲུང་ལས་ཁུངས་ཀྱི་འོག་ཏུ་སྡེ་ཚན་གསར་པ་འཛུགས་ཀྱི་ཡིན། གཉིས་པ་སྡེ་ཚན་གསར་པ་དེ་ཐད་ཀར་དམག་སྒར་ཐོག་ལ་འགན་འཁུར་ཐུབ་མཁན་དང་དྭང་ཟུར་མཉམ་དུ་འབྲེལ་བ་འཇོག་ཐུབ་མཁན། ད་དུང་འདིའི་ནང་ལ་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་རྒྱུ་ཡིན། སྡེ་ཚན་འདི་བརྒྱུད་ནས་ང་ཚོས་དམག་སྒར་ཨང་ ༢༢ དང་དྭང་ཟུར་ཚང་མ་མཉམ་དུ་འབྲེལ་ལམ་ཡོད་པ་ཡར་རྒྱས་གཏང་རྒྱུ་དང་། དཀའ་ངལ་ག་རེ་ཡོད་ནའང་དེའི་ཐོག་ལ་གདོང་ལེན་བྱེད་ཐུབ་མཁན་ཞིག་དགོས་ཀྱི་འདུག གསུམ་པ་དེ་སྔོན་མ་ང་ཚོ་འཛིན་རིམ་ ༡༢ ཐོན་རྗེས་སློབ་ཕྲུག་ཚོ་དམག་སྒར་ལ་ལོ་གཅིག་གཉིས་འགྲོ་རྒྱུའི་གནས་སྟངས་བྱུང་བ་རེད། འདི་ལ་ཡང་བསྐྱར་བསམ་བློ་གཏང་རྒྱུ་ཞིག་འདུག དམིགས་བསལ་ད་ལྟ་འཛིན་གྲྭ་ ༡༢ ཐོན་ནས་བརྒྱ་ཆ་ ༥༠ ལས་ཉུང་བ་ཡིན་ན་ལོ་གཉིས་ལྷག་དམག་སྒར་ནང་ལ་ཞབས་ཕྱི་ཞུ་ཐུབ་རྒྱུའི་གོ་སྐབས་འབུལ་དགོས་རེད་བསམ་གྱི་འདུག གོ་སྐབས་འདི་ཕུལ་བ་ཡིན་ན་དམག་སྒར་ལ་ཕན་གྱི་རེད། ད་ལྟའི་ཆར་ང་ཚོ་གྲངས་ཀའི་ཐོག་ནས་ཕལ་ཆེར་དམག་མི་ ༤༠༠༠ ལྷག་མ་གཏོགས་ཡོད་ས་མ་རེད། དམག་སྒར་ལ་ང་ཚོས་སྔོན་མ་འབྲེལ་བ་བྱེད་སྐབས་ཀྱང་འབོད་སྐུལ་ཆེ་ཤོས་ནི་ང་ཚོར་མི་གཏང་ཡོང་རོགས་ཞེས་ཞུ་ཡི་འདུག རྒྱུ་མཚན་ནི་དམག་སྒར་དུ་འཛུལ་མཁན་ཇེ་ཉུང་དུ་འགྲོ་ཡི་ཡོད། ད་ལྟ་གང་ཟག་སྒེར་པ་ཞིག་ཡིན་ནའང་སོ་སོ་ལོ་གཅིག་གཉིས་ཀྱི་རིང་སྒྲིག་འཛུགས་ཤིག་གི་འོག་ལ་བསྡད་པ་ཡིན་ན་མི་ཚེའི་མདུན་ལམ་ཐོག་ནས་ཕན་ཐོགས་མང་པོ་ཞིག་མཐོང་གི་འདུག་ལ། དམག་སྒར་ཕྱོགས་ལའང་ཕན་ཐོགས་ཀྱི་ཡོད། འཛིན་རིམ་ ༡༢ ཐོན་རྗེས་སློབ་ཕྲུག་ཚོ་དམག་སྒར་དུ་འགྲོ་རྒྱུ་དེ་ང་ཚོས་བསྐྱར་བཟོ་བྱེད་ཐུབ་པ་ཡིན་ན་ཡག་པོ་རེད་བསམ་གྱི་འདུག ང་རང་ཕྱོགས་ནས་དེ་འདྲ་དྲན་གྱི་ཡོད། འདི་བྱ་ཐུབ་ཀྱི་ཡོད་མེད་ཞུ་ཐུབ་ཀྱི་མེད། འོན་ཀྱང་རྒྱ་གར་གཞུང་དང་དམག་སྒར་ལ་སྐད་ཆ་བཤད་ནས་དེ་འདྲའི་གོ་སྐབས་ཤིག་ཕུལ་ཚེ། ཏན་ཏན་ཕྱོགས་གཉིས་ལ་ཕན་ཐོགས་ཆེན་པོ་ཞིག་མཐོང་གི་འདུག ད་ལྟའི་དྭང་ཟུར་ཚོར་དཀའ་ངལ་ག་རེ་ཡོད་པ་དེ་ངས་དམག་སྒར་གི་མགོ་འཁྲིད་དང་དེ་བཞིན་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་བྱེད་སུ་ལ་བཅར་དགོས་ནའང་བཅར་ཏེ། རྒས་ཕོགས་དང་ཐོབ་ཐང་སོགས་རྒྱ་གར་གཞུང་གིས་གནང་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད་བསམ་གྱི་འདུག ང་ཚོས་སོ་སོའི་སྲོག་ལ་འཛེམ་མེད་དང་སྐུ་ལས་ཧ་ཅང་བསྐྱོན་ཡོད་ལ། ད་ལྟའང་ཞབས་ཕྱི་ཞུ་ཡི་ཡོད། རྒྱ་གར་གཞུང་ལ་ཡར་ཞུས་པར་འཚེར་དགོས་པ་ཞིག་རྩ་བ་ཉིད་ནས་ཡོད་པ་མ་རེད་བསམ་གྱི་འདུག ང་རང་གི་ངོས་ནས་ཤུགས་གང་ཐུབ་རྒྱག་གི་ཡིན་ལ། དེའི་གྲངས་ཀ་མཐོན་པོ་ཞེ་དྲགས་མིན་སྟབས་རྒྱ་གར་གཞུང་གི་གནང་མ་ཐུབ་པ་ཞིག་དང་མ་གནང་བ་ཞིག་ཡོང་གི་མ་རེད་བསམ་གྱི་འདུག
ངས་ཉེ་བའི་ལོ་ཤས་རིང་ནས་ང་ཚོ་བོད་པའི་སྤྱི་ཚོགས་ནང་འཆམ་མཐུན་གྱི་དཀའ་ངལ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ཁྱེད་རང་སྲིད་སྐྱོང་ལ་བསྐོས་པ་ཡིན་ན། བོད་མིའི་སྤྱི་ཚོགས་འདི་འཆམ་མཐུན་དང་རྡོ་རྩ་གཅིག་སྒྲིལ་ཡོང་ཐབས་ལ་འཆར་གཞི་ག་རེ་ཡོད། དྲི་བ་གཉིས་པ་དེ་མི་མང་པོ་ཞིག་གིས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཚོགས་པ་ཟེར་བ་དེ་སྐུ་ངོ་སྐལ་རྡོར་ལགས་སྒེར་གྱི་མིང་ཐོག་ཏུ་དེབ་སྐྱེལ་བྱས་ཡོད་སྐོར་བཤད་ཀྱི་འདུག སྐུ་ངོ་ལགས་ཀྱིས་དེ་བདེན་པ་ཡིན་མིན་གསལ་བཤད་ཅིག་གནང་རོགས།
ལན། ངའི་འོས་བསྡུའི་ལས་རིམ་གྱི་འབོད་སྒྲ་རྒྱལ་ཁབ་གཅིག མི་རིགས་གཅིག འཐབ་རྩོད་གཅིག་ཟེར་བའི་རྒྱབ་ལྗོངས་དེ་ང་ཚོ་ཚང་མས་གཅིག་སྒྲིལ་གྱི་ཐོག་ནས་ཕྱག་ལས་གནང་དགོས་ཀྱི་འདུག་ཅེས་པ་དེ་རེད། ངའི་ཕྱོགས་ནས་ང་ཚོའི་སྤྱི་ཚོགས་ནང་འཆམ་མཐུན་ཡོང་རྒྱུར་བྱེད་ཐུབ་པ་མང་པོ་ཡོད་བསམ་གྱི་འདུག དང་པོ་དེ་ང་ཚོའི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་ཤར་བསྐྱོད་བྱེད་དགོས། དེའི་ཐད་ང་རང་གི་དམ་བཅའ་གཙང་མ་ཡིན། གཉིས་པ་དེ་ངའི་བཀའ་ཤག་ནང་ལ་ཆོལ་ཁ་གསུམ་གྱི་སྐུ་ཚབ་སླེབས་པར་བྱས་ཏེ། མི་རབས་རྒན་གཞོན་བར་གསུམ་ཚང་མ་ཁྲིད་ཐུབ་རྒྱུའི་འབད་བརྩོན་གང་ཐུབ་བྱ་རྒྱུ་ཡིན། གསུམ་པ་དེ་ངའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དེ་ཆེད་ལས་པའི་ངོ་བོའི་ཐོག་ནས་ཁྲིད་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཇི་ཙམ་ཆེད་ལས་ཀྱི་ངོ་བོའི་ཐོག་ཁྲིད་ཐུབ་ན། དེ་ཚོད་ཀྱིས་སྲི་ཞུ་ལས་བྱེད་རྣམས་སེམས་ཤུགས་འཕར་རྒྱུ་དང་འདོད་བློ་ཁེངས་པ་ཞིག་ཡོང་ཐུབ་ཀྱི་རེད། བཞི་པ་དེ་སྤྱིར་སྲིད་སྐྱོང་ལ་འགན་མང་པོ་ཡོད་ལ་བྲེལ་བ་ཆེན་པོ་ཡོད་ནའང་། ངས་བདུན་ཕྲག་རེའི་ནང་ཉིན་གཅིག་ལོགས་སུ་བཞག་སྟེ་མི་མང་སུ་འདྲ་ཞིག་ཡིན་རུང་སྲིད་སྐྱོང་ལ་ཡར་བཅར་རྒྱུའི་གོ་སྐབས་བཟོ་རྒྱུ་ཡིན། དེ་ཡང་མི་མང་སོ་སོས་སྔོན་ཚུན་ནས་རང་གི་མིང་དང་ས་གནས་འབུལ་རྒྱུ་བྱས་ཏེ་ཚང་མ་ལ་འདྲ་མཉམ་གྱི་གོ་སྐབས་ཤིག་བསྐྲུན་རྒྱུ་ཡིན། དུས་ཡུན་དེའི་རིང་མི་མང་གིས་ཡག་སྡུག་ག་རེ་ཞུ་རྒྱུ་ཡོད་ནའང་ཞུ་ས་ཡོད་པ་ཞིག་ངས་བཟོ་དགོས་ཀྱི་རེད་བསམ་གྱི་འདུག སྲིད་སྐྱོང་དང་མི་མང་དབར་གྱི་འབྲེལ་ལམ་དེ་ཇི་ཙམ་ཐག་ཉེ་རུ་གཏོང་ཐུབ་ན། དེའི་ཚོད་ཀྱིས་སྤྱི་ཚོགས་ནང་སྐད་ཆ་ཉུང་བ་ཡོང་རྒྱུ་སོགས་ལ་ཕན་གྱི་རེད་བསམ་གྱི་འདུག ང་ལ་དེ་ལྟར་བྱ་རྒྱུའི་འདོད་པ་ཡོད་ལ་བྱེད་ཀྱང་ཐུབ་ཀྱི་རེད། གལ་ཆེ་ཤོས་དེ་ང་ཚོ་༧རྒྱལ་བ་རིན་པོ་ཆེའི་བཞུགས་ཁྲིའི་འོག་ལ་ཞབས་ཕྱི་ཞུ་ཡི་ཡོད་པའི་བསམ་བློ་ཁྱེར་ན། ངས་ཏན་ཏན་དཀའ་ངལ་འཕྲད་ཀྱི་མ་རེད་བསམ་གྱི་འདུག
དེ་བཞིན་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་འབྲེལ་བའི་སྐོར་ལ། ཁྱེད་ཀྱིས་ཨ་རིའི་ནང་གི་ཚོགས་པ་དེར་གསུང་གི་མེད་དམ། ངས་དྲི་བ་ཡག་པོ་གོ་མ་སོང་། དྷ་རམ་ས་ལའི་ཚོགས་པ་དེའི་ཐོག་ཡིན་ན་སྐད་ཆ་དེ་འདྲ་ཡོང་རྒྱུའི་གཞི་རྩ་ཡོད་པ་མ་རེད། གང་ཡིན་ཟེར་ན། ང་རང་དྷ་རམ་ས་ལར་ལོ་ ༤ རིང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་བྱས་པ་རེད། ཚོགས་པ་དེ་ང་མ་ཡོང་གོང་ནས་བཙུགས་པ་ཞིག་རེད། ད་ལྟའི་ཆར་དཔལ་འབྱོར་ལས་ཁུངས་ཀྱི་འོག་ལ་ཡོད། སྤྱིར་བཏང་བོད་མིའི་སྒྲིག་འཛུགས་ནང་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་པའི་ཚོགས་པ་མང་པོ་ཡོད་པ་རེད། དཔལ་འབྱོར་ལས་ཁུངས་རང་ནང་ ༤ ཙམ་ཡོད་པ་རེད། དེར་བརྟེན། དེར་དཀའ་ངལ་གང་ཡང་ཡོད་པ་མ་རེད། ཡང་གལ་ཏེ་ཨ་རིའི་དོན་གཅོད་དང་འབྲེལ་བའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཟེར་བ་ཞིག་ཡོད་པ་དེ་གཉིས་མིང་འདྲ་བོ་ཡོད། ཕྱི་ལོ་ ༢༠༡༣ ལོར་ངའི་གོང་གི་དོན་གཅོད་ཀྱིས་ཐེབས་རྩ་དེ་སྒོ་རྒྱག་དགོས་པའི་འབོད་སྐུལ་ཞུས་འདུག་ཀྱང་། ངས་ཐེབས་རྩ་སྒོ་བརྒྱབ་རྒྱུ་ལས་སླ་པོ་ཡོད་ཀྱང་སྒོ་འབྱེད་རྒྱུ་ཁག་པོ་ཡོད་སྟབས། ངས་ཐེབས་རྩ་དེ་ང་ཚོའི་སྒྲིག་འཛུགས་དང་དོན་གཅོད་ཀྱི་དམིགས་ཡུལ་འགྲུབ་རྒྱུར་ཕན་ཐོགས་ཡོད་པ་རེད་བསམ་ནས་སྒོ་ཕྱེ་ནས་བཞག་པ་མ་ཟད། ཐེབས་རྩར་འགྱུར་བ་ཆེན་པོ་བཏང་བ་རེད། མ་འོངས་པར་ཐེབས་རྩའི་ཚོགས་མི་སུ་རེད་ཅེས་དྲི་བ་ཡོང་དུས་དཀའ་ངལ་མི་འཕྲད་པའི་ཆེད་ཁྲིམས་རྩོད་པའི་ལམ་སྟོན་གཞིར་བཟུང་། ད་ལྟའི་ཆར་ཐེབས་རྩ་དེའི་ཚོགས་མི་གཅིག་དེ་ཨ་རིའི་སྐུ་ཚབ་དོན་གཅོད་དང་གཉིས་པ་དེ་བོད་མིའི་སྒྲིག་འཛུགས་རེད། དེ་མི་སྒེར་གཅིག་གི་མིང་ཐོག་ལ་བསྒྱུར་ཟེར་བ་དེ་ཚོ་ཚང་མ་དཀྲོག་གཏམ་རེད་ཞུ་རྒྱུ་ཡིན།
དུས་བབ་གསར་འགོད་པ།
སྤྱིར་རྒྱ་གར་ནང་གནས་ཚུལ་བསྡུ་ལེན་གྱི་ཐོབ་ཐང་ཁྲིམས་ཡིག་ (Right to Information Act) ཞེས་པ་ཞིག་ཡོད། ང་ཚོ་བོད་པའི་སྤྱི་ཚོགས་ནང་གསར་འགོད་པ་དང་། ཉམས་ཞིབ་པ། མི་མང་དཀྱུས་མ་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུའི་གནས་སྟངས་དེ་ཙམ་མེད་པར་བརྟེན། ངས་བོད་མིའི་སྤྱི་ཚོགས་ནང་བདེན་པ་ལས་དཀྲོག་གཏམ་མང་བ་ཁྱབ་བསྡད་པའི་གནས་སྟངས་ཤིག་མཐོང་གི་འདུག དེར་བརྟེན་སྐུ་ངོ་མཆོག་གིས་མ་འོངས་པར་བོད་མིའི་སྒྲིག་འཛུགས་ལ་འདི་ལྟ་བུའི་ཁྲིམས་ཤིག་དགོས་པར་གཟིགས་ཀྱི་ཡོད་དམ།
ལན། ང་ལ་དེའི་ཐོག་ལ་རྒྱབ་སྐྱོར་ཡོད། བོད་མིའི་སྒྲིག་འཛུགས་འདི་གང་ཐུབ་ཀྱིས་ཕྱི་གསལ་ནང་གསལ་ཐོག་ནས་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་མི་མང་ནས་སྒྲིག་འཛུགས་ལ་ཡིད་ཆེས་དང་རྒྱབ་སྐྱོར་སླེབས་ཐབས། དེ་བཞིན་སྤྱི་ཚོགས་ནང་འཆམ་མཐུན་ཡོང་རྒྱུའི་ཐབས་ཤེས་ཤིག་ཏུ་མཐོང་གི་འདུག འོན་ཀྱང་ང་ཚོས་ཁྲིམས་འཆར་དེ་རང་བཙན་ཡོད་པའི་རྒྱལ་ཁབ་ལྟར་བརྒྱ་ཆ་བརྒྱ་ཐམ་པ་ལག་བསྟར་བྱེད་ཐུབ་ཀྱི་མ་རེད་བསམ་གྱི་འདུག ཆབ་སྲིད་དང་རྒྱ་གར་གཞུང་། དེ་བཞིན་བོད་རྒྱ་འབྲེལ་མོལ་དང་འབྲེལ་བ་ཡོད་པ་དེ་ཚོ་གསང་བ་ཉར་དགོས་ཀྱི་ཡོད། ང་ཚོས་ཚང་མ་ཕྱི་གསལ་ནང་གསལ་བྱས་ན་རྩ་དོན་ལ་གནོད་ཀྱི་རེད་བསམ་གྱི་འདུག གང་ལྟར་ང་ཚོས་ཡང་ལྗིད་ཅིག་བཀྱག་ནས་སྐབས་རེར་ང་ཚོའི་སྤྱི་ཚོགས་ནང་དངུལ་དང་། ཐོབ་ཐང་། མི་བསྐོ་གཞག་སོགས་ཀྱི་ཐོག་ལ་དཀའ་ངལ་ཡོང་གི་ཡོད་པ་དེ་དག་ཏན་ཏན་གྲོས་ཚོགས་ནང་ཁྲིམས་འཆར་འཁྱེར་བའི་ཐོག་ནས་ཕན་ཐོགས་ཀྱི་རེད། ངས་བཙན་བྱོལ་སྒྲིག་འཛུགས་འདི་གང་ལ་གང་འཚམ་གྱིས་ཕྱི་གསལ་ནང་གསལ་འདུག་བསམ་གྱི་ཡོད། ང་སྒྲིག་འཛུགས་འདིར་ལོ་མང་ཞབས་ཕྱི་ཞུས་པའི་རྐྱེན་གྱིས་ཐག་ཉེ་བོའི་ཐོག་ནས་ཞུས་པ་ཡིན་སྲིད་པ་རེད། འོན་ཀྱང་དེར་ཡར་རྒྱས་གཏོང་དགོས་ཀྱི་རེད། དེ་ལྟར་གནང་དགོས་ཀྱི་ཡོད་ཀྱང་གནས་སྟངས་ཀྱི་ཐོག་ནས་ང་ཚོས་བརྟན་པོ་བྱ་དགོས་པ་གལ་ཆེན་པོ་ཡིན།
མ་འོངས་པར་བོད་རང་བཙན་ཐོབ་ན། བོད་མི་ཅི་ཙམ་བོད་ལ་ལོག་གི་རེད། འབྱུང་འགྱུར་བོད་རང་བཙན་ཐོབ་ན་ཁྱེད་རང་བོད་ལ་ལོག་རྒྱུའི་འཆར་གཞི་གང་འདྲ་ཡོད་དམ།
ལན། ང་ཚོའི་བདེན་མཐའ་གསལ་ན་ང་བོད་ལ་ལོག་རྒྱུའི་འཆར་གཞི་བརྒྱ་ཆ་བརྒྱ་ཐམ་པ་ཡོད། འོན་ཀྱང་ང་ཚོ་ཚང་མ་ལོག་དགོས་པ་རེད་བསམ་གྱི་མི་འདུག ང་ཚོ་ཕྱི་ལོགས་ལ་ཕེབས་མཁན་ཚོ་བརྒྱ་ཆ་ ༢།༥ མ་གཏོགས་ཡོད་པ་མ་རེད། བརྒྱ་ཆ་ ༩༧།༥ དེ་བོད་ནང་ལ་བཞུགས་ཡོད། དེར་བརྟེན་ངས་ཚང་མ་བོད་ལ་མ་ཕེབས་ན་སྐྱོན་ཡོད་པ་གང་ཡང་མཐོང་གི་མི་འདུག སྤྱིར་བཏང་ང་ཚོ་དབུ་མ་དང་རང་བཙན་གང་གི་ཐོག་ནས་དམིགས་ཡུལ་གྲུབ་ནས་བོད་ལ་ལོག་རྒྱུའི་གོ་སྐབས་བཟང་པོ་ཞིག་སླེབས་ན། ཕྱི་ལོགས་ལའང་སྐུ་ཚབ་དགོས་ཀྱི་རེད། དེང་སང་རྒྱལ་ཁབ་དང་མི་རིགས་གང་འདྲ་ཞིག་ཡིན་ནའང་། རྒྱ་གར་ལྟ་བུའི་མི་ས་ཡ་མང་པོ་ཕྱི་ལོགས་སུ་བཞུགས་ཡོད་པ་རེད། གལ་ཆེ་ཤོས་དེ་གང་དུ་བཞུགས་ཡོད་ནའང་རྒྱལ་ཁབ་དེའི་གཞུང་ནང་ཞབས་ཕྱི་ཞུས། དེ་ནས་མི་རིགས་རྒྱ་གར་ཡིན་པའི་རྐྱེན་གྱིས་རྒྱ་གར་ལ་ཤ་ཞེན་དང་རྒྱབ་སྐྱོར་ཡིན་ནའང་ཆེ་བ་ཡོང་གི་ཡོད་པ་རེད། ང་ཚོ་ཡིན་ནའང་དེ་ལྟར་དགོས་ཀྱི་རེད། ང་ཚོར་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བཞུགས་པའི་ཚོང་པ་དང་། གཞུང་གི་ལས་བྱེད་ཅི་ཙམ་མང་ན། དེའི་ཚོད་ཀྱིས་བོད་དང་བོད་མིར་ཕན་ཐོགས་ཡོང་གི་རེད། གཙོ་བོ་དེ་སོ་སོའི་དགོངས་པ་བཞེས་སྟངས་རེད། འོན་ཀྱང་མང་ཆེ་བ་བོད་ལ་ལོག་གི་རེད་བསམ་གྱི་འདུག་ལ། ཡང་མང་པོ་ཞིག་ཕྱི་ལ་གཞིས་ཆགས་ནས་ཡོད་སྟབས་ག་ཚོད་ཕེབས་ཐུབ་ཀྱི་ཡོད་མེད་བལྟ་རྒྱུ་རེད།
སྐུ་ངོ་ལགས་སྲིད་སྐྱོང་ཆགས་ན། ང་ཚོ་གཞོན་སྐྱེས་ཚོར་དམིགས་བསལ་གྱི་གོ་སྐབས་ག་འདྲ་གནང་རྩིས་ཡོད་དམ།
ལན། ངས་དུས་རྒྱུན་གཞོན་སྐྱེས་ཚོ་གལ་ཆེན་པོ་ཆགས་ཀྱི་ཡོད་སྐོར་བཤད་ཀྱི་ཡོད། ང་ཚོ་རྒན་པ་ཚོས་སྐུ་ལས་བསྐྱོན་ནས་ད་ལྟ་འགན་དེ་གཞོན་པ་ཚོའི་སྒང་ལ་བབས་འདུག དེར་བརྟེན་ང་ཚོས་གཞོན་སྐྱེས་གང་མང་མང་འཁྲིད་ཐབས་དང་འགན་སྤྲོད་རྒྱུ་གལ་ཆེན་པོ་རེད། ངའི་འཆར་གཞིའི་ནང་ལ། དཔེར་ན་ནང་སྲིད་ལས་ཁུངས་ཀྱི་འོག་ལ་དམིགས་བསལ་གཞོན་སྐྱེས་དང་འབྲེལ་བའི་སྡེ་ཚན་གསར་པ་ཞིག་ཕྱེ་རྒྱུ་ཡིན། དེའི་མགོ་འཁྲིད་མཁན་ཡང་ལོ་ ༣༥ མན་གྱི་གཞོན་སྐྱེས་ཤིག་དྲུང་ཆེའི་གནས་རིམ་ཐོག་བསྐོ་རྒྱུ་ཡིན། སྡེ་ཚན་དེས་ང་ཚོའི་སྒྲིག་འཛུགས་ཀྱི་གཞོན་སྐྱེས་དང་འབྲེལ་བའི་ལས་འཆར་གང་འདྲ་ཡོད་ནའང་སྟངས་འཛིན་དང་། འབྲེལ་མཐུད་པ་གནང་རྒྱུ་རེད། དེ་བཞིན་ངའི་བཀའ་ཤག་ནང་ལའང་གཞོན་སྐྱེས་གཉིས་ཙམ་ཕེབས་ཐུབ་རྒྱུ་གལ་ཆེན་པོ་རེད་འདུག དེང་སང་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ལ་ཡོད་པའི་ང་ཚོའི་གཞོན་སྐྱེས་མང་པོ་ལ་དེང་དུས་ཀྱི་ཤེས་ཡོན་དང་། སེམས་ཤུགས། ལྷག་བསམ། འཇོན་ཐང་ཡོད་པ་ཞིག་ལ་མཐོང་གི་འདུག ང་ཚོས་ཁོང་ཚོ་ལ་འགན་སྤྲད་ནས་གོ་སྐབས་ཤིག་འབུལ་དགོས་ཀྱི་རེད་བསམ་གྱི་འདུག དེ་བཞིན་སྐུ་ཚབ་དོན་གཅོད་ཁག་ཏུ་ད་ལྟའི་ཆར་གཞོན་པ་གཅིག་རྐྱང་མེད་སྟབས། དེར་ཡང་གཞོན་པ་ཁ་ཤས་བསྐོ་དགོས་ཀྱི་འདུག གཞན་ཡང་ས་གནས་མགོ་འཛིན་སོགས་བོད་མིའི་སྒྲིག་འཛུགས་ཀྱི་གནས་རིམ་ཆ་ཚང་ནང་གཞོན་སྐྱེས་ཏོག་ཙམ་དགོས་ཀྱི་འདུག
དེ་བཞིན་ད་ལྟའི་བཀའ་ཤག་གི་གཞོན་སྐྱེས་དང་འབྲེལ་བའི་ལས་གཞི་ཚང་མ་མུ་མཐུད་ནས་མཇུག་སྐྱོང་གི་ཡིན། དམིགས་བསལ་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཀྱི་ལས་གཞི་དང་། དེ་བཞིན་དྭང་བླངས་ཞབས་ཞུའི་ལས་གཞི་དེ་རྒྱ་ཆེ་རུ་གཏང་རྒྱུ་ཡིན། ངའི་ཐོག་ནས་ལོ་ལྟར་དབྱར་ཀའི་ཟླ་བ་གཉིས་རིང་གཞོན་སྐྱེས་ཁྲོད་མགོ་འཁྲིད་སྐྱེད་སྲིང་གི་ལས་གཞི་ཡག་པོ་ཞིག་སྤེལ་རྒྱུའི་འཆར་གཞི་ཡོད། དེའི་ནང་རྒྱ་བལ་ནས་གཞོན་སྐྱེས་ ༢༥ དང་། ཕྱི་རྒྱལ་ནས་ ༢༥ བཅས་གཞོན་སྐྱེས་ ༥༠ ལ་ང་ཚོས་ཟླ་བ་གཉིས་རིང་རྒྱལ་སྤྱིའི་ཚད་ལྡན་གྱི་ཟབ་སྦྱོང་འབུལ་རྒྱུ་ཡིན། ང་ཚོས་ལོ་ལྟར་གཞོན་སྐྱེས་ ༥༠ གསོ་སྐྱོང་བྱེད་ཐུབ་ན། དེའི་ནང་གི་བརྒྱ་ཆ་ཉི་ཤུ་སུམ་ཅུས་སྤྱི་ཚོགས་དང་བོད་མིའི་སྒྲིག་འཛུགས་ནང་ཞབས་ཕྱི་ཞུས་ན། མ་འོངས་པར་མགོ་འཁྲིད་གསར་པ་མང་པོ་ཞིག་འདི་ནས་ཐོན་གྱི་རེད། དེ་བཞིན་གཞོན་སྐྱེས་འབུམ་རམས་པ་རྣམས་ཀྱིས་ཉམས་ཞིབ་གང་མང་མང་བྱ་ཐུབ་ཆེད་ང་ཚོའི་ངོས་ནས་སློབ་ཡོན་གྱི་ཐོག་ནས་རོགས་རམ་བྱ་རྒྱུ་ཡིན། དེ་བཞིན་སློབ་གྲྭ་ཁག་ནང་མདུན་ལམ་སློབ་སྟོན་པ་མང་ཙམ་སྐོ་ཐབས་དང་། གཞན་ཡང་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་གསར་པའི་ནང་འཛིན་གྲྭ་ ༦ པ་ནས་ལག་ཤེས་བསླབ་རྒྱུ་བཟོས་ཡོད་སྟབས། ང་ཚོས་ཀྱང་སློབ་གྲྭ་ཁག་ནང་དེ་ལྟར་གནང་དགོས་ཀྱི་རེད། ད་ལྟའི་ཆར་ང་ཚོས་སློབ་གྲྭའི་ནང་ལག་ཤེས་ཟེར་དུས་དུས་རྒྱུན་སློབ་སྦྱོང་ཞན་པའི་སློབ་ཕྲུག་ཚོ་ཕེབས་སའི་ལམ་ཁ་ལྟ་བུར་རྩི་ཡི་ཡོད་ཀྱང་། ངས་དེ་ལྟར་མ་རེད་བསམ་གྱི་འདུག ལག་ཤེས་དེ་ང་ཚོས་སློབ་ཚན་གཞན་དང་མཉམ་དུ་བསླབ་དགོས་ཀྱི་རེད། དེ་ལྟར་བྱས་ན་སློབ་མ་ཚོ་འཛིན་རིམ་བཅུ་གཉིས་ཐོན་རྗེས་རྒྱ་གར་དང་ཕྱི་རྒྱལ་གང་དུ་ཡོད་ནའང་ལས་ཀ་རག་རྒྱུ་དང་འཚོ་བ་བསྐྱལ་རྒྱུར་ཕན་ཐོགས་ཀྱི་རེད། གང་ལྟར་གཞོན་སྐྱེས་དང་འབྲེལ་བའི་འཆར་གཞི་མང་པོ་ཡོད།
ང་ཚོ་གཞིས་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་དེ་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། གཞིས་བྱེས་བོད་མི་མཉམ་འཛོམས་བྱ་རྒྱུ་དེ་ཡིན་སྟབས། སྐུ་ངོ་མཆོག་མ་འོངས་པར་སྲིད་སྐྱོང་ཆགས་ན། མངོན་འདོད་དེ་འགྲུབ་པར་མང་ཚོགས་ནས་ག་རེ་གནང་དགོས་པར་ངོས་འཛིན་གནང་གི་ཡོད་པ་དང་། སྐུ་ངོ་མཆོག་ནས་ག་རེ་གནང་རྒྱུ་ཡིན་ནམ།
ལན། ང་ཚོས་དང་པོ་སོ་སོར་དྲི་བ་གཉིས་འདྲི་དགོས་ཀྱི་རེད། ང་ཚོ་ད་དུང་ལོ་ངོ་ ༥༠ སྐྱབས་བཅོལ་བྱས་ནས་བསྡད་རྒྱུ་ཡིན་ནམ། ཡང་ན་འཐབ་རྩོད་ཀྱི་ལམ་དུ་འགྲོ་ཡི་ཡིན་ཞེས་པ་དེ་རེད། ངས་སེམས་འཚབ་བྱེད་ས་དེ་ང་ཚོ་བཙན་བྱོལ་དུ་ལོ་ ༦༡ ལྷག་པ་རེད། དེ་ལྟར་ལྷག་པའི་རྐྱེན་གྱིས་ང་ཚོའི་སེམས་ནང་སྐྱབས་བཅོལ་བ་ཞིག་ལས་འཐབ་རྩོད་པ་ཞིག་ཡིན་པའི་བསམ་བློ་དེ་ཆུང་དུ་འགྲོ་ཡི་ཡོད་པ་རེད། ད་ལྟ་ང་ཚོས་གནས་སྟངས་དེར་འགྱུར་བ་གཏོང་དགོས་ཀྱི་རེད། ང་ཚོའི་མི་ཐོག་རྒན་པའི་སྐབས་ཀྱི་སེམས་ཤུགས་དེ་བསྐྱར་གསོ་བྱེད་མ་ཐུབ་ན། ང་ཚོ་སྐྱབས་བཅོལ་པ་རང་ཆགས་ནས་ལྷག་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་ང་ཚོས་མཐོ་ས་སྲིད་སྐྱོང་ནས་གཤམ་འོག་ལས་བྱེད་དང་མི་མང་ནང་ང་ཚོའི་ངོ་བོ་དེ་འཐབ་རྩོད་པ་ཡིན་པ་དང་། འཐབ་རྩོད་ཐོག་སེམས་ཤུགས་དང་སྙིང་སྟོབས་སླེབས་ཐུབ་པ་བཟོ་དགོས། དེ་བཞིན་ང་ཚོའི་སྒྲིག་འཛུགས་ཀྱི་ངོ་བོ་ཡང་འཐབ་རྩོད་ཐོག་ཕྱིན་ནས་ང་ཚོས་ལས་ཀ་བྱེད་སྟངས་དང་འགྲོ་སོང་། འབྲེལ་བ་འཇོག་སྟངས་སོགས་འཛིན་སྐྱོང་ཉུང་ཙམ་དང་འཐབ་རྩོད་མང་ཙམ་བྱ་དགོས། ང་ལ་དེ་ལྟར་འཁྲིད་རྒྱུའི་འདོད་པ་ཤུགས་ཆེན་པོ་ཡོད། ང་ཚོས་དེར་འགྱུར་བ་མ་བཏང་ཚེ། སྒྲིག་འཛུགས་དེ་བཙན་བྱོལ་བོད་མིའི་བདེ་སྡུག་ལྟ་མཁན་གྱི་སྒྲིག་འཛུགས་ལྟ་བུ་ཞིག་ཆགས་རྒྱུ་རེད། དཔེར་ན་ངས་ལོ་ ༣ རིང་སྐུ་ཚབ་དོན་གཅོད་བྱས་པའི་ཉམས་མྱོང་ཐོག་ནས་ཞུས་ན། ང་ཚོར་ཕྱི་རྒྱལ་ཁག་ཏུ་དོན་གཅོད་ ༡༣ ཡོད་པ་རྣམས་ཀྱི་དུས་ཚོད་མང་ཆེ་བ་ས་གནས་ཀྱི་མཛད་སྒོ་ལ་བཅར་རྒྱུ་དང་། མི་མང་གི་དཀའ་ངལ་སེལ་ཐབས་སོགས་ལ་འགྲོ་ཡི་ཡོད་པ་རེད། དོན་དངོས་ཐོག་ས་གནས་རྒྱལ་ཁབ་ཀྱི་གཞུང་དང་འབྲེལ་བ་བྱ་རྒྱུ་སོགས་གལ་ཆེ་བ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་མཚམས་རེར་ང་ཚོའི་ཁ་ཕྱོགས་དེ་ནོར་གྱི་མེད་དམ་བསམ་པ་བྱུང་གི་འདུག ང་ཚོ་ལོ་མང་པོར་བཙན་བྱོལ་ཆགས་པའི་རྐྱེན་གྱིས་སྐྱབས་བཅོལ་བའི་བདེ་སྡུག་རང་གི་ཐོག་ལ་འགྲོ་ཡི་འདུག དེའི་ཐོག་ང་ཚོས་དགོངས་པ་གསར་པ་ཞིག་བཞེས་ནས་འགྱུར་བ་གཏང་དགོས་ཀྱི་འདུག
དེ་ནས་ང་ཚོའི་རེ་བ་བཅོལ་ས་ཡོད་ན་མེད་ན་དེ་རྒྱ་གར་གཞུང་རེད། དེར་བརྟེན་ང་ཚོས་བསམ་བློ་དང་སྲིད་བྱུས་གསར་བའི་ཐོག་ནས་ཤུགས་བརྒྱབ་དགོས་ཀྱི་འདུག སྤྱིར་བཏང་ཨ་རི་དང་ཡུ་རོབ་གལ་ཆེན་པོ་རེད་དེ། རྒྱུ་མཚན་མང་པོའི་ཐོག་ནས་རྒྱ་གར་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ད་ལན་ངས་རྒྱ་གར་འདི་གོ་སྐབས་གསར་པ་ཞིག་ལ་མཐོང་གི་འདུག ད་ལྟ་རྒྱ་དཀར་ནག་གི་འབྲེལ་བ་དཀའ་ངལ་ནང་ཡོད་པ་རེད། ང་ཚོས་གོ་སྐབས་འདི་བཟུང་ནས་རྒྱ་གར་གཞུང་གིས་བོད་དང་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་ཏོག་ཙམ་འགྱུར་བ་གཏང་ཐུབ་ན་བསམ་གྱི་འདུག དེའི་ཐོག་ངས་དམིགས་བསལ་ཤུགས་བརྒྱབ་ས་ཁག་ཅིག་ཡོད། དང་པོ་དེ་ང་ཚོས་ཟླ་བ་ ༦ ཙམ་རིང་རྒྱ་གར་གྱི་མི་མང་ཁྲོད་༧རྒྱལ་བ་རིན་པོ་ཆེ་དང་། བོད་དོན། རྒྱ་ནག་བཅས་ལ་གཟིགས་སྟངས་གང་འདྲ་ཡོད་མེད་དང་། བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་གང་འདྲ་ཡོད་མེད་ཐོག་ལ་ཉམས་ཞིབ་ཡག་པོ་བྱས་ཏེ། དེ་གཞིར་བཟུང་སྲིད་བྱུས་གསར་པ་ཞིག་གདིང་ནས་ལས་འཆར་གྱི་ཐོག་ཕབ་དགོས་ཀྱི་ཡོད་པ་རེད། གཉིས་པ་དེ་ང་ཚོས་ཨ་རི་ལྟར་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ནང་དུ་བོད་དོན་ཐོག་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་གནང་དགོས་པའི་འབོད་སྐུལ་ཞུས་ཏེ། ལས་ཁུངས་དེ་བརྒྱུད་ནས་ཤེས་རིག་དང་ནང་སྲིད་སོགས་གནད་དོན་ཆ་ཚང་ཐོག་འབྲེལ་མཐུད་བྱ་རྒྱུ་རེད། དེ་ངས་ཕལ་ཆེར་ཞུ་ས་ཡོད་བསམ་གྱི་འདུག དེ་བཞིན་ང་ཚོས་བོད་རྒྱ་འབྲེལ་མོལ་དེ་བསྐྱར་གསོ་བྱས་ཏེ་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཐུབ་རྒྱུར་ཤུགས་བརྒྱག་དགོས་པ་རེད། ང་རང་ངོས་ནས་ཤུགས་བརྒྱག་རྒྱུའི་གྲ་སྒྲིག་དང་འཆར་གཞི་ཡོད་ཞུ་རྒྱུ་ཡིན།
སྐུ་ངོ་མཆོག་སྲིད་སྐྱོང་ཐོབ་པ་ཡིན་ན། གཞོན་སྐྱེས་མང་པོ་ཞིག་ཕྱི་ལོགས་ལ་འགྲོ་ཡི་འདུག དེར་བརྟེན་སྐུ་ངོ་ལགས་ལ་གཞིས་ཆགས་སྲ་བརྟན་གྱི་ཐད་འཆར་གཞི་གང་ཡོད་དམ།
ལན། ད་ལྟ་བཙན་བྱོལ་ནང་འགྱུར་བ་ཆེ་ཤོས་དེ་མང་པོ་ཞིག་ཕྱིའི་རྒྱལ་ཁབ་ལ་གནས་སྤོ་བྱེད་བཞིན་པ་དེ་རེད། མང་པོ་ཞིག་ནང་མི་ཟླ་སྒྲིལ་དང་རང་གི་འཚོ་བ་ཡར་རྒྱས་གཏོང་ཆེད་ཕེབས་ཀྱི་ཡོད་པ་རེད། ནང་མི་ཟླ་སྒྲིལ་ཐད་ང་ཚོས་བཀག་ཐུབ་རྒྱུ་ཁག་པོ་རེད་བསམ་གྱི་ཡོད། འོན་ཀྱང་འཚོ་བ་ཡར་རྒྱས་ལ་དམིགས་ནས་ཕེབས་མཁན་ཚོར་ཕལ་ཆེར་ཐབས་ལམ་ཞིག་ཡོད་པ་རེད། ངས་བོད་མིའི་སྒྲིག་འཛུགས་ངོས་ནས་གཞིས་ཆགས་ནང་འཆར་གཞི་འདིང་སྟངས་དང་ལས་འཆར་ལག་བསྟར་བྱེད་ཕྱོགས་ཐད་འགྱུར་བ་ཆེན་པོ་གཏོང་དགོས་ཀྱི་འདུག ང་ཚོས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་རྒྱ་གར་ནང་སྤེལ་བའི་འཛུགས་སྐྲུན་གྱི་ལས་གཞི་མང་ཆེ་བ་ཁེ་མེད་ཀྱི་ལས་གཞི་རེད་འདུག ཧ་ལམ་མི་མང་ལ་སྐལ་བ་དང་ཐོབ་ཐང་སྤྲོད་རྒྱུའི་ལས་གཞི་རྐྱང་རེད་འདུག དེར་ང་ཚོས་འགྱུར་བ་གཏོང་དགོས་ཀྱི་འདུག ང་ཚོས་ཁེ་མེད་ཀྱི་ལས་གཞི་གང་མང་མང་ཞིག་ཁེ་ཡོད་ཀྱི་ལས་གཞིའི་ནང་བསྒྱུར་དགོས་ཀྱི་འདུག ང་ཚོས་རྒྱ་གར་གྱི་ཁྲིམས་གཞིར་བཟུང་བྱ་ཐུབ་རྒྱུའི་གནས་སྟངས་རེད་འདུག དེ་བཞིན་ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་གཞུང་གིས་གཞིས་ཆགས་ནང་སྲིད་བྱུས་གསར་པ་ཞིག་གཏན་འབེབ་བྱས་པ་དེ་གཞིར་བཟུང་ཡིན་ནའང་། ང་ཚོར་གུ་ཡངས་གང་ལ་གང་འཚམ་གནང་ཡོད་པ་རེད། དེ་ང་ཚོས་བེད་སྤྱོད་གཏོང་དགོས་ཀྱི་འདུག
དམིགས་བསལ་ཞིང་ལས་དང་འབྲེལ་ནས། ད་ལྟ་གཞིས་ཆགས་ནང་ས་ཆ་མང་པོ་ཞིག་སྟོང་པ་ལྷག་བསྡད་ཡོད། དེ་ཡང་སྒེར་གྱི་ཐོག་ནས་ནང་མི་ཉུང་དྲགས་པའི་རྐྱེན་གྱིས་ཞིང་པ་ཉུང་དུ་འགྲོ་བཞིན་ཡོད་ལ། ད་ཡོད་ཞིང་པ་རྣམས་ཀྱིས་སྔར་གྱི་ཞིང་ལས་གནང་བ་ཙམ་ལས་ཆེ་ས་ནས་བསམ་བློ་གསར་པ་མེད་པའི་བཟོ་ལྟ་བུ་རེད་འདུག དེར་བརྟེན་ང་ཚོས་མི་ཚང་རེ་རེས་ཨེ་ཀར་གཉིས་གསུམ་ནང་ཞིང་ལས་གཉེར་རྒྱུའི་ཚབ་ཏུ། ང་ཚོས་མཉམ་དུ་རུག་རུག་བྱས་ཏེ། དུས་ཚོད་གཏོང་མི་ཐུབ་མཁན་ཚོས་ས་ཆ་བོགས་མར་གཏོང་བ་དང་། དུས་ཚོད་གཏོང་ཐུབ་མཁན་ཚོས་དུས་ཚོད་བཏང་བའི་ཐོག བཙན་བྱོལ་དང་ཕྱི་རྒྱལ་ལ་ཡོད་པའི་བོད་མི་ཚོས་མ་རྩ་བླུགས་ནས་ས་ཆ་ཨེ་ཀར་བཞི་བརྒྱ་ལྷག་ནང་ industrial farming (བཟོ་སྐྲུན་ཞིང་ལས་) བྱེད་དགོས་ཀྱི་རེད། ཞིང་ཁའི་ནང་སྟོན་ཐོག་ག་རེ་བཏབས་ནའང་ཚོང་འགྲེམ་རང་གི་ཆེད་དུ་བྱ་དགོས་ཀྱི་རེད་བསམ་གྱི་འདུག ང་ཚོ་བོད་པའི་ནང་གཅིག་གིས་བྱེད་ཀྱི་འདུག་ཟེར་ནས་དེའི་ནང་མང་པོ་ཞུགས་མཁན་ཡོད་སྟབས། ཁ་ཤས་ཤིག་གིས་དཔེ་མཚོན་ཡག་པོ་བསྟན་ན་དེའི་མཇུག་ལ་འགྲོ་མཁན་མང་པོ་ཡོང་གི་རེད།
དེ་བཞིན་གོང་དུ་དྲི་བའི་ནང་ང་ཚོའི་སྐད་ཡིག་དང་རིག་གཞུང་ཇི་ལྟར་དར་འཕེལ་གཏོང་རྒྱུའི་སྐོར་སླེབས་པ་ལྟར། དར་འཕེལ་གཏོང་བར་དངུལ་གྱི་ཡོང་འབབ་བཟོ་དགོས་ཀྱི་རེད། དེར་བརྟེན་དེང་སྐབས་རྒྱ་གར་ནང་དཔལ་འབྱོར་ཐོག་དཀའ་ངལ་མེད་པའི་འབྱོར་འབྲིང་མི་མང་མང་པོ་ཞིག་བོད་པའི་གཞིས་ཆགས་ཁག་ལ་འཁོར་གྱི་ཡོད་ནའང་། ས་ཆ་ཆེ་ཆུང་ལ་དཔག་པའི་ཡུལ་སྐོར་བ་ཚོར་བལྟ་རྒྱུ་དང་བྱ་རྒྱུ་དེ་ཙམ་ཡོད་པ་མ་རེད། དེར་བརྟེན་ང་ཚོས་དྷ་རམ་ས་ལ་གཙོས་གཞིས་ཆགས་ཁག་ནང་ཡུལ་སྐོར་བ་ཚོར་ང་ཚོའི་སྨན་དང་སྒྱུ་རྩལ་སོགས་བསྟན་པའི་ཐོག་ཁེ་ཡོད་ཀྱི་ལས་འཆར་གང་མང་སྤེལ་ཏེ་དངུལ་འབབ་རྒྱུ་ཡོད་པ་བྱུང་ན། གཞོན་སྐྱེས་ཚོའི་བསམ་བློའི་ནང་ཕྱི་རྒྱལ་དུ་འགྲོ་བ་ལས་རྒྱ་གར་ནང་བསྡད་ན། གོ་སྐབས་ཡག་པོ་ཡོད་པ་ཤེས་རྒྱུ་རེད་བསམ་གྱི་འདུག གང་ལྟར་ང་ཚོས་གཞིས་ཆགས་ནང་ལས་གཞི་སྤེལ་སྟངས་ཐད་རྦད་དེ་འགྱུར་བ་གཏོང་དགོས་ཀྱི་འདུག ང་ཚོས་གཞིས་ཆགས་ཁག་ནང་ཚོང་པ་ཆེན་པོ་དང་མཉམ་འབྲེལ་གྱིས་ལས་གཞི་ཆུང་ཆུང་མ་ཡིན་པར་ཆེན་པོ་སྤེལ་དགོས་ཀྱི་འདུག
བོད་ཀྱི་དུས་བབ་གསར་འགོད་པ་ཀླུ་མགོན་ཐར་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༨ ཉིན་བཅར་འདྲི་བྱས།