མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་ཡི་ཚོགས་གཙོ་རྣམ་པར་བསམ་ཚུལ་ཞིག་ཞུ་དགོས་བྱུང་།

བོད་ཀྱི་དུས་བབ།
༢༠༢༡/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

——བོད་མིར་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་གི་འདུ་ཤེས་འཛིན་མཁན་ཞིག་ཡིན་ཕྱིན། བོད་མིའི་སྒྲིག་འཛུགས་དཀྱིལ་སྙིང་དུ་འཛིན་དགོས་པ་ནི་སྒྲིག་འཛུགས་འདི་སྲ་བརྟན་རྒྱུན་གནས་དང་ནུས་པ་གོང་འཕེལ་དུ་གཏོང་བའི་ཐབས་ལམ་ཉག་གཅིག་པུ་དེ་རེད། 

མཁའ་སྤྱོད་མ།

གུས་པ་བཙན་བྱོལ་དུ་བསླེབས་ནས་ལོ་ངོ་ ༢༠ མ་ཟིན་ཙམ་འགྲོ་བཞིན་འདུག་ལ། འདས་པའི་ལོ་ངོ་ ༢༠ དེའི་ནང་ཕལ་ཆེར་སྔ་གཞུག་ཚང་མ་བསྡོམས་ན་ལོ་གཅིག་དང་ཕྱེད་ཙམ་རིང་རྒྱ་གར་ལྷོ་ཕྱོགས་དང་ལྡི་ལི་སོགས་ནས་བསྡད་ཡོད་སྲིད་མོད། དེ་མིན་གྱི་ལོ་དུས་ཡོད་ཚད་རྡ་རམ་ས་ལ་དང་ལྷག་པར་དུ་གངས་ཅན་སྐྱིད་གཤོངས་ཀྱི་གཡས་གཡོན་ནས་བསྡད་པ་ཡིན། ད་ལྟའང་གངས་སྐྱིད་ཀྱི་ཉེ་འཁྲིས་དེར་བསྡད་ནས་རང་འཁྲིའི་ལས་དོན་གང་ཐུབ་ཅིག་བྱེད་མུས་ཡིན། འདི་ངས་སྔོན་གླེང་ཙམ་དང་ཡང་ན་ང་རང་གངས་ཅན་སྐྱིད་གཤོངས་ཀྱི་དཀྱིལ་འཁོར་འདིར་རྒྱུས་མེད་ནང་གི་རྒྱུས་ཆེན་གཅིག་ཡིན་ཟེར་བའི་དོན་དུ་ཡིན་ལ།  དེང་སང་སྤྱི་ཚོགས་དྲ་ལམ་ཁག་ཏུ་གངས་ཅན་སྐྱིད་གཤོངས་མིག་གིས་མཐོང་མ་མྱོང་། འགྲོ་ཡང་མ་མྱོང་། ཡིན་ཡང་དེར་ཡོད་ཀྱི་ང་ཚོའི་གཞུང་དེར་རྩ་བ་ནས་ཡིད་ཆེས་མེད། དེར་ཡོད་ལས་བྱེད་ཚོས་ཉི་མ་འཁྱོལ་ཐབས་རང་བྱས་ནས་བསྡད་ཡོད་པ་རེད་ཟེར་མཁན་གྱི་རྒྱུས་མེད་འུར་གཏམ་ཅན་གྱི་སྒེར་དོན་ཉིན་མཚན་གཉིས་སུ་གཉེར་བཞིན་པ་རྣམས་ལ་ངོ་སྤྲོད་ཀྱི་ཚུལ་དུ་ཞུས་ཡིན།

ཁ་སང་ཕྱི་དྲོ་ཙམ་ལ་རྡ་རམ་ས་ལར་ཡོད་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དབུས་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་ཚོགས་གཙོ་རྣམ་པས་གསར་འགོད་གསལ་བསྒྲགས་ཤིག་གནང་འདུག་ཅེས་དྲ་ལམ་ནས་པར་སོགས་མཐོང་བ་དང་ཡར་མར་སྔོག་བཤེར་ཅིག་བྱས་པ་ཡིན། ད་ལྟའི་བཙན་བྱོལ་བོད་མིའི་རྩོད་རྙོག་དེར་ཚོགས་པ་དང་མི་སྒེར། དེ་བཞིན་སྒེར་གྱི་ཐུན་མོང་འབོད་སྐུལ་དང་བསམ་ཚུལ་སོགས་ཧ་ཅང་མང་པོ་ཞིག་མཐོང་རྒྱུ་འདུག་པས། དེ་ཚོར་ཆུ་ཚོད་གང་ཡོད་ཀྱིས་ལྟ་ཀློག་དང་ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལྷན་ཁང་དང་འབྲེལ་ཡོད་འགན་ལྡན་རྣམ་པའི་གསལ་བཤད་དང་ལམ་སྟོན་རིགས་ལ་དུས་རྒྱུན་དུ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཡིན་ནའང་།  གླེང་རྙོག་འདི་ཕྱི་ལོ་ ༢༠༢༠ ཟླ་ ༨ པར་མགོ་བཙུགས་པའི་མགོ་བརྩམས་པ་ནས་བཟུང་བསམ་ཚུལ་རྩོམ་ཡིག་གཅིག་ཀྱང་སྤེལ་བའི་ཡི་ག་བསླེབས་མ་བྱུང་།

ང་ཚོས་གླེང་རྙོག་འདིའི་ཐད་ནས་ནང་ཁུལ་སྐྱོན་འཛུགས་དང་བཤད་རེས་གཏུགས་ཏེ་ལོ་གཅིག་ཙམ་ཕྱིན་ཡོད་པ་དང་། ད་ལྟ་དཀའ་རྙོག་དེ་ཐད་ཀར་བཅའ་ཁྲིམས་ཀྱིས་འགན་དབང་བསྐུར་ཡོད་པའི་དབུས་འོས་བསྡུ་ལས་ཁུངས་ནས་ཐག་གཅོད་ལེན་པའི་སྐེ་མཚམས་དེར་སླེབས་སྐབས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་ཡིས། ནང་འགྲིག་ཞི་གནས་ཡོང་ཐབས་སུ་ལས་གང་ཡང་མགོ་མ་བརྩམས་གོང་ལ་གསར་འགོད་པ་རྣམས་བསྡུས་ཏེ། འོས་བསྡུ་ལས་ཁུངས་ཀྱིས་དཀའ་རྙོག་དེའི་ཐད་བཅའ་ཁྲིམས་ནང་གསལ་གྱིས་མཐའ་དེ་རིང་བར་དུ་གནང་བཞག་པ་དང་གནང་མུར་ལུས་པ་དེར་ངོས་ལེན་དང་རྒྱབ་སྐྱོར་མེད་པའི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་བ་དེར་བློ་འཚབ་ཆེན་པོ་བྱུང་ལ། འདིས་ང་ཚོའི་དཀའ་རྙོག་གྲིབ་ནག་ཅན་འདི་མུ་མཐུད་ལྷག་རྒྱུར་ཉེན་ཁ་བཟོ་ཡི་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལྷན་ཁང་ནས་བཅའ་ཁྲིམས་སྲུང་སྐྱོབ་དང་ལག་བསྟར་གྱི་སྐྱོན་གནས་དང་བར་སྟོང་ཆེན་པོ་ཞིག་ཏུ་གྱུར་ཏེ། མ་འོངས་པར་ག་དུས་འདི་ལྟ་བུའི་དཀའ་རྙོག་བྱུང་ན་དེ་དུས་ཕྱི་ལོ་ ༢༠༢༡ ལོར་དཀའ་རྙོག་བྱུང་སྐབས་ཐག་གཅོད་འདི་འདྲ་བྱས་པའི་ལམ་ལུགས་ཡོད་པ་རེད་ཟེར་ནས་ལུང་འདྲེན་དང་། བདེན་སྣ་འདྲེན་བྱེད་ཀྱི་ཆབ་སྲིད་པའི་ལག་ཆ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ནི། ད་ལྟའི་ལམ་ལུགས་ལུང་འདྲེན་ལས་གསལ་པོ་ཆགས་ཡོད་དུས། བོད་ལ་སེམས་འཁུར་ཡོད་ཟེར་མཁན་ཞིག་གིས་བསམ་ཚུལ་ཞིག་མ་བཤད་ན་འཁན་མ་འཁུར་བ་རེད་བསམ་པའི་ཐོག་ནས་རྩོམ་ཐུང་འདི་འབྲི་བའི་ལས་བརྩམས་པ་ཡིན།

ཚོགས་པ་བཞི་དེའི་འབོད་སྐུལ་དོན་ཚན་གསུམ་གྱི་ནང་ནས་དང་པོ་དང་གཉིས་པར་དོགས་འདྲི་གཉིས་ཡོད།  

གཅིག  བདམས་ཐོན་སྤྱི་འཐུས་ ༤༤ ནས་དམ་འབུལ་ཞུ་ཡུལ་ཁག་གཉིས་བྱས་ནས་ཕུལ་ཟིན་པ་དེ་དག་བཅའ་ཁྲིམས་ནང་གསལ་ཆ་མེད་ཅེས་པ་དེ་ཁྱེད་རྣམ་པས་གཞི་རྩ་གང་ཞིག་གི་ཐོག་ནས་བསྒྲགས་པ་ཡིན།

ཁྱེད་རྣམས་ཀྱི་གསལ་བསྒྲགས་ནང་བདམས་ཐོན་སྤྱི་འཐུས་ ༤༤ ནས་དམ་འབུལ་ཞུ་ཡུལ་ཁག་གཉིས་བྱས་ནས་ཕུལ་ཟིན་པ་དེ་དག་བཅའ་ཁྲིམས་ནང་གསལ་ཆ་མེད་ཀྱང་དེ་སྔ་ཚོགས་གཙོ་རེས་མོས་བྱེད་པའི་ལམ་ལུགས་ཡོད་པ་བཞིན་ཞེས། ཁྲིམས་སྒྲིག་གི་འགྲེལ་བཤད་ལས་སྔར་བྱུང་ཟིན་པའི་དཀའ་ངལ་ལམ་འུ་ཐུག་གི་ཐག་གཅོད་དེ་གལ་ཆེ་བ་ཡིན་པའི་སྐད་ཆ་དེ་མཐོང་བ་དང་ཨ་ཁ་་་་་་་་་། སྐྱབས་མགོན་ཡིད་བཞིན་ནོར་བུས་གསོལ་སྩལ་གནང་བཞག་པའི་ང་ཚོའི་དམངས་གཙོ་འདི་མ་འོངས་པར་བཅའ་ཁྲིམས་ཟུར་འཇོག་བྱས་ཏེ་ཐབས་སྡུག་གི་ལམ་ལུགས་ཀྱིས་དབང་བསྒྱུར་འགྲོ་བ་དང་། ལམ་ལུགས་དེའང་གང་ཟག་གི་དབང་བསྒྱུར་བའི་ལམ་ལུགས་ཤིག་གི་དབང་དུ་འགྲོ་ས་རེད་དྲན་ནས་སེམས་ཕམ་པོ་བྱུང་།

ང་ཚོའི་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ཞེ་བདུན་པའི་ནང་དུ། འདེམས་ཐོན་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་ལས་རྒྱུན་རིང་སོས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་གཞག་བྱེད་དགོས། གལ་ཏེ་ལས་རྒྱུན་འདྲ་མཉམ་བྱུང་ཚེ་དེའི་ཁོངས་ནས་རང་ལོ་བགྲེས་ཤོས་དེར་བསྐོ་གཞག་བྱེད་དགོས། བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུས་རྗེས། སྤྱི་འཐུས་རེ་རེས་རང་ཉིད་སྤྱི་འཐུས་ཀྱི་ལས་འཁུར་དུ་མ་ཞུགས་གོང་བར་བརྒལ་ཚོགས་གཙོའི་མདུན་སར་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས། ཚོགས་གཙོ་དང་ཚོགས་གཞོན་འདེམས་ཐོན་བྱུང་རྗེས་ཚོགས་གཙོའི་མདུན་སར་དམ་འབུལ་ཞུ་དགོས་པ་དང་། ཚོགས་གཙོ་ས་གནས་སུ་མེད་སྐབས་ཚོགས་གཞོན་མདུན་སར་དམ་འབུལ་ཞུ་དགོས། ཞེས་ཧ་ཅང་ཁ་གསལ་པོ་ཡོད་བཞིན་དུ། ཚོགས་པ་བཞི་ཡི་ཚོགས་གཙོ་རྣམ་པས་དམ་འབུལ་ཞུ་ཡུལ་ཁག་གཉིས་དེ་དག་བཅའ་ཁྲིམས་ནང་གསལ་ཆ་མེད་ཅེས་བཅའ་ཁྲིམས་རིན་པོ་ཆེར་འདི་ལྟར་ཀླན་ཀ་འཚོལ་དགོས་དོན་གང་ཡིན་ནམ། ཁྱེད་རྣམ་པས་བསམ་པ་ཡར་སེམས་དང་སྐུད་པ་ཡར་འཁེལ་གྱི་དགོངས་པ་བཞེས་ཀྱི་ཡོད་ན། མ་གསལ་པ་ཞིག་གསལ་པོ་བཟོ་ཐབས་ཀྱི་ལམ་སྟོན་དགོས་པ་ལས། གསལ་པོ་ཡོད་པ་ཞིག་མི་མང་ནང་གསལ་པོ་མེད་ཐབས་དང་དོགས་འདྲོགས་ཡོང་བའི་ལས་རྩོམ་བཞིན་པ་ནི། ཚོགས་པ་སྒྲིག་འཛུགས་ཤིག་གི་གནང་སྟངས་རྩ་བ་ནས་མིན་ལ། ལས་ཐོག་ཚོགས་གཙོ་རྣམ་པས་མི་མང་གིས་མགོ་ཡག་པོ་འཚོས་ཀྱི་མེད་པའི་གོ་སྐབས་བཟུང་སྟེ་མགོ་འཐོམ་བྱེད་བཟོ་བ་དང་། ང་ཚོའི་རྒན་རབས་པ་རྣམས་པས་ཁ་སྟབས་ཧ་ཅང་སྐྱོ་པོ་ཞིག་གི་འོག་ནས་སྐུ་ལས་བསྐྱོན་ཏེ་གཏན་འབེབས་གནང་བཞག་པའི་བཅའ་ཁྲིམས་རིན་པོ་ཆེར་གསལ་བཞིན་དུ་གསལ་ཆ་མེད་པ་རེད་ཅེས་དམའ་འབྱིན་ཐབས་གནང་དགོས་དོན་ཅི་ཡིན་ནམ།

དེང་སང་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་མང་པོའི་ནང་དམངས་གཙོ་ནུས་མེད་དང་ཉམས་ཞན་དུ་འགྱུར་བཞིན་པའི་རྒྱུ་གཙོ་བོ་ཞིག་ནི། ཆབ་སྲིད་ཀྱི་གནད་འགག་ལ་ཐུག་སྐབས། སྔར་གྱི་ལམ་ལུགས་སྡུག་པོ་རྣམས་ལག་ཆ་ལྟ་བུར་བཀོལ་སྤྱོད་བྱེད་ཡོང་གི་ཡོད་པ་རེད་ལ། དུས་རབས་ཉེར་གཅིག་པའི་ནང་དམར་ཤོག་ཡུལ་ལུང་ཁག་གི་ནང་དམངས་གཙོའི་མྱུ་གུ་འབུས་མ་ཐུབ་པའི་རྐྱེན་རྩ་ངོ་མ་དེའང་སྔར་གྱི་ལམ་ལུགས་ངན་པ་རྣམས་སྒེར་གཅོད་ཆབ་སྲིད་པས་རྒྱུན་འཁྱོངས་བྱེད་བཞིན་པའི་དབང་གིས་ཡིན་པ་དེ་ཚང་མས་མཁྱེན་ཆུབ་ཏུ་སོང་འདིར་ཞུ་དགོས་མ་མཆིས། ལྷག་པར་དུ་ང་ཚོའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པས་ཆབ་སྲིད་ཀྱི་འཐབ་རའི་ནང་དམངས་གཙོ་ངོ་མ་ཞིག་ཇི་ལྟར་སྲུང་སྐྱོབ་དང་གཅེས་སྤྲས། ལག་བསྟར་དགོས་མིན་མཁྱེན་དགོས་ངེས་ཡིན་སྟབས་ངེས་པར་དུ་ཐུགས་གཟབ་གནང་རོགས། ངེས་པར་དུ་འཕྲལ་ཕུགས་རྒྱངས་གསུམ་ལ་དགོངས་པ་བཞེས་པའི་ཐོག་ནས་ང་ཚོའི་དམངས་གཙོ་འདི་སྲུང་སྐྱོབ་གནང་རོགས། སྐབས་འཕྲལ་གྱི་གནས་དོན་ལ་བསྟུན་མཁས་དང་སྐབས་འཕྲལ་གྱི་འགག་རྩ་དེ་ཁོ་ན་ལས་གྲོལ་ཆེད། ང་ཚོའི་རིན་ཐང་བྲལ་ཞིང་སྐྱབས་མགོན་དོན་གྱི་བདག་པོའི་ཐུགས་དགོངས་ཀྱི་རྒྱ་མཚོ་ལས་འཁྲུངས་པའི་མྱུ་གུ་རྩ་ཆེན་པོ་འདིའི་ལོ་མ་ཙམ་ལ་བལྟས་ཏེ་རྩ་བ་ནས་རུལ་འགྲོ་བའི་ཉེན་གནས་རིགས་གཏན་ནས་མ་རྩོམ་རོགས་ཞུ།

གཉིས། སྐབས་ ༡༧ པའི་སྤྱི་འཐུས་དང་སྲིད་སྐྱོང་གི་དམ་འབུལ་ཞུ་ཕྱོགས་ཁྲིམས་སྒྲིག་དང་མཐུན་མིན་གྱི་རྙོག་གླེང་དེ་རིགས་ཕྱོགས་ཚང་མས་གཞུང་བསྟེན་སྲུང་མ་དམར་ནག་གཉིས་དཔང་པོར་བཞག་ནས་མ་འོངས་པར་གླེང་སློང་རྩ་བ་ནས་མི་གནང་རྒྱུ་ཞེས་བརྗོད་འདུག  ཁྱེད་རྣམ་པར་གནས་དོན་དེ་དངོས་སུ་ལག་བསྟར་ཡོང་ཐུབ་པའི་རང་ངོས་ཀྱི་ནུས་ཤུགས་དང་རོགས་ངོས་ཀྱི་རམ་འདེགས་ག་ཚོད་ཅིག་ཡོད་པའི་གདེང་ཚོད་ཡོད་དམ།

ད་ལྟ་འདེམས་ཐོན་སྤྱི་འཐུས་ ༤༥ ནང་གཞུང་འབྲེལ་སྲུང་མ་ཁས་ལེན་དང་མི་ལེན་མཁན་གཉིས་ཀ་ཡོད་པ་འདས་པའི་གྲོས་ཚོགས་ཀྱི་ལས་རིམ་ནང་ནས་ང་ཚོས་གསལ་པོ་ཤེས་ཀྱི་ཡོད་དུས། གཞུང་འབྲེལ་སྲུང་མ་ཁས་མི་ལེན་མཁན་རྣམས་ཁྱེད་རྣམ་པས་མཉམ་འཁྲིད་གནང་ཐུབ་པའི་ཐབས་དང་ལམ་སྟོན་ག་རེ་གནང་ཟིན་པ་དང་གནང་འཆར་ཡོད་དམ། ཁྱེད་རྣམ་པས་ཕྱོགས་ཚང་མས་ཞེས་བརྗོད་དུས་འདེམས་ཐོན་སྤྱི་འཐུས་རྣམས་ཁོ་ནར་གསུང་གི་ཡོད་ན། གྲོས་ཚོགས་ནང་མ་གསུང་པ་ཙམ་གྱིས་གླེང་རྙོག་དེ་ང་ཚོའི་སྤྱི་ཚོགས་ནང་འཇའ་ཡལ་བ་ལྟར་མེད་འགྲོ་བ་ཞིག་ཡོང་གི་རེད་དམ། དེ་འདྲ་མ་ཡོང་ན་གལ་སྲིད་གླེང་གི་མིན་ཞེས་ཁས་ལེན་དམ་བཅའ་བྱེད་མཁན་ཞིག་བྱུང་བའི་དབང་དུ་བཏང་ཡང་ང་ཚོའི་གླེང་རྙོག་འདི་མུ་མཐུད་ལྷག་འདུག་པ་རེད།

སྤྱིར་བཏང་ང་ནི་ལོ་ངོ་ ༡༥ ཙམ་རིང་སློབ་གྲྭ་འདྲ་མིན་ནང་ཕྱིན་བསྡད་པ་ཞིག་མ་གཏོགས་ཆོས་ཕྱོགས་ནས་གང་ཡང་མི་ཤེས་པའི་བླུན་པོ་དད་པའི་རྗེས་འབྲིང་བ་རྣལ་མ་ཞིག་ཡིན། ཡིན་ནའང་། གངས་ཅན་སྐྱིད་གཤོངས་ནས་ཡུན་རིང་བསྡད་པ་དང་གྲོས་ཚོགས་རིམ་པའི་ལས་ཉིན་ཕལ་ཆེར་བ་ཆད་ལུས་མེད་པར་ལྟ་འདུག་མཁན་ཞིག་ཡིན་སྟབས། ཁྱེད་རྣམ་པའི་ཉིན་མོའི་རྨི་ལམ་ལྟ་བུ་ཞིག་གསུང་བཞིན་པ་དེ་ནི་ཁ་ཙམ་ལས་དོན་དུ་ཡོང་བ་ཞིག་ཡིན་པའི་ངེས་ཤེས་རྩ་བ་ནས་རྙེད་ཀྱི་མི་འདུག་པས་དོགས་འདྲི་འདི་ཞུ་དགོས་བྱུང་། ཁྱེད་རྣམ་པ་ཡིན་ནའང་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་རང་གི་སྤྱི་ཚོགས་ལ་འགན་འཁུར་བའི་དམ་བཅའ་བཞག་ཟིན་པའི་རྒྱུན་ལས་འགན་ལྡན་ཤ་སྟག་ཡིན་དུས། ཚིག་སྙན་པོ་དང་ཉན་པོ་བདེ་བོ་ཙམ་ལ་བརྩོན་ལེན་མ་གནང་བར་ངེས་པར་དུ་དོན་ལ་ཡོང་མིན་སྔ་ས་ནས་དགོངས་པ་བཞེས་གལ་ཆེན་པོ་རེད། ལྷག་པར་དུ་དྲིལ་བསྒྲགས་རིགས་ཀྱི་སྡིངས་ཆར་ཆ་ཤས་བཞེས་སྐབས། ང་ཚོ་ཚང་མར་སྐྱོན་ཆེན་པོ་ཞིག་ཡོད་པ་ནི། བོད་དོན་བོད་མིས་གཅེས་པའི་ཁ་ཚ་དགོས་གཏུག་ཅན་དང་གཞན་ཕྱོགས་ཟིལ་གྱིས་གནོན་པའི་དགོས་མཁོ་ཅན་གཉིས་དབྱེ་བ་དེ་ཙམ་མེད་པའི་ཐོག་ནས་རྨི་ལམ་ལྟ་བུ་ཞིག་ཏུ་འདྲིས་ཏེ་ལས་ཀ་བྱེད་པ་དང་སྐད་ཆ་བཤད་པའི་སྐྱོན་ཆེན་པོ་འདུག སྐྱོན་དེ་ལྷག་པར་དུ་ཁྱེད་རྣམས་ལས་འགུལ་བ་དང་ཆབ་སྲིད་པའི་ནང་ཧ་ཅང་མང་པོ་ཡོང་གི་འདུག

དེ་འདྲ་སོང་ཙང་། ད་ལྟའི་དུས་སྐབས་འདི་ལ་ང་ཚོ་བོད་མི་སྒེར་རེ་རེ་དང་། ཚོགས་པ་སྐྱིད་སྡུག་དག་གིས་སེམས་ཚོར་ཙམ་འཁུར་ཏེ།  ཆབ་སྲིད་པའི་བཤད་ཡམས་དང་ཤུགས་རྐྱེན་འདྲ་མིན་གྱི་འོག་ནས་ང་ཚོའི་དཀའ་རྙོག་འདི་ལ་ཁ་ལག་ཐོན་ན་ཕན་ལས་གནོད་ཆེ་བར་མཐོང་། གཅིག་ནས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལྷན་ཁང་གི་འགན་དབང་ལ་དོ་ཕོག་ཡོང་གཞི་དང་། དེའི་རྐྱེན་པས་ལོ་རྒྱུས་ནང་སྐྱོན་གནད་ལྷག་ཉེན་ཡོད་པ། གཉིས་ནས་བོད་ཀྱི་ཚོགས་པ་བཞི་དེ་ང་རང་ཚོའི་སྤྱི་ཚོགས་ནང་གང་ལ་གང་ཙམ་གྱི་ཆེ་མཐོང་དང་བརྩི་བཀུར་ཐོབ་པའི་ཚོགས་པ་རེ་ཡིན་ལ། ཚོགས་པ་དེ་དག་གི་ཚོགས་མིའི་ཁྲོད་ད་ལན་གྱི་དཀའ་རྙོག་འདིའི་ཐད་ལྟ་བ་དང་ལངས་ཕྱོགས་མ་འདྲ་བ་འཛིན་མཁན་ཡོད་པ་བརྗོད་མི་དགོས་པ་ཞིག་ཡིན་སྟབས། ཚོགས་པ་བཞི་དེའི་ལས་ཐོག་ཚོགས་གཙོ་རྣམ་པས་གནད་དོན་འདིའི་ཐད་སྐྱིད་སྡུག་མཉམ་མྱོང་གནང་མཁན་གྱི་ཚོགས་མི་ཚོར་བསམ་ཤོག་བསྡུ་རུབ་དང་གྲོས་བསྡུར་རིགས་གནང་ཡོད་དམ། གལ་སྲིད་མེད་པ་ཡིན་ན་ཚོགས་པའི་ཆེ་མཐོང་དང་ངོས་འཛིན་ལའང་གནོད་སྐྱོན་ཡོང་སྲིད་པ་ཞིག་རེད།

གང་ལྟར་བརྒྱ་བཤད་སྟོང་བཤད་ཀྱི་རྩ་བ་ནི། ད་ལྟ་རང་རིགས་བོད་མི་མང་པོས་དབུས་འོས་བསྡུ་ལས་ཁང་དང་ཚོགས་དྲུང་ལས་ཁུངས་ནས་ང་ཚོའི་དཀའ་རྙོག་འདི་ལ་བཅའ་ཁྲིམས་གཞི་རྩར་བཟུང་བའི་ཐོག་ནས་ལམ་སྟོན་དང་ཐག་གཅོད་ཅིག་གི་མགོ་བརྩམ་གནང་གི་རེད་བསམ་པའི་ཆོད་སེམས་བརྟན་པོའི་ཐོག ཉིན་དང་ཉིན་བྱས་ཏེ་རེ་སྒུག་བྱེད་བཞིན་པའི་སྐབས་འདིར། ཚོགས་པ་དང་སྐྱིད་སྡུག་སོགས་ནས་ཀྱང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལྷན་ཁང་གི་བཅའ་ཁྲིམས་གཞིར་བཟུང་གི་ཐག་གཅོད་དང་ལམ་སྟོན་ལ་གུས་བརྩི་དང་རྒྱབ་སྐྱོར་གནང་དགོས་པ་དེ་ནི། གཞིས་ཀྱི་སྤུན་ཟླ་ཁྲི་ཕྲག་མང་པོས་ང་ཚོར་བསྐུར་བའི་ལས་འགན་ཡིན་ལ། ལོ་རྒྱུས་ཀྱིས་ང་ཚོར་བསྐུར་བའི་གཡོལ་དུ་མེད་པའི་འོས་འགན་ཡང་རེད། མདོར་བསྡུས་ན། བོད་མིར་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་གི་འདུ་ཤེས་འཛིན་མཁན་ཞིག་ཡིན་ཕྱིན། བོད་མིའི་སྒྲིག་འཛུགས་དཀྱིལ་སྙིང་དུ་འཛིན་དགོས་པ་ནི་སྒྲིག་འཛུགས་འདི་སྲ་བརྟན་རྒྱུན་གནས་དང་ནུས་པ་གོང་འཕེལ་དུ་གཏོང་བའི་ཐབས་ལམ་ཉག་གཅིག་པུ་དེ་རེད་ཅེས་ཞུ།

མཆན། གོང་དུ་བཀོད་པའི་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༧ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༩ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༡༠ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 7

  1. Khenrap says:
    ལོ་ 4 སྔོན།

    Author indicated himself involved with the Right party and refusing to look for amicable solution. Majority commentators here also indicated representing one sided group. We, the majority of Tibetans are not with the Right and Left parties. You people must stop all those provocative statements and writings for resolving pending issue for the national interest. In order to bring all three provinces into unity, these four NGOs are the first in Tibetan community who put their effort to find solution. They should be appreciated for their thoughts and initiative. After the impeachment of TSJC, the Centrex of three provinces located in Dharamsala are the first who created communal problem and fraction. People like you are adding fuel to the fire and escalate communal riot. This is what you are serving and contributing to the Tibetan community. Always writes nonsense, talk nonsense, seek further division. Everything is against the expectation of His Holiness.

    Reply
  2. ཚེ་བརྟན་འགྱུར་མེད། says:
    ལོ་ 4 སྔོན།

    མཁའ་སྤྱོད་མའི་བསམ་ཚུལ་སྙིང་དོན་ལ་རྒྱབ་བསྐྱོར་ཡོད། ཚོགས་པའི་བཞིའི་འཐུས་མིས་རྙོག་ཁྲ་གསལ་ཐབས་ཀྱི་འབད་བརྩོན་གནང་བར་དགའ་བསུ་ཡོད་ཀྱང་ཁྲིམས་དང་སྒྲིག་གཞི་འགལ་བའི་ཐབས་བྱུས་ལ་ངོ་ལེན་མེད། དེ་ལྟའི་སྲོལ་ངན་གྱི་ངལ་བསེལ་མ་གནང་ན་ལེགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ཕུད་པས་དེ་མིན་ཚོགས་པ་གསུམ་ནི་སྤྱི་ཚོགས་ནང་འབྲེལ་ཆེ་བས་ཚོགས་པ་དེ་དག་ནས་བོད་རྒྱལ་ཁབ་དང་མི་མང་གི་གནས་དོན་དུ་བསམ་ཞིབ་ནན་གཏན་ཞུ་དགོས་པ་ལས་གང་བྱུང་མང་བྱུང་ཀྱི་བསམ་ཚུལ་བཏོན་ན་ཚོགས་པ་དེ་དག་ལ་མིང་ཆད་ཡོང་གཞི་ལས་གཟབ་རོགས།
    མདོར་དོན་དུ་གང་ཟག་གི་དབང་ནུས་ལས་ཁྲིམས་དང་སྒྲིག་གཞི་ནི་སྤྱི་བའི་ནུས་པ་དང་ཕམ་བདེ་ལ་སོང་ཁྲིམས་དང་སྒྲིག་གཞི་འོག་ནས་ཐབས་ལམ་འདོན་ཐབས་ཤིག་ཡོད་ན་གནང་རོགས། ཕྱོགས་གཅིག་གིས་འདོད་དོན་འགྲུབ་ཆེད་དུ་ཕྱོགས་གཞན་དེའི་ཁྲིམས་མཐུན་ཐོབ་དབང་བོར་ནས་ལྷིང་འཇགས་སམ་ཐོབ་མེད་ཀྱི་རྒྱལ་ཁའི་ appeasement ཐབས་བྱུས་དེ་མ་གནང་ན་ཆེར་མི་བཟང་ངམ། མེད་ན་ངན་པ་ལངས་ཤོར་དང་གཉང་མ་རྒྱུན་ཆད་མེད་པའི་ལམ་ཞིག་དགོས་གནད་མིན་འདུག་ལགས།།

    Reply
  3. ཚེ་དཔག་རིག་འཛིན། says:
    ལོ་ 4 སྔོན།

    ད་ལྟས་ངན་རེད། སྔོན་མ་ཡིན་ན། ཚོགས་པ་བཞི་པོ་འདི་དག་ལ་མི་དམངས་ནས་རེ་བ་དང་། ཡིད་ཆེས་གང་ཙམ་ཞིག་བཅོལ་ཡུལ་བྱས་ཏེ་ཆེ་མཐོང་ཡང་ཨའོ་ཙམ་འདྲ་ཞིག་ཡོད་བསམས་ཀྱི་ཡོད། ད་ཚར་ཚར་འདུག རེ་བ་གང་ཡང་མེད། དེ་ལས་བོད་ཡོག་ཀློག་ཤེས་མཁན་བོད་རིགས་རྣམས་ལ་རེ་བསྐུལ་ཞིག་ཞུ་རྒྱུ་ཡིན། ཤེས་རབ་དར་རྒྱས་ཀྱིས་བརྩམས་བསྒྲིགས་གནང་བ། ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ། ཅེས་པའི་པོད་ཕྲེང་གཉིས་པོ་དེ་ཞིབ་མོར་བྱས་ནས་བཀླག་རོགས་གནང་དང་། སྔ་མོ་རང་རེའི་བོད་ཀྱི་སྲི་ཞུ་བ་ཚོས་འདས་ད་མ་འོངས་པར་བྱས་རྗེས་ཅི་དང་གང་ཡང་བཞག་འདུག་པས། དེ་ལ་གཟིགས་མོ་གཟིགས་རོགས་གནང་། བསམ་ཞིབ་གནང་རོགས་གནང་། སུ་འགྲིག་དང་སུ་མ་འགྲིག་པའི་གནད་དོན་ནི། རང་རང་སོ་སོས་དཔྱད་དགོས། དཔེ་དེབ་ཆ་ཚང་ཀློག་མི་འདོད་ནའང་། ལེའུ་ ༣༩ གཞུང་འཛིན་ཤོག་ཁག་དང་སྟག་མཚེར་ཡག་གཞིས་ཚང་། ཞེས་པའི་ལེའུ་འདི་གཅིག་པུ་བཀླགས་ཏེ། གནད་དོན་གཅིག་རང་གཅིག་ལ་བསམ་ཤེས་ཡག་པོ་གནང་རོགས་གནང་། ༧རྒྱལ་བ་རིན་པོ་ཆེ་སྐུ་ན་ཕྲ་དུས་སུའང་ཁོང་དང་། ཁོང་གི་ཡབ་གཞིས་སྐུ་འཁོར་གྱིས་སྐུ་ངལ་ག་ཚོད་བསྲན་བཞེས་
    གནང་དགོས་བྱུང་འདུག་པ་དེ་གཅིག་པུ་ལ་བསམས་ནའང་། རང་རེ་བོད་འབངས་ཚོས་༧རྒྱལ་བ་རིན་པོ་ཆེའི་བཀྲིན་ནམ་ཡང་གསབ་མི་ཐུབ་པ་རེད་ལགས། ཚོགས་པ་བཞི་པོ་འདིས་རྡ་སར། འཁྲབ་སྟོན་སྣ་མིན་སྣ་ཚོགས་གང་འདྲ་བྱེད་རྐྱང་བྱས་ཀྱང་། དོན་དམ་པའི་བརྩི་བསྐུར་ཞུ་ས་ནོར་ཚར་དུས། ཅི་གང་ཡང་བྱེད་མི་ཐུབ་པ་གསལ་གསལ་ཐང་ཐང་རེད་ལགས།། །།

    Reply
  4. Sonam Gyaltsen says:
    ལོ་ 4 སྔོན།

    2021/08/04 ཉིན་མོ་འདི་ནི་ ལྟས་ངན་པས་ཚོགས་པ་བཞི། 1 གཞོན་ནུ་ཚོགས་པ། ☠️ 2 བོད་རང་བཙན་སློབ་ཕྲུག ☠️ 3 བུ་མེད་ཚོགས་པ། ☠️ 4 བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ་ ☠️ ཚོས་་་་་ བཙན་བྱོལ་གཞུང་གཏོར་ཤིག་གཏོང་མཁན་ སྤྱི་འཐུས་ཚོགས་གཙོ། ཚོགས་གཞོན། སྤྱི་འཐུས་ཇག་ལང་ ༢༢ དེ་ལ་ རྒྱབ་སྐྱོར་བྱས་པས་རྗེས་དྲན་ཞིག་ཆགས་བསྡད་ཡོད།།
    ལྟས་ངན་པས་ཚོགས་པ་བཞིའི་་་ བཙན་བྱོལ་གཞུང་གཏོར་ཤིག་གཏོང་མཁན་ སྤྱི་འཐུས་ཚོགས་གཙོ། ཚོགས་གཞོན། སྤྱི་འཐུས་ཇག་ལང་ ༢༢ དེ་ལ་ རྒྱབ་སྐྱོར་བྱས་པ་ དེ་དང་། དུས་རྒྱུན་ཁོང་ཚོས་ བོད་དོན་ལས་གུལ་ཐོག་ཞེ་པོ་བྱེད་ཀྱི་ཡོད་དོག་དོག་དེ་ གྲོད་ཁོག་བཙོང་ཡ་དང་འབྲས་དཀར་ཡིན་པ་གསལ་པོ་བསྟན་པ་རེད།།

    Reply
  5. ངའི་ཁྲག་དང་རུས་པ་བོད། says:
    ལོ་ 4 སྔོན།

    དར་ནག་ཚོར་ནམ་ཡང་འགྲིག་པ་མེད།

    Reply
  6. འཕྲོད་བྱེད་དགའ་མ། says:
    ལོ་ 4 སྔོན།

    གཞན་གྱིས་བརྒྱུད་བསྐུལ་འོག་ནས་ཐོན་པའི་བོད་མིའི་སྒྲིག་འཛུགས་གཏོར་བྱེད་ཀྱི་གསར་འགོད་གསལ་བསྒྲགས་འདི་རིགས་ལ་བོད་མི་རྣམས་ནས་གཟབ་གལ་ཆེ། རྙོག་དྲ་ཞིག་ཡོད་པ་དང་མི་འདིའི་རིགས་ཚོགས་པའི་མིང་འཁྱེར་ནས་ཐོན་ཡོང་གི་འདུག བཙན་བྱོལ་སྤྱི་ཚོགས་ནང་ནད་ཡམས་ཀྱི་དཀའ་ངལ་འཕྲད་བསྡད་པའི་སྐབས་ཁྱེད་ཚོ་མགོ་ས་ལ་འཛུལ་བསྡད་པ་མ་ཡིན་ནམ།

    Reply
  7. པདྨ་ says:
    ལོ་ 4 སྔོན།

    ཚོགས་པ་བཞིའི་མང་བེད་སྤྱད་ནས་ཨོ་རྟོབས་འཁོར་ཚོགས་ཀྱིས་འདོད་དོན་སྒྲུབ་པ་ཙམ་རེད།
    སྤྱི་ཚོགས་དང་སྒྲིག་འཛུགས་དམགས་གཙོ་བཅའ་ཁྲིབས་སོགས་ལ་བསམ་བློ་གང་ཡང་བཏང་མི་འདུག།
    མཁའ་སྤྱོད་མ་ལ་རྒྱབ་སྐྱོར་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese