མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་དམངས་གཙོའི་ཀ་བ་ཐང་ལ་བསྒྱེལ་བ།

བོད་ཀྱི་དུས་བབ།
༢༠༢༡/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

ལ་མོ་ཚུལ་ཁྲིམས།

བདུན་ཕྲག་སྔོན་མའི་ནང་སྤྱི་འཐུས་ལྷན་ཚོགས་འགོ་བཙུགས་པ་ནས་བཟུང་ཟང་ཟིང་གི་རྣམ་པ་ཞིག་རང་བཞིན་གྱིས་མངོན་བྱུང་། གནས་ཆུང་ཆོས་རྒྱལ་ཆེན་པོས་ཀྱང་། ཕྱོགས་ཁག་ཕྱོགས་རིས་མི་མཛད་ཅིང་། ཞེས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གནང་དགོས་པའི་བཀའ་ལུང་ཞིག་བསྩལ་བྱུང་། ཏག་ཏག་ཉིན་དེ་ནས་སྤྱི་འཐུས་ཚོགས་རྭའི་ནང་སྤྱི་འཐུས་ཁ་ཤས་ནས་ཟིང་ལངས་འགོ་ཚུགས་སོང་། དེ་ཡང་ཐོག་མར་མི་སྒེར་བ་ཞིག་གི་སྒང་ལ་རྒྱུགས་སོང་། སྤྱི་འཐུས་བུད་མེད་ཅིག་གི་གདོང་ལ་ཁ་གཏད་དེ། བོད་རྒྱལ་ལོ། བོད་རྒྱལ་ལོ་ཞེས་སྡང་ཟུག་དང་བཅས་ཏེ་བསྡིགས་ར་བསྐུལ་སོང་། གྲྭ་བ་དང་། སྐྱེས་པ་ཁ་ཤས་ཤིག་གིས་གཅིག་མཇུག་གཉིས་མཐུད་ཀྱིས་དེ་ལྟར་བྱས་སོང་། བོད་རྒྱལ་ལོ་ནི་རྒྱ་མིའི་གདོང་ལ་ཕར་ཕྱོགས་ནས་སྒྲོགས་རྒྱུ་ཞིག་ལས། བོད་པའི་ནང་ཁུལ་ལ་དེ་ལྟར་བྱེད་དོན་གང་ཡིན་ནམ། ༧གོང་ས་མཆོག་གི་སྐུ་པར་གྱི་མདུན་དུ་སྐྱེས་པ་ཚོས་བུད་མེད་ཅིག་ལ་འདི་ལྟར་ཐུབ་ཚོད་བྱེད་བཞིན་པ་འདི་ལ། བོད་པ་སུས་བལྟས་ཀྱང་བཟོད་ཐབས་མེད་པ་ཞིག་ཡིན། བོད་ནང་དུ་བོད་པ་སུ་ཞིག་ལ་རྒྱ་མིས་བརྙས་བཅོས་བྱེད་སྐབས་བོད་པ་ཚོ་མཉམ་རུབ་བྱས་ཏེ། རྒྱ་མི་ལ་འགོག་རྒོལ་བྱེད་པ་ཡིན། སྐྱེས་པ་ཞིག་གིས་སྐྱེས་དམན་ཞིག་ལ་བརྙས་བཅོས་བྱས་ནའང། སྐྱེས་པ་ཚོས་བུད་མེད་དེ་ལ་རོགས་རམ་བྱེད་པ་ཡིན། གནས་སྟངས་དེ་ད་ལྟའང་བོད་པའི་སྤྱི་ཚོགས་ནང་མ་ཉམས་པར་ཡོད། རེད་དེ། གྲོས་ཚོགས་རྭ་བའི་ནང་། སྤྱི་འཐུས་ཚོས་བུད་མེད་སྤྱི་འཐུས་དེར་རོགས་སྐྱོར་བྱེད་མཁན་བྱུང་མ་སོང་།

ཕྱི་ཉིན་དེར། ཁོང་ཚོས་མི་སྒེར་ལ་བྱེད་པའི་སྡང་ཟུག་དེ་བོད་མིའི་སྒྲིགས་འཛུགས་ཀྱི་སྒང་ལ་མཆོང་སོང་། དེ་ཡང་ན་ནིང་ལོར་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་བསྐོང་མ་ཐུབ་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཞིག་ལ། ཆེས་མཐོ་ཁྲིམས་ཞིབ་ཁང་གིས་ཁྲིམས་ཀྱིས་ངོས་བཞེས་གནང་བར། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས་ཁྲིམས་ཁང་དུ་བཅར་ཏེ། ཁྲིམས་ཞིབ་པ་རྣམས་ལ་འཇིགས་སྐུལ་བྱས་ཤིང་། ཁ་སང་སྤྱི་ཟླ་ ༣ པའི་ཚེས་ ༢༦ ཉིན། སྤྱི་འཐུས་ཀྱིས་གྲོས་ཆོད་ཅིག་བཞག་སྟེ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། ཁྲིམས་དཔོན་གཞན་ཀརྨ་དགྲ་འདུལ་ལགས་དང་། ཁྲིམས་དཔོན་གཞན་བསྟན་འཛིན་ལུང་རྟོགས་བཅས་ལ་ཁྲིམས་ཀྱི་གཞི་འཛིན་ས་གང་ཡང་མེད་པར། དགོས། མི་དགོས་ཞེས་པའི་གསང་བའི་འོས་ཤོག་གཅིག་གི་ཐོག་ནས། ཁྲོམ་གཞུང་གི་ཞོག་ཁོག་གདམ་གསེས་བྱེད་པ་བཞིན་གནས་དབྱུང་བཏང་ཡོད་པ་རེད། དངོས་གནས་བྱས་ན། འཕོ་འགྱུར་བྱེད་པའི་ཁྲིམས་ཀྱི་བརྒྱུད་རིམ་ངེས་ཅན་ཞིག་ due process མ་བརྒྱུད་པར་ཁྲིམས་དཔོན་ཚོ་དེ་ལྟར་འཕོ་འགྱུར་གཏོང་སྲོལ་མེད་པ་དང་། ཁྲིམས་དཔོན་ཚོས་ཀྱང་དེ་ལྟར་ལས་བཤོལ་བྱེད་དགོས་དོན་ཡོད་པ་མ་རེད།

ད་ལྟ་བོད་མིའི་སྒྲིགས་འཛུགས་ནི་ཁྲིམས་མེད་ལུགས་མེད་དུ་གྱུར་ནས་ཡོད། འདི་ནི་དངོས་གནས་བཤད་ན། སྤྱི་འཐུས་ཁག་ཅིག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་བཀུར་མི་བྱེད་ཅིང་། དམངས་གཙོའི་ལྟ་གྲུབ་ཀྱི་སྒྲོམ་གཞི་ལ་ཁྱད་གསོད། རང་ཉིད་སྒེར་གྱི་ཤ་འཁོན་ཡིད་ལ་བཅངས་ཏེ་ཆེས་མཐོ་ཁྲིམས་ཞིབ་ཁང་ལ་དགྲ་ཤ་ལེན་པའི་བྱས་ཉེས་ཞིག་ལས་གཞན་ཅི་ཡང་མིན་ཞིང་། གནས་སྟངས་འདིས་བཙན་བྱོལ་བོད་མིའི་དམངས་གཙོའི་ཀ་བ་གཅིག་རྦད་དེ་ཐང་ལ་བསྒྱེལ།

ཆེས་མཐོ་མཐོ་ཁྲིམས་ཞིབ་ཁང་ནི་གོང་ན་མེད་པ་དེ་ཡིན།

ཁྲིམས་ཞིབ་ཁང་ནི་ཁྲིམས་ཁང་རང་རེད། བཙན་བྱོལ་སྤྱི་ཚོགས་ཁྲོད་བྱུང་བའི་ཁྲིམས་ཀྱི་ལས་དོན་མཐའ་དག་ཁྲིམས་ཞིབ་ཁང་ལ་ཐོབ་དབང་ཡོད། དེ་བཞིན་དུ་བཅའ་ཁྲིམས་ཀྱི་ནང་དུའང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན། ཞེས་ཆེས་མཐོ་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མིའི་ཞུ་གཏུག་བྱེད་ས་དང་། ཁྲིམས་ལུགས་སྟངས་འཛིན་བྱེད་མཁན་གོང་ན་མེད་པ་དེ་ཡིན་པ་གསལ་བོར་འཁོད་ཡོད་པས། ཐེངས་འདིར་བྱུང་བའི་སྤྱི་འཐུས་དང་ཁྲིམས་ཞིབ་ཁང་གི་རྩོད་གླེང་འདི་ཡང་། དངོས་གནས་བཤད་ན། སྲིད་འཛིན་ལས་ཁུངས་ཀྱི་ཁྲིམས་དབང་ཁྱབ་ཚད་ལ་ཐུག་ཡོད་པས། ཁྲིམས་དབང་གི་ཁྱབ་ཚད་འདི་ལ་ཆེས་མཐོ་ཁྲིམས་ཞིབ་ཁང་ལས་གཞན་སུ་ཞིག་གིས་ཀྱང་ཇུས་གཏོགས་བྱེད་ས་ཡོད་པ་མ་རེད།

དེ་བཞིན་དུ། ཁྲིམས་ཞིབ་ཁང་དུ་ཁྲིམས་ཀྱི་རྩོད་གཞི་གང་ཞིག་ཐག་གཅོད་བྱེད་པ་ལ། ཁྲིམས་ཆོད་གང་ཞིག་ཡིན་ཀྱང་དེ་ཉིད་ངེས་པར་དུ་ཁྲིམས་ཁང་དུ་ཞུ་གཏུག་བྱེད་མ་དགོས་པར་ཐག་གཅོད་བྱེད་ཆོག ཨ་རི་ལ་མཚོན་ནའང་དམངས་ཁྲིམས་ཀྱི་ཁྲིམས་རྩོད་བརྒྱ་ཆ་བརྒྱད་ཅུ་ཙམ་ཞིག་ཁྲིམས་ཁང་ལ་ཞུ་གཏུག་བྱེད་མ་དགོས་པ་ཐག་གཅོད་བྱེད་བཞིན་ཡོད། ཐེངས་འདིར་བྱུང་བའི་རྩོད་གླེང་འདིའང་སྤྱི་འཐུས་ལྷན་ཚོགས་དང་། ཁྲིམས་ཞིབ་ཁང་གཉིས་བར་དུ་བྱུང་བའི་སྲིད་འཛིན་ཁྲིམས་ལུགས་ཁྱབ་ཚད་ཀྱི་རྩོད་གླེང་ཞིག་ཏུ་གྲུབ་ཡོད་ཙང་། ཁྲིམས་ཞིབ་ཁང་གིས་ཁྲིམས་ཀྱིས་ངོས་བཞེས་གནང་བ་ནི་དོན་ལ་གནས་པ་ཞིག་ཡིན་ལ། ཁྲིམས་ཞིབ་ཁང་ལ་དེ་ལྟར་བྱེད་ཆོག་པའི་དབང་ཚད་ཀྱང་ཡོད། བོད་མི་དམངས་སྤྱི་དམངས་གཏུག་བཤེར་ཡིག་ཆ། དོན་ཚན་རེ་དགུ་པའི་ནང་།གཞི་རྩའི་ཐོབ་ཐང་ལག་བསྟར་ཡོང་བའི་བདེ་སྙན། (ཏ) ཁྲིམས་ཀྱིས་ངོས་བཞེས། ཁྲིམས་ཞིབ་ཁང་ནས་བོད་ཀྱི་ཡུལ་མི་སུ་རུང་གི་གཞི་རྩའི་ཐོབ་ཐང་ངམ། ཁྲིམས་ཀྱི་ཐོབ་ཐང་གང་རུང་ལ་གནོད་འགལ་བྱུང་བའམ། སྤྱི་པའི་ཁེ་ཕན་ལ་གནོད་འགལ་བྱུང་བ་ཞིག་ཤེས་ཚོར་བྱུང་ཚེ། བྱ་རིམ་གཞན་ལ་བསྟུན་མ་དགོས་པར་ཁྲིམས་ཀྱིས་ངོས་བཞེས་བརྒྱུད།རྩོད་ལན་པར་བརྡ་ཐོ་བཏང་སྟེ་ཁྲིམས་ཞིབ་ཐག་གཅོད་བྱས་ཆོག་ཞེས་གསལ་བོར་འཁོད་ཡོད།

མ་གཞི་ནས། ཁྲིམས་ཀྱི་ངོས་བཞེས་ཞེས་པ་ནི་ Judiciary review ཞེས་འབོད་པ་དང་། ཁྲིམས་ཀྱི་ངོས་བཞེས་འདིས་སྲིད་འཛིན་ལས་ཁུངས་ཁག་གི་ཁྲིམས་ཀྱི་ཁྱབ་ཚད་ལ་དབྱེ་འབྱེད་དང་། སྒྲིགས་འཛུགས་བར་གྱི་ཁྲིམས་ཀྱི་ཁྱབ་ཚད་ཅི་བྱུང་ལ་ཁྲིམས་ཀྱིས་ངོས་བཞེས་གནང་བ་ནི་ཁྲིམས་ཀྱི་ངོས་བཞེས་ཀྱི་ནུས་པ་ཆེས་ཤོས་དེ་ཡིན། ཨ་རི་ལ་མཚོན་ནའང་སྲིད་འཛིན་ལས་ཁུངས་ཁག་གི་བར་དུ་ཁྲིམས་ཀྱི་ཁྱབ་ཚད་སྐོར་གྱི་རྩོད་གླེང་བྱུང་སྐབས། ཨ་རི་ལ་དུས་རབས་བཅོ་བརྒྱད་ནང་བྱུང་བའི་སྐད་གྲགས་ཆེ་བོའི་གྱོད་དོན་ཞིག་ལུང་འདྲེན་བྱེད་སྲོལ་ཡོདMarbury v. Madison གྱོད་དོན་འདི་ནི་གྲོས་ཚོགས་དང་ཆེས་མཐོ་ཁྲིམས་ཁང་གཉིས་བར་ལ་བྱུང་བའི་ཁྲིམས་ཀྱི་ཁྱབ་ཚད་སྐོར་གྱི་རྩོད་གླེང་ཞིག་ཡིན། ཨ་རིའི་ནང་ཁྲིམས་ཀྱི་ཁྱབ་ཚད་སྐོར་གྱི་རྩོད་གླེང་རེ་བྱུང་སྐབས་ད་དུང་ཡང་གྱོད་དོན་འདི་ལུང་འདྲེན་བྱེད་པ་ཡིན། རྩོད་གླེང་འདིའི་སྐབས་སུ་ཨ་རིའི་ཁྲིམས་དཔོན་མཱ་ཞོར་ལགས་ཀྱིས་གཏམ་འདི་འདྲ་ཞིག་བཤད་མྱོང་ཡོད།

It is emphatically the province and duty of the judicial department to say what the law is. Those who apply the rule to particular cases, must of necessity expound and interpret that rule. If two laws conflict with each other, the courts must decide on the operation of each

ནན་ཏན་གྱིས་གསལ་བོར་བཤད་ན། ཁྲིམས་ལུགས་གང་ཞིག་ཁྲིམས་ཞིབ་ཁང་གི་དབང་ཚད་ཡིན་མིན་ལ་ཐག་གཅོད་བྱེད་སྐབས། མི་མང་གིས་གསལ་བོར་ཤེས་དགོས་པ་ཞིག་ནི། ཁྲིམས་ལུགས་སྒྲིག་གཞིག་དང་། གྱོད་དོན་དང་རྩོད་གླེང་གང་ཡིན་ཡང་། དེ་དག་ཐག་གཅོད་བྱེད་སྐབས། ངེས་པར་དུ་ཁྲིམས་ལུགས་གཞིར་བཟུང་འགྲེལ་བཤད་དང་ཐག་གཅོད་དགོས། གལ་སྲིད་ཁྲིམས་ལུགས་ཕན་ཚུན་བར་འགལ་བ་བྱུང་སྐབས་ཀྱང་། ཁྲིམས་ཁང་གིས་ངེས་པར་ཁྲིམས་ལུགས་གཞིར་བཟུང་འགྲེལ་བཤད་དང་ཐག་གཅོད་བྱེད་དགོས་པ་ཡིན། ཞེས་གསལ་བོར་གསུངས་ཡོད་ལ། གནས་སྟངས་འདིས་བཅའ་ཁྲིམས་ནི་ཆེས་གོང་ན་མེད་པའི་ཁྲིམས་ཡིན་པ་དང་། ཆེས་མཐོ་ཁྲིམས་ཞིབ་ཁང་ནི་ཆེས་གོང་ན་མེད་པའི་ཁྲིམས་ཞིབ་ཁང་ཡིན་པ་གསལ་བོར་བསྟན་ཡོད། དེ་བཞིན་དུ། ཁྲིམས་ཞིབ་པ་ལ་བཅའ་ཁྲིམས་སྲུང་སྐྱོབ་དང་། ཁྲིམས་ལུགས་གང་ཞིག་བཅའ་ཁྲིམས་ཡིན་མིན་གྱི་ཞིབ་དཔྱོད་བྱེད་པའི་འགན་དབང་ཡང་ཡོད་པ་གསལ་བོར་བསྟན་ཡོད། དེ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་དྲུག་པ་དང་། དོན་ཚན་ལྔ་བའི་ནང་། ༢    གོང་གསལ་རྣམས་ཀྱི་དོན་གནད་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ། དེ་བས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་དང་། ཁྲིམས་ཞིབ་དཔོན་ཚོ་ནི་གོང་ན་མེད་པའི་ཁྲིམས་ཞིབ་ཁང་དང་། ཁོང་ཚོ་ལ་བཅའ་ཁྲིམས་སྲུང་སྐྱོབ་དང་། ཁྲིམས་ལུགས་གང་ཞིག་བཅའ་ཁྲིམས་ཡིན་མིན་གྱི་ཞིབ་དཔྱོད་དང་། ཐག་གཅོད་བྱེད་པའི་འགན་དབང་ཡང་ཡོད་པ་གསལ་བོ་ཡིན་ལ། ཁྲིམས་ཞིབ་ཁང་གིས་ཐེངས་འདིའི་སྤྱི་འཐུས་ཀྱི་ལས་དོན་བྱེད་ཕྱོགས་ལ་ཁྲིམས་ཆད་བཏང་བ་ནི་ཁྲིམས་ཀྱི་རྩ་འཛིན་འདི་དང་ཡོངས་སུ་མཐུན་ཡོད།

ཆ་རྐྱེན་ག་འདྲ་ཞིག་གི་ཐོག་ནས་ཁྲིམས་དཔོན་ཞིག་འཕོ་འགྱུར་བཏང་ཆོག་པ་ཡིན།

དམངས་གཙོ་རྒྱལ་ཁབ་ཨ་རི་སོགས་སུ་སྤྱིར་བཏང་ཆེས་མཐོའི་ཁྲིམས་དཔོན་ཞིག་འཕོ་འགྱུར་གཏོང་བའི་ལོ་རྒྱུས་མེད་ལ། གལ་སྲིད་ཆེས་མཐོའི་ཁྲིམས་དཔོན་ཞིག་འཕོ་འགྱུར་གཏོང་དགོས་ན། ཆ་རྐྱེན་འདི་རིགས་ངེས་པར་དུ་ཚང་དགོས་པ་ཡིན། དཔེར་ན། Treason, Bribery, or other high Crimes and Misdemeanors རྒྱལ་ཁབ་ལ་ངོ་ལོག་པ། ལྐོག་རྔན་བླངས་བ། ནག་ཉེས་ལྕི་ཡང་བསག་པ་བཅས་ལས་འཕོ་འགྱུར་གཏོང་བ་ཡིན། དེ་བཞིན་དུ་ད་དུང་། ཁྲིམས་ཀྱི་བརྒྱུད་རིམ་གང་ཞིག་བརྒྱུད་ནའང་ཁྲིམས་ཀྱི་བརྒྱུད་རིམ་ངེས་ཅན due process བརྒྱུད་དགོས་པ་ཡིན།

སྤྱི་འཐུས་ཀྱིས་ཐེངས་འདིར་ཁྲིམས་ཞིབ་པ་ཚང་མ་འཕོ་འགྱུར་བཏང་བའི་ནང་དུ། ཁྲིམས་ཞིབ་པ་རྣམས་རྒྱལ་ཁབ་ལ་ངོ་ལོག་དང་། ལྐོག་རྔན་བླངས་བ། ནག་ཉེས་ཚབ་ཆེན། ནག་ཉེས་ལྕི་ཡང་གང་ཞིག་བསག་པའི་ར་སྤྲོད་གཅིག་ཀྱང་སྟོན་ཐུབ་མེད། དེས་མ་ཚད་འཕོ་འགྱུར་གཏོང་བའི་ཁྲིམས་ཀྱི་གཞི་རྩ་གཞན་ཡང་གང་ཡང་མེད་པར། ཁྲིམས་ཀྱི་བརྒྱུད་རིམ་ངེས་ཅན་གང་ཞིག་ཀྱང་མ་བརྒྱུད་པར། ཚལ་རྭའི་ནང་གི་ཞོག་ཁོག་ཨ་ལོ་གདམས་གསེས་ལྟར་བྱས་ཏེ་འཕོ་འགྱུར་བཏང་བ་འདི་ནི། ཆེས་སྤྱིར་བཏང་གི་ཁྲིམས་ཀྱི་བརྒྱུད་རིམ་ཡང་མ་ཚང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཁོ་ན་ཡིན།

ཁ་སང་གི་གསར་འགྱུར་གསལ་བསྒྲགས་སྐབས། ཁྲིམས་ཞིབ་པ་ཆེ་བ་བསོད་ནམས་དྭགས་པོ་ལགས་ཀྱིས། སྤྱི་འཐུས་ཚོགས་གཙོས་ཁྲིམས་ཞིབ་པ་ལ་འཇིགས་སྐུལ་བྱས་སོང་ཟེར། མདོར་བསྡུས་ནས་བཤད་ན། ཁྲིམས་ཞིབ་པ་ཚོས་ལས་མཚམས་བཞག་པ་ནི་སྤྱི་འཐུས་ཚོགས་གཙོས་འཇིགས་སྐུལ་བཏང་བ་བརྟེན་ནས་བྱུང་བ་ཞིག་ལས། འཕོ་འགྱུར་གཏོང་བའི་ཁྲིམས་ཀྱི་ཆ་རྐྱེན་གང་ཡང་མ་བརྒྱུད་པ་གསལ་བོ་རེད།

སྤྱི་འཐུས་ལྷན་ཁང་ལ་ཁྲིམས་ཞིབ་ཁང་སྒོ་རྒྱག་པའི་དབང་ཚད་ཡོད་དམ་མེད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། སྤྱི་འཐུས་ལ་སུམ་ཆ་གཉིས་ལས་ཁྲིམས་ཞིབ་པ་སུ་རུང་ཞིག་འཕོ་འགྱུར་གཏོང་ཆོག་པའི་དབང་ཆ་ཡོད་ཅེས་འཁོད་ཡོད། བཅའ་ཁྲིམས་༦༣ ནང་། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་། ཞེས་ཁྲིམས་ཞིབ་པ་སུ་རུང་ཞིག་ཞེས་པ་ལས་ཁྲིམས་ཞིབ་པ་ཚང་མ་སྡེབ་གཅིག་ཏུ་འཕོ་འགྱུར་གཏོང་ཆོག་པ་བཀོད་མེད།

གསལ་བོར་བཤད་ན། ཁྲིམས་ཞིབ་པ་གསུམ་པོ་འདི་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཡོད་པའི་ཁྲིམས་ཞིབ་པ་ཚང་མ་རེད། ཁྲིམས་ཞིབ་པ་འདི་ཚང་མ་མ་བཞུགས་ཚེ་ཆེས་མཐོ་ཁྲིམས་ཞིབ་ཁང་རང་བཞིན་གྱིས་སྒོ་བརྒྱབ་པ་རེད། ཆེས་མཐོ་ཁྲིམས་ཞིབ་ཁང་སྒོ་རྒྱག་ཆོག་པའི་དབང་ཆ་འདི་འདྲ་ཞིག་སྤྱི་འཐུས་ལ་ཡོད་པ་མ་རེད། དེ་བས་སྤྱི་འཐུས་ཀྱི་ད་ཐེངས་ཀྱི་ཐག་གཅོད་འདི་ནི་ཁྲིམས་འགལ་གྱི་ཐག་གཅོད་ཞིག་ཡིན།

སྤྱིར་བཏང་། ཁྲིམས་ཞིབ་པ་དང་། ཡང་ན་ཁྲིམས་དང་འབྲེལ་བ་ཡོད་པའི་ལས་དོན་གང་ཞིག་སྤེལ་ཀྱང་ཁྲིམས་ཀྱི་བརྒྱུད་རིམ་ངེས་ཅན་ due process མ་བརྒྱུད་པར་ཁྲིམས་ཐག་བཅད་མི་ཆོག བརྒྱུད་རིམ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནང་དུའང་གསལ་བོར་བཀོད་ཡོད། དོན་ཚན་ང་བཞི་པ།      གྲོས་བསྡུར་བཀག་སྡོམ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང༌། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང༌། གྲོས་བསྡུར་བྱེད་མི་ཆོག ཞེས་གསལ།

འདི་ལས་གསལ་བོར་མཚོན་པ་ནི་ཁྲིམས་ཞིབ་པ་སུ་ཞིག་འཕོ་འགྱུར་གཏོང་དགོས་བྱུང་ན། སྤྱི་འཐུས་ལྷན་ཚོགས་ཀྱིས་ཚོགས་ཆུང་ཟུར་འཛུགས་དང་། རྟོག་ཞིབ་བྱས་རྗེས་གཞི་ནས་ཐག་གཅོད་བྱེད་དགོས་པ་ཞིག་ལས། ཁྲིམས་ཞིབ་པ་ཚོའི་བྱས་ཉེས་ཅི་བྱས་གླེང་སློང་དང་། དག་འབུད་བྱེད་པའི་རྒྱུད་རིམ་གང་ཡང་མ་བརྒྱུད་པར། དགོས། མི་དགོས། དགོས། མི་དགོས། དགོས། མི་དགོས། ཞེས་འོས་འཕངས་ཏེ་ཁྲིམས་ཞིབ་པ་རྣམས་སྡེབ་གཅིག་ཏུ་ཕུད་ནས་ཁྲིམས་ཁང་སྒོ་བརྒྱབ་པ་འདི་ནི། ཀླ་ཀློ་དང་ཇག་ཚོགས་ཀྱི་བྱེད་སྟངས་རང་རེད།

སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་འགལ་ག་རེ་བྱས་ཡོད་པ་རེད།

སྤྱི་འཐུས་པདྨ་འབྱུང་གནས་ཀྱིས་འདི་ལྟར་གསུངས་ཡོད།

  1. ཁྲིམས་ཞིབ་ཁང་ནི་ཁྲིམས་ཁང་མ་རེད།
  2. ཁྲིམས་ཞིབ་པས་ང་ལ་ཐུག་འཕྲད་བྱས་མ་སོང་།
  3. ང་ཚོ་ནི་སྐྱབས་བཅོལ་བ་ཡིན་པས་རྒྱལ་ཁབ་གཞན་པའི་ཁྲིམས་ཁྱེར་མ་ཡོང།
  4. སྤྱི་འཐུས་ལྷན་ཁང་བཙན་བྱོལ་བོད་མིའི་ཁྱང་ཁོངས་གང་གི་འོག་ཏུའང་མེད།
  5. སྤྱི་འཐུས་ཀྱིས་ཁྲིམས་འགལ་བྱས་ན་སྤྱི་འཐུས་རང་གིས་ཁྲིམས་ཁང་ལྟར་ཐག་གཅོད་བྱེད་དགོས།
  6. ཆེས་མཐོ་ཁྲིམས་ཞིབ་ཁང་གི་དབང་ཚད་ནི་སྤྱི་འཐུས་ཀྱིས་སྤྲད་པ་རེད།

ཁོང་གི་གསུངས་སྟངས་ནི་ཧ་ཅང་གི་ཐལ་ཆ་ཆེ་བ་དང་ཞེད་སྣང་ཚ་བོ་རེད། བདུན་བཅུ་དོན་གྲངས་ནང་རྒྱ་ནག་ཏུ་རིག་གསར་སྐབས། སྔོན་ཐོན་ཅན་དམར་སྲུང་དམག་གིས་སྐད་ཆ་དེ་འདྲ་རང་བཤད་བཞིན་ཡོད། ཁྲིམས་ཁང་ཟེར་ན་ང་ཚོ་ཡིན། དམག་མི་ཟེར་ན་ང་ཚོ་ཡིན། སྲིད་གཞུང་ཟེར་ནའང་ང་ཚོ་ཡིན་ཞེས་བསྒྲགས་ཏེ་གནམ་ས་འགེང་བའི་རྙོག་དྲ་བཟོས་ཡོད།

སྤྱི་འཐུས་པདྨ་འབྱུང་གནས་ཀྱིས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་ཁྲིམས་ཁང་མ་རེད། ཅེས་པའི་བསྙོན་འཛུགས་དེ་ནི། དོན་ལ་གནས་བ་ཞིག་རྩ་བ་ནས་མིན།

བཙན་བྱོལ་བོད་མིའི་ཆེས་མཐོ་ཁྲིམས་ཞིབ་ཁང་ནི་དམངས་དོན་ཁྲིམས་ཁང་ཞིག་རེད Civil Court དམངས་དོན་གཏུག་བཤེར་གྱི་རྩོད་གཞི་མཐའ་དག་ཁྲིམས་ཁང་འདི་རང་ནས་ཐག་བཅད་ཆོག་པ་ཡིན། དེ་ལྟར་ཡིན་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ ༦༢ ནང་གསལ་བར་བཀོད། དེ་བས་བཙན་བྱོལ་བོད་མིའི་ཆེས་མཐོ་ཁྲིམས་ཞིབ་ཁང་ནི་ཁྲིམས་ཁང་གི་ཆ་རྐྱེན་ཡོངས་སུ་ཚང་བའི་ཁྲིམས་ཁང་ཚད་ལྡན་ཞིག་ཡིན།

ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་རང་གི་ལས་འཁུར་བྱེད་སྐབས། ཁྲིམས་ཞིབ་པའི་མདུན་དུ་མཆོག་གསུམ་དཔང་བཙུགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་བྱས་པའི་རྩ་བའི་དམ་བཅའ་ཕུལ་ཡོད་པས། ཚོགས་གཙོ་འབྱུང་གནས་ཀྱིས་ཁྲིམས་ཞིབ་ཁང་ཁྲིམས་ཁང་ཡིན་པར་ཁས་མ་བླངས་པ་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཁས་མ་བླངས་ཤིང་། སྤྱི་འཐུས་གང་ཟག་མི་སྒེར་བའི་དམ་བཅའ་ལའང་ཁས་མ་བླངས་པ་རེད།

ཁྲིམས་ཞིབ་པས་མི་སུ་ཡིན་ལ་ཐུག་འཕྲད་བྱེད་རྒྱུ་ནི་ཁྲིམས་ཞིབ་པའི་སྲུང་བྱ་ཞིག་ཡིན་པས། ཁྲིམས་རྩོད་དང་འབྲེལ་བ་ཡོད་པའི་མི་སུ་ལ་ཐུག་མི་ཆོག་པ་ཡིན། དེའི་རྒྱུ་མཚན་ནི་ཕྱིའི་ཤུགས་རྐྱེན་ཞེས་པ་དེ་རེད། སྤྱིར་བཏང་ཁྲིམས་ཞིབ་པ་ཁྲིམས་ཁང་ལ་བཅར་སྐབས་གློག་སྐས་ཟུར་འཇོག་གིས་སྐྱོད་དགོས་པ་དང་། ཁྲིམས་ཁང་ལ་ཡོང་སྐབས་ཀྱང་སྒོ་རང་འགར་ཁེར་རྐྱང་དུ་འཛུལ་དགོས། འདི་དག་ཚང་མ་གཞན་གྱིས་ཤུགས་རྐྱེན་མི་ཡོང་བ་དང་། ཁྲིམས་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན།

ཡང་ཚོགས་གཙོ་སྐུ་ཞབས་འབྱུང་གནས་ཀྱིས་ང་ཚོ་ནི་སྐྱབས་བཅོལ་བ་ཡིན་པས་རྒྱལ་ཁབ་གཞན་པའི་ཁྲིམས་ཁྱེར་མ་ཡོང་ཞེས་གསུང་བཞིན་ཡོད། བྱེད་སྟངས་འདི་ནི་རྒྱ་མིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་ནང་སྲིད་ལ་ཐེ་གཏོགས་བྱེད་གིན་འདུག་ཅེས་བརྗོད་པ་དང་གཅིག་མཚུངས་ཡིན།

དྲང་བོར་བཤད་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདིའང་། རྒྱལ་ཁབ་གཞན་གྱི་བཅའ་ཁྲིམས་ལ་དཔེ་བླངས་ནས་བཟོས་པ་ཞིག་ལས་བོད་ཀྱི་ཚིག་མཛོད་ནང་བཅའ་ཁྲིམས་ཞེས་པའི་མིང་ཚིག་འདི་ཡོད་པ་མ་རེད། གཞན་གྱི་ལེགས་ཆ་ནང་འདྲེན་བྱེད་པའི་ལུགས་སྲོལ་དེ་བོད་ལ་སྔོན་མ་ནས་ཡོད་པ་ཞིག་ཡིན། བོད་ཀྱི་ནང་ཆོས་དང་གསོ་རིག་ལ་སོགས་པ་ཚང་མ་རྒྱལ་ཁབ་གཞན་གྱི་ལེགས་ཆ་ནང་འདྲེན་བྱས་ནས་བྱུང་བ་ཞིག་ཡིན། དེས་མ་ཚད། གཞན་གྱིས་ལེགས་ཆ་ནང་འདྲེན་བྱེད་པ་ལ་བོད་པས་དེ་ལ་རིགས་དང་། ཆོས་ལ་གྲུབ་མཐའ་ཕྱོགས་རིས་མེད་པར་བརྩི་བཀུར་ཆེན་པོ་བྱེད་པ་ཡིན། དཔེར་ན། སློབ་དཔོན་དབྱུག་པ་ཅན་ཕྱི་རོལ་བ་ཡིན་ནའང་དེས་བརྩམས་པའི་སྙན་ངག་མེ་ལོང་མ་སྔོན་བྱོན་བོད་ཀྱི་མཁས་གྲུབ་རྣམས་ཀྱི་རྩོམ་རིག་གི་ཁུངས་གཏུག་ས་དང་བརྩི་མཐོང་ཆེན་པོ་བྱེད་པ་ལྟ་བུ་ཡིན། རེད་དེ་སྐབས་འདི་ནས་བཟུང་སྟེ། སྐུ་ཞབས་འབྱུང་གནས་ཀྱིས་རྒྱལ་ཁབ་གཞན་གྱི་རིག་གཞུང་འཁྱེར་མ་ཡོང་ཞེས་པ་ནི་བོད་པའི་སྲོལ་རྒྱུན་དང་ཡོངས་སུ་འགལ་བ་ཞིག་མ་རེད་དམ། དེ་བཞིན་དུ་བཅའ་ཁྲིམས་ལ་རྒྱལ་ཁབ་ཀྱི་ཆེ་ཆུང་དང་། མི་རིགས་ཀྱི་དབྱེ་བ་མེད་པར་སུས་ཀྱང་བཀོལ་སྤྱོད་བྱེད་ཆོག་པའི་ཁྲིམས་ལུགས་ཤིག་ཡིན་པ་ལས། སྐྱབས་བཅོལ་བའི་བཀོལ་མི་རུང་བའི་ཁྲིམས་ལུགས་ཤིག་མིན།

སྐུ་ཞབས་འབྱུང་གནས་ཀྱིས་སྤྱི་འཐུས་ལྷན་ཁང་བཙན་བྱོལ་བོད་མིའི་ཁྱབ་ཁོངས་ཀྱི་ཁྲིམས་གང་གི་འོག་ཏུའང་མེད། སྤྱི་འཐུས་ཀྱིས་ཁྲིམས་འགལ་བྱས་ན་སྤྱི་འཐུས་རང་གིས་ཁྲིམས་ཁང་ལྟར་ཐག་གཅོད་བྱེད་དགོས། ཞེས་པ་འདི་ནི་སྲིད་དབང་སྒེར་གཅོད་ཀྱི་སྐད་ཆ་རང་རེད། དེ་ལྟར་ཡིན་ཚེ་སྤྱི་འཐུས་རྣམ་པ་ནི་བོད་ཀྱི་ཡུལ་མི་མ་ཡིན་པའི་རྣམ་པ་ཞིག་མཚོན་བཞིན་ཡོད་པ་ལས་ཅི་ཡང་མིན་ལ། སྤྱི་འཐུས་རྣམ་པ་བོད་ཀྱི་ཡུལ་མི་མ་ཡིན་ན་བོད་ཀྱི་བཅའ་ཁྲིམས་ལ་ཇུས་གཏོགས་བྱེད་པའི་དབང་ཚད་ཞིག་ཡོང་ས་མེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། བཅའ་ཁྲིམས་འདིས་བོད་མིའི་སྒྲིག་འཛུགས་ཀྱི་མངའ་ཁོངས་སུ་གཏོགས་པའི་བོད་མི་ཡོངས་ལ་ཁྱབ་པ་ཡིན། ཞེས་གསུངས་ཡོད་པ་ཡིན།

ཆེས་མཐོ་ཁྲིམས་ཞིབ་ཁང་གི་དབང་ཚད་ནི་སྤྱི་འཐུས་སྤྲད་པ་རེད་དམ། སྤྱི་འཐུས་ལ་ཁྲིམས་ཞིབ་ཁང་ལ་སྤྲོད་རྒྱུའི་དབང་ཚད་ཞིག་ཡོད་མི་སྲིད། གལ་སྲིད་སྤྱི་འཐུས་ལ་དབང་ཚད་ཞིག་དམངས་གཙོ་ཀ་བ་གཞན་ཞིག་ལ་སྤྲོད་རྒྱུ་ཡོད་ན་དེ་ནི་དམངས་གཙོའི་ལམ་ལུགས་ཡིན་མི་སྲིད། དམངས་གཙོའི་ལམ་ལུགས་ནང་དབང་ཆ་གཅིག་གིས་གཅིག་ལ་སྤྲོད་རྒྱུ་ཞིག་མེད་པར། དམངས་གཙོ་ཀ་བ་གསུམ་གྱིས་དབང་ཚད་ཆ་མཉམ་གྱིས་ཆ་བགོས་བྱས་ཡོད། དེ་ཡང་རྒྱལ་ཁབ་དང་སྒྲིགས་འཛུགས་དབུ་བརྙེས་པ་དང་མཉམ་དུ། སྤྱི་སྙོམས་ཀྱི་དམངས་གཙོ་ཀ་བ་གསུམ་གྱི་དབང་ཚད་ཀྱང་དུས་མཉམ་དུ་གྲུབ་ཡོད་པ་ཞིག་ཡིན།

དེ་བཞིན་དུ། བཀའ་ཤག་དང་། ཁྲིམས་ཞིབ་ཁང་། སྤྱི་འཐུས་གསུམ་གར་འདྲ་མཉམ་གྱི་དབང་ཆ་ཡོད་ལ། ཁོང་ཚོའི་དབང་ཆ་ནི་བོད་མིའི་སྒྲིགས་འཛུགས་དབུ་བརྙེས་པ་དང་མཉམ་དུ་ཡོང་བ་ཞིག་ལས། སྤྱི་འཐུས་ཀྱིས་མར་གནང་བ་ཞིག་མིན།

དེ་བཞིན་དུ་དམངས་གཙོ་ཞེས་པ་ནི་ཀ་བ་འདི་གསུམ་གྱི་དབང་ཚད་གཅིག་གི་སྒང་ལ་གཅིག་ཞོན་མི་ཆོག་པར། ཕན་ཚུན་སྟངས་འཛིན་བྱེད་ཐུབ་པའི་ནུས་པ་ལྡན་པའི་ལམ་ལུགས་ཤིག་ལ་བརྗོད་པ་ཡིན། དེ་ལས་ཀྱང་གལ་ཆེ་བ་ནི་དབང་ཚད་སྤྱི་སྙོམས་ཀྱི་དམངས་གཙོའི་ལྟ་གྲུབ་འདིས། དམངས་གཙོ་ཀ་བ་གཅིག་གི་དབང་ཤུགས་དེ་དམངས་གཙོའི་ཀ་བ་གཞན་རྣམས་ཀྱི་སྲིད་དབང་ལས་ཀྱང་ཆེ་བར་འགྲོ་སྲིད་པ་སྟངས་འཛིན་བྱེད་པ་ཡིན། ཡང་གཅིག་བཤད་ན། སྲིད་དབང་གདུག་རྩུབ་ཅན་ལ་འགོག་རྒོལ་བྱེད་སྤྱད་དེ་ལ་དམངས་གཙོའི་ལམ་ལུགས་ཞེས་བརྗོད་བཞིན་ཡོད་པ་དང་། སྤྱི་འཐུས་ལྷན་ཁང་ལ་དམངས་གཙོའི་ཀ་བ་གཞན་ལས་ཀྱང་ཆེ་བའི་དབང་ཚད་ཞིག་ཡོད་ན། འདི་ནི་དམངས་གཙོའི་ལྟ་གྲུབ་དང་ཡོངས་སུ་འགལ་ཡོད་པ་གསལ་བོ་ཡིན།

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ཀྱིས་འདི་ལྟར་གསུངས་ཡོད།

སྤྱི་འཐུས་རྒྱུན་ལས་ཟེར་ན་སྤྱི་འཐུས་ཚང་མ་ལ་གོ་བ་ཡིན། སྤྱི་འཐུས་རྒྱུན་ལས་ནི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཡི་སྐུ་ཚབ་དང་གསུང་གི་གསུང་ཚབ་ཡིན་ཞེས་བརྗོད་བྱུང་། སྐད་ཆ་དེ་ནི་ཅུང་ཐལ་ཆེ་བ་ཞིག་ཡིན། རྒྱུ་མཚན་ནི་སྤྱི་འཐུས་ལྷན་ཁང་ནི་བོད་མི་དམངས་ཀྱི་འོས་ཤོག་གི་གྲངས་ཚད་ལ་གཞིགས་ནས་འགྲོ་བཞིན་ཡོད་ཙང་། ལྷན་ཁང་ཡོངས་ཀྱི་འོས་གྲངས་ ༤༥ དེ་རྒྱུན་ལས་མི ༡༡ གིས་སྟངས་འཛིན་བྱས་ན་དེ་ཏག་ཏག་ཅིག་ག་ནས་ཡིན།

སྤྱི་འཐུས་རྒྱུན་ལས་ཀྱི་གྲུབ་ཆ་དེ་ལ་མཚོནའང་བརྒྱ་ཆའི་གྲངས་འབོར་དེ་རྦད་དེ་ཕྱིན་ཅི་ལོག་ཏུ་ཕྱིན་ཡོད། དེ་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་གཉིས་པ།    སྤྱི་འཐུས་ཀྱི་རྒྱུན་ལས། འདི་འདྲ་འཁོད་ཡོད།

༡    སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་མ་འཚོགས་པའི་སྐབས་རྒྱུན་ལས་ཚོགས་ཆུང་ཞིག་དགོས་པར་ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་དང༌། ཆོས་བརྒྱུད་རེ་ནས་སྤྱི་འཐུས་རེ་བཅས་གོང་གསལ་ཁུངས་སོ་སོས་འོས་བསྡུའམ། ཡང་ན་དམིགས་འཛུགས་གང་འོས་སྐབས་བསྟུན་བྱ་རྒྱུ་དང༌། ལོ་རེའི་མཚམས་ནས་བསྐྱར་འདེམས་བྱ་རྒྱུ།

༢    རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་དང༌། དབང་ཚད་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་ལུགས་སམ། སྒྲིག་གཞི་ལྟར་ལག་ལེན་བསྟར་རྒྱུ།

འདིར་གསལ་བོར་མཚོན་པ་ནི་སྤྱི་འཐུས་རྒྱུན་ལས་ལ་ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ ༢ སྟེ་ཁྱོན་བསྡོམས་སྤྱི་འཐུས་རྒྱུན་ལས་དྲུག ༦ དང་། ཆོོས་བརྒྱུད་རེ་ནས་སྤྱི་འཐུས་གཅིག་རེ ༡ཁྱོན་བསྡོམས་སྤྱི་འཐུས་ལྔ༥ སྟེ་བསྡོམས་པས་རྒྱུན་ལས་སྤྱི་འཐུས་བཅུ་གཅིག ༡༡ བཅས་རེད། གནས་སྟངས་འདི་བརྒྱ་ཆའི་གྲངས་ལ་བཀུག་ན་ཆོལ་ཁའི་སྤྱི་འཐུས་སུམ་ཅུ་ཡོད་པ་ནས་རྒྱུན་ལས་ཁོངས་སུ་སྤྱི་འཐུས་དྲུག་མ་གཏོགས་ཡོང་མི་ཆོག་དང་ 6 / 30= %20   ཆོས་ལུགས་སྤྱི་འཐུས་ལ་མཚོན་ན་ཆོས་ལུགས་སྤྱི་འཐུས་བཅུ་ཡོད་པ་ནས་སྤྱི་འཐུས་རྒྱུན་ལས་ཁོངས་སུ་སྤྱི་འཐུས་ལྔ་ཡོང་ཆོག་གིན་ཡོད 5/10=50%

འདི་ལས་ང་ཚོས་གསལ་བོར་ཤེས་པ་ནི་ཆོལ་ཁའི་བརྒྱ་ཆ་ %20 མ་གཏོགས་རྒྱུན་ལས་ཁོངས་སུ་ཡོང་མི་ཆོག་ཅིང་། ཆོས་ལུགས་ཀྱི་བརྒྱ་ཆ 50% རྣམས་ཚང་མ་རྒྱུན་ལས་ཁོངས་སུ་འཛུལ་ཆོག་པ་རེད། འདི་ལས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཁོངས་ལ་རྒྱ་ཆ་བདུན་ཅུ་ཡི་ཁྱད་པར་ཆགས་ཡོད། དེ་བཞིན་ཏུ་ཆོས་ལུགས་སྤྱི་འཐུས་ཀྱི་མིང་ཐོག་ནས་ཡོང་བའི་སྤྱི་འཐུས་འདི་དག གྲོས་ཚོགས་རྭ་བའི་ནང་འབྱོར་རྗེས་དམིགས་བསལ་ཆོས་ལུགས་ཀྱི་འཐུས་ཚབ་གང་ཡང་མེད་པར། ཆོལ་ཁ་གཅིག་གི་ལར་ཞེན་ཁོ་ན་ལ་འབད་བརྩོན་བྱེད་བཞིན་ཡོད། དེ་བས་དེང་གི་སྤྱི་འཐུས་རྒྱུན་ལས་འདི་ནི་ཆོལ་ཁ་གཅིག་ལས་གྲུབ་པའི་རྒྱུན་ལས་ཤིག་ཡིན་ཞེས་བཤད་ན་མི་ཆོག་པ་མེད།

གོང་གི་གནས་སྟངས་འདི་ལས་ང་ཚོས་གསལ་བོར་ཤེས་བ་ནི་སྤྱི་འཐུས་ལྷན་ཁང་ཡོངས་རྫོགས་ཏེ་སྤྱི་འཐུས་རྒྱུན་ལས་ཀྱིས་སྟངས་འཛིན་འོག་འགྲོ་བཞིན་ཡོད་པ་དང། སྤྱི་འཐུས་རྒྱུན་ལས་ནི་ཆོལ་ཁ་གཅིག་གི་སྟངས་འཛིན་འོག་འགྲོ་བཞིན་ཡོད་ཙང་། སྤྱི་འཐུས་ཀྱི་ལས་དོན་བྱེད་ཕྱོགས་འདི་སྤྱི་སྙོམས་དྲང་བདེན་ཞིག་མིན་པ། འདི་ནས་ཀྱང་གསལ་བོར་ར་སྤྲོད་བྱེད་ཐུབ་ལ། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལ་མཚོན་ན་འོས་འཕེན་བརྒྱ་ལས་མེད་ཀྱང་། ད་དུང་མི་ཚེ་ཧྲིལ་པོར་སྤྱི་འཐུས་རྒྱུན་ལས་བྱེད་པ་འདི་ནི་དོན་དང་མཐུན་པ་ཞིག་མིན་པ་དང་། ཐེངས་འདིར་ཁོ་བས་སྤྱི་འཐུས་ཡོངས་རྫོགས་ཀྱི་ལས་དོན། རྒྱུན་ལས་གཅིག་གི་བདག་པོ་བྱེད་རྩིས་བྱེད་བཞིན་ཡོད་པ་འདི་ནི་སྲིད་དབང་སྒེར་གཅོད་བྱེད་པའི་ཧམ་པ་མིན་ན་གང་ཡིན།

སྤྱི་འཐུས་རྒྱུན་ལས་ཀྱི་ཁྲིམས་ཀྱི་འགལ་འཛོལ།

ཆེས་མཐོ་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་ལ།  ཁྲིམས་ཞིབ་རྩད་གཅོད་བྱས་པ་འདི་ཐེངས་དང་པོ་མིན་པར། ཉེ་བའི་ལོ་ཤས་ནང་ཆེས་མཐོ་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་ལ་ཁྲིམས་ཞིབ་རྩད་གཅོད་ཐེངས་ཁ་ཤས་བྱས་ཡོད། འདི་ནི་དམངས་གཙོ་སྲིད་གཞུང་དང་སྒྲིགས་འཛུགས་ཤིག་ལ་མཚོན་ན་རྒྱུན་ལྡན་ཞིག་རེད། སྤྱི་འཐུས་ལྷན་ཁང་གིས་ཁྲིམས་བཟོ་ཞིང་ཁྲིམས་ཞིབ་ཁང་གིས་ཁྲིམས་ལ་དག་འབུད་གཏོང་བ་ཡིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནང་དུའང་དེ་ལྟར་གསལ་བོར་མཚོན་ཡོད།

དཔེར་ན། སྤྱི་ལོ་ ༢༠༡༦ ལོར། སྤྱི་འཐུས་ཚོགས་གཙོས་བཀའ་བློན་འོས་ཆོས་མ་ཚང་བ་ཤར་གླིང་ཟླ་སྒྲོན། ཁྲིམས་ཞིབ་ཁང་ལ་དམ་འབུལ་བྱེད་དུ་འཇུག་རྩིས་བྱས་ཡོད།

སྤྱི་ལོ ༢༠༡༩ ལོར། སྤྱི་འཐུས་ཚོགས་གཙོས་བཀའ་བློན་འོས་མིའི་གྲངས་བརྒྱ་ཆའི་གྲངས་འབོར་མ་ལོན་པ། བཀའ་བློན་སྟོབས་རྒྱལ་ཚེ་རིང་ལགས། ཁྲིམས་ཞིབ་ཁང་ལ་དམ་འབུལ་བྱེད་དུ་འཇུག་རྩིས་བྱས་ཡོད།

སྤྱི་ལོ ༢༠༢༠ ལོར། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་ཏོག་དབྱིབས་རྒྱ་ནད་ལ་ཁ་གཡར་ཏེ། ༢༠༢༠ ལོའི་ཚོགས་དུས་ཤིག་རྦད་དེ་མེད་པར་བཟོས་པ། ཆེས་མཐོ་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་ ༡༡ གི་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་བྱས་ཡོད།

འདི་དག་ཚང་མ་ནི་ཐེངས་འདིར་ཁྲིམས་ཁང་སྒོ་རྒྱག་པའི་སྒེར་ནད་ཀྱི་རྨང་གཞི་ཡིན། ཐེངས་འདིར་སྤྱི་འཐུས་ ༣༡ མཉམ་ཞུགས་བྱས་ཏེ་ཁྲིམས་ཁང་སྒོ་རྒྱག་ཏུ་འཇུག་པ་ནི་སྤྱི་འཐུས་འདི་དག་རེ་རེས། རང་གི་སྒེར་བའི་ཤ་འཁོན་ཁོག་ལ་བཅིངས་སྟེ་དགྲ་ཤ་ལེན་པ་ཞིག་ལས་སྤྱི་བའི་རྩ་དོན་ཞིག་ལ་འབྲེལ་བ་གང་ཡང་མེད།

མཐའ་དོན།

གོང་གི་གནས་སྟངས་འདི་དག་ལ་བལྟས་ན་སྤྱི་འཐུས་ལྷན་ཚོགས་ཀྱི་བྱེད་སྟངས་འདི་ནི་ཁྲིམས་དང་འགལ་ཞིང་། འགྲོ་བ་མིའི་བཟང་སྤྱོད་ལས་ཀྱང་རྦད་དེ་འགལ་ཡོད་པ་གསལ་བོ་རེད། ཁོང་ཚོས་ཐེངས་འདིར་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ལ་བརྙས་བཅོས་དང་། ༧གོང་ས་མཆོག་གིས་གནང་བའི་དམངས་གཙོའི་གསོལ་རས་ལ་རྡོག་རྫིས་བཏང་བ་མ་ཟད། བོད་མི་དམངས་ཀྱི་སེམས་ལ་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད། ཁྲིམས་ཞིབ་པ་རྣམས་སྤྱི་འཐུས་ཁག་ཅིག་གིས་བསྡིགས་ར་ལ་མ་བཟོད་པར་ལས་གནས་ནས་བཤོལ་བ་འདིས། དེང་སང་འགྲོ་བཞིན་པའི་འོས་བསྡུ་ཆེན་མོ་ཁྲིམས་སུ་སྒྱུར་བར་ཁྲིམས་འཛིན་ལས་ཁུངས་མེད་ལ། གཞུག་མ་ཁྲིམས་ཞིབ་པ་སུ་ཞིག་ཡོང་ནའང་གནས་སྟངས་གང་ཞིག་གི་ཐོག་ནས་སྤྱི་འཐུས་སུམ་ཆ་གཉིས་ཀྱིས་རྒྱུ་མཚན་གང་ཡང་མེད་པར་འཕོ་འགྱུར་ནམ་གཏོང་མི་ཤེས་བས། ཁྲིམས་ཞིབ་རང་རྐྱ་འཕེར་བ་ཞིག་ཆེས་མཐོ་ཁྲིམས་ཞིབ་ཁང་ལ་ཡོང་རྒྱུའང་ཁག་པོ་ཆགས་བསྡད་ཡོད།

ད་དུང་མ་འོང་བར་སྲིད་སྐྱོང་སུ་ཞིག་སླེབས་ནའང་། དེ་ལ་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་འཕོ་འགྱུར་གཏོང་ཆོག་པས། དེ་ལ་སྤྱི་འཐུས་སོ་གཅིག་ཙམ་ཡང་མ་དགོས་པར་སྤྱི་འཐུས་བཅོ་ལྔ། ཡང་ན་ཉི་ཤུ་ཙམ་གྱིས་ཀྱང་སྲིད་སྐྱོང་འཕོ་འགྱུར་གཏོང་ཆོག་པས། སྲིད་སྐྱོང་སུ་ཞིག་སླེབས་ཅིང་སྤྱི་འཐུས་ཀྱི་འཕོ་འགྱུར་གཏོང་བའི་དབང་ཆའི་རལ་གྲི་དེ་གནས་ལུགས་དང་རྒྱུ་མཚན་གང་ཡང་མི་དགོས་བར་གཡུག་ཆོག་ཆོག་ཡིན། གནས་སྟངས་འདི་ནི་དངོས་གནས་བཤད་ན། དམངས་གཙོའི་ལྟ་གྲུབ་དང་ཡོངས་སུ་འགལ་བའི་དབང་ཚད་གཅིག་གི་སྒང་ལ་གཅིག་ཞོན་པ་སྟེ། ཁྲིམས་ཞིབ་ཁང་གི་སྒང་ལ་སྤྱི་འཐུས་ཞོན་པའི་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་ངོ་མ་དེ་རེད།

ཐེངས་འདིར་ཆེས་མཐོ་ཁྲིམས་ཞིབ་ཁང་མེད་པར་གྱུར་བ་འདིས་བཙན་བྱོལ་བོད་མིའི་དམངས་གཙོའི་ཀ་བ་གཅིག་ས་ལ་བསྒྱེལ་ཏེ། དམངས་གཙོའི་གཞུང་ལུགས་ཀྱི་རྨང་རྡོ་ལ་བཀས་གཏོར་བྱུང་ཡོད། རྒྱུ་མཚན་དང་གནས་ལུགས་བཅས་ལ་ཐུག་སྐབས། སྡང་ཟུག་དང་འཇིགས་སྐུལ་བྱེད་རྐྱང་བྱེད་པའི་རྩུབ་སྤྱོད་འདི། བོད་མི་དམངས་ཀྱི་མདུན་དུ་གྲོས་ཚོགས་རྭ་བའི་ནང་བསྟན་ཡོད་ཅིང་། ཆག་སྒོ་འདི་ལ་སྤྱི་འཐུས་བཅུ་གྲངས་ཤིག་གིས་གདོང་ལེན་བྱས་པ་ལས། དེར་བཞུགས་སྲིད་སྐྱོང་ཐེ་བའི་བཀའ་བློན་ལྷན་རྒྱས་ཀྱིས་ལྟད་མོར་བལྟ་རྒྱུ་ལས་ཁ་གཅིག་ཀྱང་གྲགས་མེད།

དམར་སྲུག་དམག་འདི་དག་དཔུང་འཇུག་བྱེད་ཐེངས་རེར་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཆུང་བ་འདི་རྩབ་ཧྲལ་དུ་གཏོང་བཞིན་ཡོད། གནས་ཆུང་ཆོས་རྒྱལ་ཆེན་པོས་ཉེན་ཁ་ཡོང་ཉེན་འདུག་ཅེས་པ་ལས། དམར་སྲུང་དམག་འདི་དག་ཕམ་པར་ཇི་ལྟར་རྒྱག་སྟངས་ཀྱི་བཀའ་ལུང་མེད་པས། ད་ནི་བོད་ཐང་ལ་སྒྱེལ་བའི་ཀ་བ་འདི་ཡར་འདེགས་བྱེད་ཀྱི་བཀའ་ལུང་ཞིག་ངེས་པར་དུ་གནང་དགོས་བ་འདུག

མཆན། གོང་བཀོད་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 1

  1. lhakpa dolma says:
    ལོ་ 4 སྔོན།

    དུས་དང་དགོས་མཁོ་གཉིས་ག་མཚམས་པའི་སྦང་འཆར་ཞིག་གནང་འདུག་ན་བཀའ་དྲིན་བླ་མེད་དུ་ཆེ།་མི་མང་རྙིད་ལས་སད་པའི་རེ་བ་ཞཱུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese