བོད་རིགས་བུ་མོ་ཨ་མཚོའམ་ལྷ་མོ་ལགས་བསམ་བཞིན་དུ་དམར་གསོད་བྱས་པའི་ཉེས་མིང་འོག་ཁོང་མོའི་ཁྱོ་ག་སྔོན་མ་ཐང་ལོང་ཟེར་བའི་རྒྱ་རྒན་དེར་སྲོག་ཁྲིམས་བཅད་ཡོད་འདུག
དེ་རིང་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་དེས། འདས་ལོར་རང་ཁྱིམ་ནས་གསོན་སྲེག་བཏང་བའི་བོད་རིགས་བུ་མོ་ཨ་མཚོའམ་ལྷ་མོ་ལགས་གསོན་སྲེག་བཏང་བའི་གྱོད་དོན་ཐད་དངོས་སུ་ཁྲིམས་ར་འཚོགས་ཏེ། རྒྱ་རིགས་ཐང་ལོང་ཟེར་བ་དེས་ཨ་མཚོ་བསམ་བཞིན་དུ་བསད་པའི་ནག་ཉེས་ར་སྤྲོད་བྱས་ཏེ་སྲོག་ཁྲིམས་བཅད་པ་ཡོངས་བསྒྲགས་བྱས་ཡོད་འདུག་ལ། ཨ་མཚོ་ལགས་ཀྱི་གཅེན་མོ་སྒྲོལ་མས་གཙོས་ཁྱིམ་མི་ཚོས་དེ་སྔ་ནས་གྱོད་དོན་དེར་ཁྲིམས་ཁང་ནས་དྲང་བདེན་གྱི་ཐག་གཅོད་ཅིག་ལེན་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
ཨ་མཚོ་ལགས་ནི་རྒྱལ་རོང་ཁྲོ་སྐྱབས་ཀྱི་ཞིང་བའི་ཁྱིམ་ཚང་དཀྱུས་མ་ཞིག་གི་བུ་མོ་ཡིན་ཞིང་། ཕྱི་ལོ་ ༢༠༠༩ ལོར་རྒྱ་རིགས་སྐྱེས་པ་ཐང་མིང་ཅན་དེ་དང་གཉེན་སྒྲིག་བྱས་རྗེས་བུ་ཕྲུག་གཉིས་སྐྱེས་ཡོད་ན་ཡང་། རྗེས་སུ་སྐྱེས་པ་དེས་ཁོང་མོར་གཅར་རྡུང་དང་མནར་གཅོད་མང་པོ་བཏང་བར་བརྟེན། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༨ ཉིན་ཁོང་མོ་རྒྱ་རིགས་སྐྱེས་པ་དེ་དང་བཟའ་འཐོར་གྱིས་ཕྱིར་ནང་དུ་ལོག་ཡོད། འོན་ཀྱང་། རྒྱ་རིགས་སྐྱེས་པ་དེས་ཁོ་གཉིས་བསྐྱར་དུ་འགྲིག་མཐུན་ཡོང་བར་རེ་བ་ཐེངས་མང་བརྒྱབ་མྱོང་ནའང་གྲུབ་འབྲས་མ་ཐོན་སྟབས། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༤ ཉིན་གྱི་དགོང་མོར་ཨ་མཚོ་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་བརྒྱུད་ཐད་གཏོང་བྱེད་བཞིན་པའི་སྐབས་དང་བསྟུན་རྒྱ་རྒན་དེ་གློ་བུར་དུ་ཁོང་མོའི་ཁྱིམ་དུ་འཛུལ་ཏེ། ལུས་ཡོངས་སུ་ས་སྣུམ་བླུགས་ནས་མེར་སྲེག་བཏང་ཡོད་པ་དང་། ཅུང་ཙམ་འགོར་རྗེས་ཁྱིམ་མཚེས་སོགས་ཀྱིས་ཨ་མཚོ་འབར་ཁམས་སྨན་ཁང་དུ་འཁུར་ནས་མྱུར་སྐྱོབ་བྱས་ཡོད་ཀྱང་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་འདས་གྲོངས་སུ་ཕྱིན་ཡོད་པ་རེད།
ཨ་མཚོ་ལགས་ནི་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་། ཁོང་མོའི་དྲྭ་མིང་ལ་བུ་མོ་ནག་པོའམ་ལྷ་མོ་དང་། ཁོང་མོས་ཐུགས་རྗེ་ཆེན་པོའི་ལྕགས་ཟམ་ཁར་ཚོང་ཁང་ཆུང་ཆུང་ཞིག་ཕྱེ་ནས་ཚོང་ལས་གཉེར་ཞོར་དུ་དབྱར་ཁ་རི་མགོ་ནས་སྤྲུ་ནག་དང་ལྕུམ་རྩ། དབྱར་རྩྭ། ད་དུང་རྩྭ་སྨན་དང་སྔོ་སྨན་གྱི་རིགས་སོགས་འདྲ་མིན་བརྐོ་ཞོར་དུ། ཡུལ་དངོས་ཀྱི་འཚོ་བའི་སྣང་བརྙན་དངོས་ཐད་གཏོང་བརྒྱུད་དྲ་ལམ་དུ་སྤེལ་བཞིན་ཡོད་སྟབས། མོའི་ཐད་གཏོང་ནང་ལྟ་མཁན་མི་ཁྲི་ ༢ ལྷག་དང་དགའ་མོས་བྱེད་མཁན་མི་གྲངས་ཁྲི་ ༩༠ བརྒལ་ཡོད་འདུག་ལ། ཁོང་མོ་མེར་སྲེག་བཏང་བའི་ཡ་ང་བའི་གནས་ཚུལ་དེ་བྱུང་སྐབས་དྲ་ལམ་ནས་གདུང་སེམས་མཉམ་སྐྱེད་བྱེད་མཁན་དང་སྲིད་གཞུང་གིས་གྱོད་དོན་དེར་ངེས་པར་དུ་ཁྲིམས་ལྟར་ཐག་གཅོད་ནན་པོ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
འབྲེལ་ཡོད་གནས་ཚུལ། https://tibettimes.net/2020/10/23/188773/
གསར་འགོད་པ། སྐལ་བཟང་སྦྱིན་པ།