མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་ལྡན་མི་རྗེ་སྲིད་སྐྱོང་མཆོག་གི་བཀའ་མོལ་ལ་ སྙད་འདོགས་བྱེད་མཁན་ཚོར་ལན་དུ་ཟློ་བ།

བོད་ཀྱི་དུས་བབ།
༢༠༢༡/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཁྲོ་བོ་དཔལ་འབར།

དེ་ཡང་དཔལ་ལྡན་མི་རྗེ་སྲིད་སྐྱོང་མཆོག་གིས་ཉེ་ཆར་རྒྱ་གར་བྱང་ཤར་རྡོར་གླིང་བོད་མིའི་རང་འཚོ་བཟོ་གྲྭར་བཀའ་མོལ་གནང་བ་ཞིག་སྐབས་འཚོལ་བ་འགས་བཅད་གཏུབས་ཀྱིས་གླེང་གཞི་བཟོས་ཏེ་སྤྱི་ཚོགས་རྙོག་ཟིང་ཅན་དུ་བསྒྱུར་དང་སྒྱུར་བཞིན་པ་ཚང་མས་ཤེས་གསལ་ལྟར་རེད། སྤྱིར་བཏང་སྐབས་འཚོལ་བ་དག་གིས་རྟག་ཏུ་འདི་ལྟར་གཞི་རྩ་མེད་བཞིན་དུ་གླེང་གཞི་བཟོས་ཏེ་རང་གི་དགོས་དོན་སྒྲུབ་ཀྱིན་ཡོད་སྟབས། ཁོང་ཚོར་བདེན་པའི་གསལ་བཤད་བྱས་ཀྱང་ཕན་པའི་རེ་བ་མ་མཆིས་མོད། འོན་ཀྱང་མང་ཚོགས་བྱིངས་ཁོང་ཚོའི་འདོད་དོན་སྒྲུབ་བྱེད་ཀྱི་ལག་ཆ་མི་ཆགས་རྒྱུར་དམིགས་ཏེ་དོན་དངོས་ཁག་ཅིག་གླེང་གི་ཡིན།

གཅིག དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཡོད་དམ།

དུས་རབས་བཅུ་གཅིག་ནང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་པ་དང་། མངའ་རིས་སུ་ལོ་གསུམ་བཞུགས་ཤིང་མངའ་རིས་ཀྱི་དགེ་བའི་བཤེས་གཉེན་སོགས་གདུལ་བྱ་རྣམས་ལེགས་པའི་ལམ་དུ་བཀོད་རྗེས། ཇོ་བོ་སླར་རྒྱ་གར་དུ་ལོག་པར་སྟ་གོན་བྱེད་ལ་ཉེ་བའི་སྐབས་ཤིག་འབྲོམ་སྟོན་པ་ཕེབས་ཏེ་ཇོ་བོ་ཡུལ་དབུས་སུ་གདན་དྲངས། དེའི་ཚུལ་ཇོ་བོའི་དངོས་སློབ་[1]ནག་ཚོ་ལོ་ཙཱ་བས་གསུངས་པའི་ཇོ་བོའི་རྣམ་ཐར་ལས། “ [2]དགེ་བཤེས་ལོ་ཙཱ་བ་ཡང་དང་པོའི་ཆད་སོ་ཡོད་པས་ཕར་བསྐྱལ་བར་དགོངས། ལྷ་བཙུན་པ་ཡང་ཇོ་བོ་བཞུགས་ན་དགྱེས་པར་འདུག་པ་ལ་ཞུ་བ་འབུལ་བའི་ཡིད་མི་སྣང་ནས། སྟོན་པས་ནན་ཟེར་མ་ནུས། འོན་ཀྱང་འབྲོམ་སྟོན་པ་ཐུགས་དཀྱེལ་ཆེ་བས་རྒྱལ་པོ་ཁྲིམས་ཡོད་ཀྱི་ཡུལ་ཡིན་ན་གུང་བློན་ཆེན་པོ་ཐུགས་ཀྱི་མཁྱེན་པ་ཆེན་པོ་ཡོད་པ་མངའ་བ་ཡིན་པས། བོད་ཀྱི་ལྷ་ས་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་དང་དགེ་འདུན་མང་པོ་བཞུགས་པའི་ལོ་རྒྱུས་ཀྱང་སྙན་དུ་གསོལ།

དེ་ཐམས་ཅད་ཇོ་བོ་བོད་དུ་བྱོན་པ་ལ་ཐུགས་དགྱེས་པ་ལགས་ཞུས་པས། ཇོ་བོ་ཤིན་ཏུ་དགྱེས་ནས་ཚངས་སྤྱོད་གྲངས་མང་དེ་ལྟ་བུ་རྒྱ་གར་ན་ཡང་དཀོན། དེ་ཙམ་བཞུགས་ན་དགྲ་བཅོམ་པ་འབྱུང་བར་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ཡིན་པས་དགྲ་བཅོམ་པ་བཞུགས་ཏེ་མཆི་གསུངས་ནས་བོད་ཀྱི་ཕྱོགས་སུ་ཕྱག་མང་པོ་མཛད།” ཅེས་པའི་ནག་ཚོ་ལོ་ཙཱ་བའི་གསུང་དུམ་འདིའི་ནང་སྐབས་དེ་ཙམ་ན། མངའ་རིས་ནས་དབུས་ཕྱོགས་ལ་བོད་ཅེས་ཐ་སྙད་སྦྱོར་གྱི་ཡོད་པ་རྟོགས་ཐུབ་ལ། ཇོ་བོས་བོད་ཀྱི་ཕྱོགས་ལ་ཕྱག་མཛད་ས་ཡང་དེང་གི་མངའ་རིས་ཞེས་བརྗོད་པའི་ས་ཁོངས་དེ་ལས་གཞན་ཞིག་མ་ཡིན་ནོ། །

གཞན་ཡང་ “ [3]དེ་ནས་ཇོ་བོ་དཔོན་གཡོག་གིས་ལ་སྟོད་དུ་བྱོན། དེའི་དུས་སུ་དགེ་བཤེས་ཀ་བས་བོད་ཀྱི་མི་ཆེན་རྣམས་ལ་དགེ་བཤེས་སྟོན་པའི་ཤོག་འཕྲིན་གཏད་ནས།” ཞེས་དང་། “[4] དེའི་དུས་སུ་བོད་སྟོན་རྣམས་ལ་སྣ་ལེན་དུ་ལ་སྟོད་པ་རྣམས་ཀྱིས་བསྙེན་བཀུར་མང་པོ་བྱས།” ཞེས་པ་རྣམས་ཀྱིས་སྐབས་དེ་ཙམ་ན་བོད་ཅེས་པའི་ཐ་སྙད་དེ་བཞིན་རྒྱུ་མཚན་ཅི་ཞིག་གིས་དབུས་ཁུལ་ལ་བརྡ་སྦྱོར་དམིགས་བསལ་ཡོད་པ་ལྟར་རོ། །དེ་ཚུལ་གཞན་ཞིག་ཡང་། [5]“ དེ་ནས་དགེ་བཤེས་སྟོན་པས་དབུས་སུ་ཕེབས་སྐབས་བོད་མི་སྐ་བ་ཤཱཀྱ་སོགས་ལ་བཀའ་གྲོས་མཛད་པ་ལྟར།” ཞེས་པས་ཀྱང་ཤེས་སོ། །

༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་སྐུའི་ཡོངས་འཛིན་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པ་ལས། ༸རྒྱལ་དབང་མཆོག་དང་སྐུའི་ཡོངས་འཛིན་རྣམ་གཉིས་[6]མགར་ཐར་དུ་བཞུགས་སྐབས་ཀྱི་རྣམ་ཐར་ལས། [7]“ ཙིའུ་དམར་པོ་ཡིན་རྒྱུ་བ་དེས་རྒྱལ་དབང་མཆོག་གི་ཕྱག་ནས་བཟུང་སྟེ། མཐེ་བོང་ལ་བྱི་བ། མཛུབ་མོ་ལ་གླང་། གུང་མོ་སྟག སྲིན་ལག་ལ་ཡོས་ཡོད་ཟེར་ནས་ཡོས་ལོར་བོད་དུ་ཕེབས་རྒྱུ་དེ་གསལ་བོར་ཞུས་སོང་གསུང་།” ཞེས་ཡོས་ལོར་༸རྒྱལ་མཆོག་བདུན་པ་ཆེན་པོ་དང་སྐུའི་ཡོངས་འཛིན་རྣམ་གཉིས་མགར་ཐར་ནས་སླར་ལྷ་ལྡན་དུ་ཕེབས་རྒྱུ་ལ་བོད་དུ་ཕེབས་རྒྱུ་ཞེེས་འབྱུང་བ་དང་།

དེ་བཞིན་གྲུབ་པའི་དབང་ཕྱུག་[8]ཀློང་རྡོལ་བླ་མ་རིན་པོ་ཆེ་ངག་དབང་བློ་བཟང་[9]སྙེ་ཐང་དུ་སྒྲུབ་པ་ལ་གཞོལ་སྐབས་ཤིག་བཀའ་བློན་རྡོ་རིང་བསྟན་འཛིན་དཔལ་འབྱོར་གོར་བོད་འཁྲུག་གཞིའི་རྐྱེན་གྱིས་གཉའ་ནང་དུ་དོན་དཔྱོད་དུ་འགྲོ་རྒྱུར་བགེགས་འཚུབ་ཡོད་མེད་ཞུས་པ་ལས། [10]“དབུས་མ་དེ་རི་ལ་གནས་པའི་སེམས་ཅན་ཉམས་ཆུང་ཁ་སྤུ་སོག་སོག་ཅིག་ཡོང་བ་དེའི་མིང་ལ་ཁྱེད་བོད་པ་རྣམས་ཀྱིས་ཅི་ཟེར་ཞེས་བླ་མ་རིན་པོ་ཆེས་མི་མཁྱེན་པའི་ཚུལ་གྱིས་བཀའ་འདྲི་ཕེབས་བྱུང་བ་ན་ངེད་གཉིས་ཀས་རི་བོང་ཨེ་ཡིན་ཞུས་པར།” ཞེས་དང་། [11]“ ཁྱེད་བོད་ཀྱི་མི་ཆེན་རྣམས་ཀྱིས་ངེད་ཁམས་པ་སྤྲང་པོ་ཞིག་ལ་ཕྱག་བཙལ་ནས་ཚ་འདྲི་བཏང་ན་ཡང་།” ཞེས་དང་། [12]སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་གྱི་ཆོས་འབྱུང་དཔག་བསམ་ལྗོན་བཟང་དུ། [13]“ ཆུ་ཡོས་ལོར་ཁོ་བོ་བོད་དུ་སོང་།” ཞེས་དང་། [14]“ལྕགས་ཕག་ལོར་ཁོ་བོ་བོད་དབུས་ནས་ཨ་མདོར་འོངས།” ཞེས་དང་། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་[15]གྱི་མི་དབང་རྟོགས་བརྗོད་ལས། དཀར་ཆག་གི་ནང་གསེས་སྡེ་ཚན་ཉེར་དྲུག་པར།[16]“ ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐུ་འབུམ་ནས་བོད་དུ་གདན་དྲངས་པ་དང་”ཞེས་སོགས་མདོ་སྟོད་སྨད་གཉིས་དང་མངའ་རིས་བཅས་ནས་དབུས་ཕྱོགས་སུ་དམིགས་བསལ་བོད་ཅེས་འབོད་སྲོལ་ཡོད་པའི་ཡིག་ཆ་མང་དུ་མཆིས་ཀྱང་། མི་གོ་བ་ཅན་ལ་ཚིག་གཅིག རྟ་གོམ་འགྲོས་ཅན་ལ་ལྕག་གཅིག་ཅེས་པའི་དཔེ་ལྟར། ཡིག་ཚོགས་བསྐྱུང་ཕྱིར་ཕྱོགས་རེས་ཙམ་ལས་དཔེ་མཚོན་མ་དྲངས། འདི་དག་ནི་སྲང་ལམ་གྱི་ཅ་ཅོ་མ་ཡིན་པར་སྟོད་མངའ་རིས་ཁུལ་ནས། བར་དབུས་གཙང་། སྨད་མདོ་ཁམས་སྟོད་སྨད་བར་དུ་བྱོན་པའི་བོད་ཀྱི་རྩོད་མེད་མཁས་གྲུབ་དུ་མའི་གསུང་ན། དུས་ལྟའང་ལྷམ་མེར་ལྷན་ནེར་གསལ་ཡོད་པ་མིག་ཁྲ་རིལ་གྱིས་མཇལ་དུ་ཡོད་པ་ཞིག་ཡིན་ཙ་ན། དེ་ལྟར་མདོ་སྟོད་སྨད་མངའ་རིས་ཡུལ་དབུས་དང་བཅས་པའི་སྐྱེས་ཆེན་དག་གིས་དབུ་ལ་གསོལ་བཞིན་ཡོང་བའི་ལོ་རྒྱུས་ཀྱི་ཞྭ་མོ་རྙིང་པ་དེ། ད་ལྟ་གསར་པ་གསར་རྐྱང་ཡིན་མདོག་གིས་མི་རྗེ་དཔལ་ལྡན་སྲིད་སྐྱོང་མཆོག་ཁོ་ནའི་མགོར་བཙན་འགེབ་བྱེད་བཞིན་པ་འདི་ནི། མ་ཤེས་པར་བགྱིད་པ་ཞིག་ཡིན་ན་ནི་གཏི་མུག་ཅན་དང་། ཤེས་བཞིན་དུ་བགྱིས་ན་ནི་མ་རབས་ཐ་ཆད་ཀྱི་སྙིང་ཁམས་ཅན་དུ་འཁུམས་སོ། །

གཉིས། དཔལ་ལྡན་སྲིད་སྐྱོང་མཆོག་ལ་བོད་མི་རིགས་གཅིག་གི་འདུ་ཤེས་མེད་དམ།

དེ་ཡང་དགེ་འདུན་དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་སྤུར་རྒྱལ་བོད་[17]ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་བོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཅེས་པ་ལྟར། སྟོད་མངའ་རིས་སྐོར་གསུམ་ནས་བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གི་སའི་ཁྱོན་དུ་གནས་པ་རྣམས་ནི། བོད་ཆོས་རྒྱལ་ཚོའི་སྐབས་ནས་དུས་ད་ལྟ་ལ་ཐུག་གི་བར་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་དང་། ཆོས་སྐལ་མ་ཎི་ཡིག་དྲུག་གི་གདུལ་ཞིང་སྟེ། རང་བྱུང་གི་ས་བབ། ཆོས་དང་སྐད་ཡིག གོམས་གཤིས། བཟའ་བཏུང་། རིགས་རུས། ཤ་ཁྲག་སོགས་གང་གི་ཆ་ནས་ཀྱང་བོད་མི་རིགས་གཅིག་གྱུར་པ་ཞིག་ཡིན་པའི་བསམ་བློ་དེ། མདོ་དབུས་ཁམས་གསུམ་གྱི་གཞིས་བྱེས་བོད་མི་ཚོར་ཇི་ལྟར་བརྟན་པོར་ཡོད་པ་ལྟར། མི་རྗེ་དཔལ་ལྡན་སྲིད་སྐྱོང་མཆོག་ལའང་དེ་ལྟའི་འདུ་ཤེས་གཅིག་མཚུངས་སུ་ཡོད་པ་སྨོས་མ་དགོས་པ་ཞིག་རེད། ལར་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པར་སོག་པོའི་རྒྱལ་པོ་ཀུབ་ལའི་ཁཱང་གིས་བོད་ས་ཁྱོན་ཡོངས་རྫོགས་ཆོལ་ཁ་སྟེ་སྡེ་ཚན་གསུམ་དུ་ཆ་བགོས་ཀྱིས་གསང་སྔགས་རྡོ་རྗེ་ཐེག་པའི་དབང་ཡོན་དུ་ཕུལ་པ་ནས། བོད་ཆོལ་ཁ་གསུམ་ཞེས་པའི་ཐ་སྙད་དེ་ལོ་རྒྱུས་ཡིག་འཇོག་དུ་མའི་ནང་ཁྲ་ལམ་མེར་གསལ་ཞིང་། བོད་མི་སྤྱི་བོ་གནམ་བསྟན་ཡོད་དོ་ཅོག་ལ་ས་གྲགས་གནམ་གྲགས་ཀྱི་ཐ་སྙད་ཅིག་ཡིན་སྟབས། དེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མ་མཁྱེན་པའམ། ཡང་ན་ཁུངས་མེད་གཟུ་ལུམ་གྱི་གཏམ་ཞིག་ནམ་ཞར་ཡང་སྨྲ་མི་སྲིད་ཅེས་ཁོ་བོས་གདེང་སྤོབས་ཆེན་པོས་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་ཐུབ།

གསུམ། དཔལ་ལྡན་སྲིད་སྐྱོང་མཆོག་གི་བཀའ་མོལ་གྱི་དོན་དངོས་གང་ཡིན་ནམ།

དཔལ་ལྡན་སྲིད་སྐྱོང་མཆོག་གི་བཀའ་མོལ་གྱི་དོན་དངོས་ནི་སྟོད་མངའ་རིས་ནས་སྨད་རྒྱ་མོ་ཚ་བ་རོང་གི་བར་ཏེ། བོད་ཆོལ་ཁ་གསུམ་ཡོངས་རྫོགས་ཤ་ཁྲག་རུས་གསུམ་དང་། ཆོས་དང་སྐད་ཡིག ཡུལ་གོམས་གཤིས་ལུགས་གང་གི་ཆ་ནས་གཅིག་གྱུར་ཡིན་བསྡད་པ་ཞིག་ལ། ཐ་སྙད་འདོགས་ལུགས་དེ་འདྲ་ཞིག་ཡོང་བསྡད་པ་དེ་མི་འབྱུང་བ་དང་། དགའ་ལྡན་ཕོ་བྲང་གིས་མི་ལོ་སུམ་བརྒྱ་དྲུག་ཅུར་བོད་ཀྱི་སྲིད་དབང་བཟུང་བ་ནས། ཆབ་སྲིད་ཀྱི་ཤུགས་རྐྱེན་དེ་བོད་ཆོལ་ཁ་གསུམ་ལ་ཅི་ཙམ་ཞིག་ཁྱབ་བཞིན་ཡོད་མེད་ལ་མ་ལྟོས་པར། འདས་པའི་ལོ་རྒྱུས་ནང་དགའ་ལྡན་ཕོ་བྲང་གི་གཞུང་འཛིན་དཔོན་རིགས་བརྒྱ་ཆ་གོ་དགུ་དབུས་གཙང་ཁོངས་ནས་ཡོང་ཡོད་པ་དང་། གཞུང་དེའི་དབུ་འཁྲིད་ ༸གོང་ས་སྐུ་ཕྲེང་ན་རིམ་ཡང་སྤྱིའི་ཆ་ནས་རི་བོ་དགེ་ལུགས་པ་ཡིན་པར་བརྟེན། བོད་མིའི་དབུ་འཁྲིད་ ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་བཅུ་བཞི་པ་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་བའི་རླབས་ཆེན་ཕྱག་རྗེས་ནི། ད་ལྟ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་ཆོལ་ཁ་དང་ཆོས་བརྒྱུད་རིས་མེད་བོད་མི་ཡོད་དོ་ཅོག་གི་ཚབ་མཚོན་རང་བཞིན་གྱི་སྒྲིག་འཛུགས་ཏེ། སྔར་བཙན་པོའི་སྐབས་སུ་མ་གཏོགས་བྱུང་མ་ཉུང་བ་ཞིག་བཙན་བྱོལ་ནང་མངོན་འགྱུར་ཐུབ་པ་བྱུང་ཞིང་། དེ་ཡང་བོད་མིའི་དབུ་འཁྲིད་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་ཚུལ་གྱི་ལོ་རྒྱུས་དོན་དངོས་ཤིག་གསུངས་པ་ཙམ་ལ། བོད་དུམ་བུར་གཏོང་བའི་ཧམ་གཏམ་བཤད་ཀྱི་འདུག་ཅེས་གཞི་མེད་བསྙོན་འཛུགས་བྱས་ན། དངོས་ནས་བོད་སྤྱིའི་འདུ་ཤེས་ཡོད་མཁན་ཞིག་ཡིན་ཚེ་བཀའ་མོལ་དེ་རིགས་ནི་རང་གཞན་ཚང་མར་གནོད་གཞི་ཁོ་ན་ལས་ཕན་ཐོགས་ཏིལ་འབྲུ་ཙམ་ཡང་མེད་པ་ཤེས་པར་གྱིས་ཤིག།།

བཞི། མཇུག་ཏུ་གླེང་བའི་གཏམ།

ཁོ་བོས་འདིར་གསལ་བོར་ཤོད་འདོད་པ་གཙོ་བོ་ཞིག་ནི་གོང་དུ་དྲངས་པ་ལྟར་མངའ་རིས་གུང་ཐང་གི་ནག་ཚོ་ལོ་ཙཱ་བ་ཆེན་པོ་དང་། མདོ་སྟོད་ཆབ་མདོའི་ཀློང་རྡོལ་བླ་མ་རིན་པོ་ཆེ། མདོ་སྨད་ཨ་མདོའི་ལྕང་སྐྱ་རོལ་པའི་རྡོ་རྗེ། དབུས་གཙང་ཞིང་གི་བཀའ་ཡི་བློན་པོ་མདོ་མཁར་ཞབས་དྲུང་སོགས་དམ་པ་མང་པོས་བོད་དབུས་གཙང་ལ་དམིགས་བསལ་བོད་ཅེས་ཐ་སྙད་སྦྱར་པ་ནི། དམ་པ་དེ་དག་གིས་རང་ཉིད་ཀྱི་འཁྲུངས་ས་འཁྲུངས་གཞི་བོད་ཡུལ་ཡིན་མིན་ལ་གཞིགས་ནས་དེ་ལྟར་ངོས་འཛིན་བྱས་པ་ཞིག་ཡིན་པ་ཡེ་མི་བསམ་ལ། ཡུལ་དང་གང་ཟག་དེ་དག་ཐམས་ཅད་བོད་ས་བོད་མི་དངོས་ཡིན་པ་གང་ཞིག་ལ། མི་ཉིད་དབུས་སྐྱེས་ཤིང་དབང་བོ་ཚང་ཞེས་པའི་དབུས་དེ་ཉིད་འཁོར་རྣམ་བཞི་རྒྱུ་བས་ན་ཡུལ་དབུས་ཞེས་པ་ལྟར། བོད་ཀྱི་ཡུལ་དབུས་དེའང་སྔོན་གྱི་ཆོས་རྒྱལ་ཚོའི་བཞུགས་གནས་དང་། རྒྱ་གར་གྱི་མཁས་གྲུབ་མང་པོ་ཕེབས་ཡུལ། ལྷ་ས། བསམ་ཡས། སྙེ་ཐང་། འཕན་པོ། ཡེར་པ་སོགས་ཡུལ་དབུས་ཀྱི་ཆ་མང་པོ་ཞིག་ལ་སྔོན་དུས་དམ་ཆོས་དར་སྔ་བ་སོགས་རྒྱུ་མཚན་དུ་བྱས་ནས་དབུས་གཙང་ལ་གཙོ་བདག་གིས་བོད་ཅེས་དམིགས་སུ་བརྗོད་མིན་བརྟག འདི་སྐོར་ལ་ལོ་རབས་དགུ་བཅུའི་ནང་དཔྱད་རྩོམ་ཞིག་བྲིས་ཏེ་དུས་དེབ་ཐོག་བཀོད། ད་དུང་ཞིབ་འཇུག་བྱེད་བཞིན་ཡོད། མདོ་དོན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བསམ་ཚུལ་ངོ་མ་ནི་བཀའ་མོལ་དེ་ག་རང་གི་མཇུག་ཏུ་ཡོད་པ་སྟེ། “ ཉེ་བའི་ཆ་ལའང་༸རྒྱལ་བ་རིན་པོ་ཆེས་བཀའ་གནང་གི་འདུག ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་གྱི་ས་གནས་ཏེ་ཛུ་པུར་འབྱོར་དུས་ང་ཚོ་ Tibetan ཞེས་པའི་ཚིག་གཅིག་གི་འོག་ཏུ་གནས་པ་རེད། དེ་སྐབས་དེར་ང་ཁམས་པ་ཡིན། ང་མདོ་ཡིན། ང་དབུས་གཙང་ཡིན་ཟེར་ནི་གཅིག་ཀྱང་མེད། ད་ལྟ་ཡིན་ནའང་གནས་སྟངས་དེ་ག་རེད། དེ་ཚོའི་རླབས་ཆེན་གྱི་དགོངས་པ་སེམས་ལ་ཉར་ཐུབ་པ་ཡིན་ན། འཐེན་འཁྱེན་གྱི་དཀའ་ངལ་འཕྲད་མི་དགོས་པ་རེད།” ཅེས་པ་འདི་རེད། འདི་གླེང་གཞི་བཟོ་བཞིན་པའི་བཀའ་མོལ་དེའི་མཇུག་རེད། གླེང་གཞི་བཟོ་མཁན་ཚོས་བཀའ་མོལ་དེ་ཉིད་བཅད་གཏུབ་རིམ་པ་མང་ཙམ་བྱས་འདུག གསུང་བཤད་ཆ་ཚང་བ་ཞིག་ཉན་ན། མི་རྗེ་དཔལ་ལྡན་སྲིད་སྐྱོང་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ནི། ང་ཁམས་པ། ང་ཨ་མདོ། ང་དབུས་གཙང་གི་འདུ་ཤེས་ལས། བོད་མི་ཡོད་དོ་ཅོག་སྔར་བཞིན་བོད་པ་ཞེས་པའི་མིང་ཚིག་གཅིག་གི་འདུ་ཤེས་དེ་ཉིད་གཙོ་གལ་ཆེ་བར་འཛིན་དགོས་པ་དེ་རེད། དེ་ཁོང་གི་ཞེ་འདོད་རེད་ལ། ཞལ་གསུང་དྲོན་མོའི་སྙིང་དོན་ཡང་དེ་རེད།

[1] དགེ་བཤེས་ནག་ཚོ་ལོ་ཙཱ་བ་ནི་ལྕགས་མོ་ཕག་སྟེ་ཕྱི་ལོ་ ༡༠༡༡ ལ་གུང་ཐང་ཞེས་གྲགས་པ་མངའ་རིས་རྫོང་དགའི་ལྷ་གདོང་དུ་སྐུ་འཁྲུངས། གདུང་ནག་ཚོ། རབ་ཏུ་བྱུང་བའི་མཚན་ཚུལ་ཁྲིམས་རྒྱལ་བ། འདུལ་བ་མཁས་པར་མཁྱེན་པས་འདུལ་བ་འཛིན་པར་གྲགས། རྒྱ་བརྩོན་འགྲུས་སེངྒེ་ལ་མངོན་པ་གསན། དགུང་ལོ་ཉེར་བདུན་པ་ལ་ཇོ་བོ་སྤྱན་འདྲེན་ལ་རྒྱ་གར་དུ་བྱོན། ཇོ་བོ་རྗེ་ལོ་བཅུ་དགུའི་བར་ཚུལ་བཞིན་བསྟེན། ཡོན་ཏན་ཐམས་ཅད་རྫོགས་པར་མཛད། ཇོ་བོ་རྗེ་བོད་དུ་སྤྱན་དྲངས་པས་བོད་ཁམས་སྤྱི་ལ་བཀའ་དྲིན་ཆེ། རབ་བྱུང་དང་པོའི་ཤིང་འབྲུག་ཕྱི་ལོ་ ༡༠༦༤ ལོར་སྐུ་ཞི་བར་གཤེགས། མདོ་དང་བསྟན་བཅོས་མང་དུ་བསྒྱུར་པ་བཀའ་བསྟན་གཉིས་སུ་བཞུགས་པ་བཅས།

[2] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་ཤོག་གྲངས་ ༥༩༤ ཐོག་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར།  དཔར་དུས་ཕྱི་ལོ་ ༢༠༡༣ དཔར་ཐེངས་དང་པོ།

[3] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་ཤོག་གྲངས་ ༥༩༧ ཐོག་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར།  དཔར་དུས་ཕྱི་ལོ་ ༢༠༡༣ ལོའི་དཔར་ཐེངས་དང་པོ།

[4] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་ཤོག་གྲངས་ ༥༩༨ ཐོག་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར།  དཔར་དུས་ཕྱི་ལོ་ ༢༠༡༣ ལོའི་དཔར་ཐེངས་དང་པོ།

[5] མངའ་རིས་སྐོར་གསུམ་གྱི་སྔོན་བྱུང་ལོ་རྒྱུས་ཤོག་གྲངས་ ༢༣༥ ཐོག་གསལ།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། དཔར་དུས་ཕྱི་ལོ་ ༡༩༩༦ དཔར་ཐེངས་དང་པོ།

[6] དེའང་མདོ་ཁམས་ས་ཡི་ཐིག་ལེ་མི་ཉག་རབ་སྒང་གི་རྒྱན་དུ་གྱུར་པའི་ཆོས་སྡེ་ཆེན་མོ་མགར་ཐར་བྱམས་པ་གླིང་ནི་དཀར་མཛེས་ཁུལ་རྟའུ་རྫོང་ཞི་བདེ་ཤང་དུ་ཆགས་ཤིང་། མགར་ཐར་ཞེས་པའི་མིང་ཐོགས་དོན་ནི་བོད་ཀྱི་བློན་ཆེན་མགར་སྟོང་བཙན་རྒྱ་ཡི་ཡུལ་ནས་བྲོས་ཏེ་ཐར་བའི་གནས་ཡིན་པས་ན་མགར་ཐར་ཞེས་དྲན་གསོ་ཞུ་བྱེད་དུ་གྲགས་པ་ཡིན་ཞེས་ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་མཁས་དབང་དག་གིས་བཞེད་སྐད། ཕྱི་ལོ་ ༡༧༢༩ ལོར་༸རྒྱལ་དབང་བདུན་པ་ངག་དབང་བསྐལ་བཟང་རྒྱ་མཚོ་མཆོག་དང་སྐུའི་ཡོངས་འཛིན་ཁྲི་ཆེན་ངག་དབང་མཆོག་ལྡན་རྣམ་གཉིས་གནས་འདིར་ཕེབས། ལོ་དེའི་ཕྱི་མ་ ༡༧༣༠ ལ་༸རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་དགོན་དེ་ཉིད་ཕྱག་བཏབ།

[7] དགའ་ལྡན་ཁྲི་རིན་པོ་ཆེ་ཨ་ཆི་ཐུ་ནོ་མིན་ཧན་གྱི་རྣམ་ཐར་མཁའ་སྤྱོད་འགྲུབ་པའི་གཏམ་སྙན་ལྷའི་རྔ་བོ་ཆེ་ཤོག་གྲངས་༥༢ ཐོག་གསལ། བོད་ཀྱི་དཔེ་མཛོད་ཁང་། ༢༠༠༠

[8] ཀློང་རྡོལ་བླ་མ་རིན་པོ་ཆེ་ངག་དབང་བློ་བཟང་ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ ༡༧༡༩ ལོར་ཆབ་མདོའི་དགོན་པའི་ཉེ་འགྲམ་དབེན་ཕུ་ཞེས་པའི་སའི་ཆར་ཡབ་དབང་འབུམ་དང་ཡུམ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དྲུག་པར་བློ་བཟང་དགེ་འདུན་ལ་དགེ་བསྙེན་དང་། དགུང་ལོ་བདུན་པར་ཆབ་མདོ་དགོན་པའི་ཆོས་གྲྭར་ཞུགས། དགུང་ལོ་བཅུ་གཉིས་པར་ཕུར་ལྕོགས་ངག་དབང་བྱམས་པའི་མདུན་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བླངས། དགུང་ལོ་བཅུ་བདུན་བར་ཡབ་ཡུམ་གྱི་མདུན་འབྲི་ཀློག་སྦྱངས། དགུང་ལོ་ཉི་ཤུར་ལི་ཐང་དགོན་དུ་ཕེབས། དགུང་ལོ་ཉེར་བཞི་པར་དབུས་ལྷ་ལྡན་སེར་བྱེས་སུ་ཕེབས་ནས་ཐུགས་གཉེར་གནང་། རྒྱལ་བ་པཎ་ཆེན་སོགས་ལས་ཆོས་བཀའ་མང་དུ་གསན་ཏེ་སྙེ་ཐང་ཀློང་རྡོལ་དུ་རྒྱུན་རིང་བཞུགས། རབ་བྱུང་བཅུ་གསུམ་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ ༡༧༩༥ ལོར་སྐུ་ཞི་བར་གཤེགས། གསུང་རྩོམ་མང་དུ་བཞུགས་ཤིང་མཁས་ཤིང་གྲུབ་པའི་སྙན་གྲགས་འབར་བ་བཅས།

[9] བོད་དབུས་ཆུ་ཤར་རྫོང་ཁོངས་ཀྱི་ས་མིང་ཞིག་གི་མིང་སྟེ་མཉེས་ཐང་ཞེས་འབྲི་བའང་ཡོད།

[10] རྡོ་རིང་པཎྚི་ཊའི་རྣམ་ཐར་ཤོག་གྲངས་ ༧༣༨ ཐོག་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། དཔར་དུས་ཕྱི་ལོ་ ༡༩༨༧ པར་ཐེངས་དང་པོ།

[11] རྡོ་རིང་པཎྚི་ཊའི་རྣམ་ཐར་ཤོག་གྲངས་ ༧༣༩ ཐོག་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། དཔར་དུས་ཕྱི་ལོ་ ༡༩༨༧ པར་ཐེངས་དང་པོ།

[12] མཚོ་སྔོན་རྨ་ཆུའི་འགྲམ་ཐོ་ལི་ཞེས་པར་ཡབ་རྡོ་རྗེ་བཀྲ་ཤིས་དང་། ཡུམ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་ ༡༧༠༤ ལོར་སྐུ་བལྟམས། དགུང་ལོ་གསུམ་པའི་ཐོག་ཀུན་མཁྱེན་བླ་མས་སུམ་པ་བླ་མའི་སྐུ་སྐྱེར་ངོས་འཛིན་མཛད། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་སློབ་དཔོན་དུ་བསྟེན་ཏེ་ཡི་གེ་འབྲི་ཀློག་ལེགས་པར་སྦྱངས། དགུང་ལོ་བདུན་པ་ལྕགས་སྟག་ ༡༢༡༠ ལོར་ཐར་ཤུལ་དཔོན་སློབ་ཀྱི་དྲུང་དུ་རབ་ཏུ་བྱུང་། མཚན་བློ་བཟང་ཆོས་སྐྱོང་ཞེས་བསྩལ། དགུང་ལོ་དགུ་པར་སྤྲུལ་སྐུར་ངོས་འཛིན་གྱིས་དགོན་ལུང་ཆོས་གྲྭར་ཞུགས། དགུང་ལོ་བཅུ་གསུམ་ལ་ཕེབས་དུས་རྣལ་འབྱོར་ཆེན་པོ་སློབ་དཔོན་ཆུ་བཟང་རིན་པོ་ཆེའི་མདུན་དགེ་ཚུལ་བསྒྲུབས། དགུང་ལོ་ཉི་ཤུ་པ་ཆུ་ཡོས་ ༡༧༢༣ ལོར་དབུས་སུ་གྲྭ་སྐོར་དུ་ཕེབས། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་མདུན་དུ་དགེ་སློང་གི་སྡོམ་པ་བཞེས། མཚན་ཡེ་ཤེས་དཔལ་འབྱོར་ཞེས་གསོལ། གསུང་རྩོམ་དམ་ཆོས་དར་ཚུལ། གསོ་རིག་སྐར་རྩིས་སོགས་པོ་ཏི་བརྒྱད་ཙམ་བཞུགས། ས་སྤྲེལ་ ༡༧༨༨ ལ་སྐུ་ཞི་བར་གཤེགས།

[13] དཔག་བསམ་ལྗོན་བཟང་ཤོག་གྲངས་ ༧༧ ཐོག་གསལ། ཕྱི་ལོ་ ༡༩༥༩ ལོར་  The Arya Bharati Mudranalaya  ཞེས་པས་ལྡི་ལིར་པར་དུ་བསྐྲུན།

[14] དཔག་བསམ་ལྗོན་བཟང་ཤོག་གྲངས་ ༧༨ ཐོག་གསལ། ཕྱི་ལོ་ ༡༩༥༩ ལོར་  The Arya Bharati Mudranalaya  ཞེས་པས་ལྡི་ལིར་པར་དུ་བསྐྲུན།

[15] མདོ་མཁར་བ་ཞབས་དྲུང་ཚེ་རིང་དབང་རྒྱལ་ལགས་ནི། རབ་བྱུང་བཅུ་གཉིས་པའི་མེ་གླང་སྤྱི་ལོ་ ༡༦༩༧ ལོར་ཡབ་ངག་དབང་ཚངས་པ་དང་། ཡུམ་མདང་དྲུང་གཉིས་ཀྱི་བུར་བྱང་སྟག་ལུང་དུ་འཁྲུངས། དགུང་ལོ་རེ་བདུན་པ་ཆུ་ལུག་ཕྱི་ལོ་ ༡༧༦༣ ལོར་འདས། ཁོང་ནི་བོད་ཀྱི་རྩོམ་པོ་མཁས་ཅན་ཞིག་ཡིན་པ་མ་ཟད། བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་བློན་རྒྱུན་རིང་ཤོས་གནང་མཁན་གྲས་ཀྱི་ཕུལ་བྱུང་གི་མི་སྣ་ཞིག་ཀྱང་རེད།

[16] བོད་ཀྱི་དཔེ་མཛོད་ཁང་གིས་ལྡི་ལིར་གསར་བར་ཕྱི་ལོ་ ༢༠༡༩ ལོར་དཔར།

[17] དེབ་ཐེར་དམར་པོ་གསར་མ་ལས་ལུང་རྣམ་འབྱེད་དང་། དཔལ་དུས་ཀྱི་འཁོར་ལོ་སོགས་སུ་བོད་ཅེས་མིང་བྱུང་ཞེས་པར་གཞིགས་ན། བདག་ཅག་གི་སྟོན་པ་འཇིག་རྟེན་དུ་བྱོན་དུས་ནས་བོད་ཅེས་པའི་ཐ་སྙད་འདི་གྲུབ་ཡོད་པར་འདོད་དོ། །

མཆན། རྩོམ་ཡིག་འདི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༢༠ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༢༠ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese