དེ་རིང་ཐའེ་ཝན་ནང་སྲིད་ལས་ཁུངས་ནས་བསྒྲགས་པ་ལྟར་ན་འགྲུལ་སྐྱེལ་མེ་འཁོར་ཞིག་ལ་བརྡབ་སྐྱོན་བྱུང་སྟེ་མི་གྲངས་ ༤༨ རྐྱེན་འདས་དང་མི་ ༡༡༨ ལ་རྨས་སྐྱོན་བཟོས་ཡོད་འདུག
དེ་རིང་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པ་ཙམ་ལ། ཐའེ་ཝན་གྱི་འགྲུལ་སྐྱེལ་མེ་འཁོར་ཨང་རྟགས་ ༤༠༨ ་དེ་ཕུག་ལམ་ཞིག་བརྒྱུད་ནས་ཐའེ་ཝན་ཤར་རྒྱུད་དུ་སྐྱོད་སྐབས། གློ་བུར་དུ་འཛུགས་སྐྲུན་རླངས་འཁོར་ཞིག་དང་གདོང་ཐུག་བརྒྱབ་སྟེ། མེ་འཁོར་ནང་མི་གྲངས་ ༣༥༠ ལྷག་ཡོད་པའི་ཁྲོད་ནས་ཁ་ལོ་བ་གཞོན་ནུ་ཞིག་བཅས་འགྲུལ་བ་ ༤༨ རྐྱེན་འདས་དང་། འགྲུལ་བ་ ༡༡༨ ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡོད་འདུག
མེ་འཁོར་ནང་དུ་ཡོད་པའི་འགྲུལ་བ་ཞིག་གིས། གློ་བུར་དུ་མེ་འཁོར་ཁ་བཀག་ཀྱང་བརྡབ་སྐྱོན་ཤུགས་ཆེན་པོ་བྱུང་བ་དང་། ཁོ་རང་མེ་འཁོར་ནས་ཕྱི་ཐོན་སྐབས་མེ་འཁོར་གྱི་འཁོར་སྒམ་ ༤ ནས་ ༨ བར་གྱི་འགྲུལ་བ་རྣམས་ཕྱིར་ཐོན་མ་ཐུབ་པར་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་། འཁོར་སྒམ་དེ་དག་ནང་འགྲུལ་བ་ ༢༠༠ ཡས་མས་ཤིག་ཡོད་ལ། འགྲུལ་བ་ཚང་མ་ས་ལར་འགྱེལ་ཞིང་རྨས་སྐྱོན་བྱུང་བའི་ཡུལ་དངོས་དེ་ལྟ་མི་བཟོད་པ་ཞིག་ཡིན་སྐོར་བརྗོད་འདུག
ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་ཡེན་ཝུན་མཅོག་ནས་མྱུར་སྐྱོབ་རུ་ཁག་གིས་ནུས་པ་ཡོད་ཚད་བཏོན་ཏེ་འགྲུལ་བ་སྐྱོབ་དགོས་པ་མ་ཟད། དོན་རྐྱེན་གྱི་འབྱུང་རྩར་ངེས་པར་དུ་ཞིབ་འཇུག་མཐར་ཕྱིན་པ་བྱེད་དགོས་པའི་བཀོད་མངགས་གནང་ཡོད་འདུག་ལ། མེ་འཁོར་དེའི་ཁ་ལོ་བ་ནི་རང་ལོ་ ༣༣ ཅན་གྱི་སྐྱེས་པ་ཞིག་ཡིན་ལ། ཁོང་ཕྱི་ལོ་ ༢༠༡༦ ལོར་ཐའེ་ཝན་མེ་འཁོར་འགྲིམ་འགྲུལ་ལས་ཁུངས་སུ་ལས་ཞུགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོ་ནས་ཁོ་རང་གཅིག་པུས་མེ་འཁོར་གཏོང་བའི་མགོ་བཙུགས་ཡོད་འདུག