མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་ལྔ་པའི་ལ་སྤྱིའི་འོས་བསྡུ་ལ་ཕྲན་ཙམ་དཔྱད་པ།

བོད་ཀྱི་དུས་བབ།
༢༠༢༡/༡༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

ལྷ་རུའི་བུ།

སྤྱི་བཤད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་གསར་ཁང་ཚོས་སྨྱུག་ཁ་བསྐོར་མྱོང་ཉུང་བ་དང་། གསར་འགོད་པའི་བརྙན་མིག་གི་མིག་འོག་ནས་སྣང་མེད་དུ་ལྷག་པའི་གསར་འགྱུར་ཞིག་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་བདུན་པ་བོད་མིའི་གནས་ཡུལ་ས་གནས་ཁག་གི་སྒྲིག་འཛུགས་ཞེས་པའི་འོག་གི་དོན་ཚན་དོན་གཉིས་པའི་ནང་གསེས་དང་པོ་དང་། དོན་ཚན་དོན་གསུམ་པའི་ནང་གསེས་དང་པོ་དང་གཉིས་པ་བཅས་ཀྱི་འོག་ནས་ས་གནས་འགོ་འཛིན་གྱི་འོས་བསྡུ་བྱེད་ཕྱོགས་ཀྱི་གནས་ཚུལ་ས་གནས་སུ་གང་དང་གང་ཞིག་འབྱུང་གི་ཡོད་མེད་གསལ་པོ་ཞིག་བཀོད་སྤེལ་དང་རྒྱང་བསྲིངས་བྱེད་ཐུབ་ཀྱི་མེད་པ་དེ་རེད། རྒྱ་བལ་འབྲུག་གསུམ་གྱི་ནང་ལ་གཞིས་ཆགས་ཆེ་ཆུང་མང་པོ་ཡོད་ཀྱང་གོང་གསལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཆ་རྐྱེན་དང་པོའི་འོག་ནས་ཐོག་མ་ཉིད་ནས་ཤར་བསྐྱོད་བྱེད་ཐུབ་མཁན་ནི་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཙམ་ལས་མེད། དྷ་རམ་ས་ལའི་ས་གནས་འགོ་འཛིན་མི་མང་གིས་འོས་འདེམས་བྱེད་པའི་ལམ་སྲོལ་ཐོག་མར་ཕྱི་ལོ་ ༢༠༡༠ ལོར་ལག་བསྟར་བྱས་ཀྱང་། འོས་ཐོབ་ཀྱི་ཚད་གཞིའི་བརྒྱ་ཆ་བཅའ་ཁྲིམས་བཞིན་མ་བྱུང་སྟབས་རེ་ཞིག་གཞུང་བསྐོས་བྱེད་དགོས་བྱུང་བ་རེད། ས་གནས་འགོ་འཛིན་གཞུང་བསྐོས་བྱེད་པའི་གནས་སྟངས་ནི། བཅའ་ཁྲིམས་ཀྱི་ཆ་རྐྱེན་གཉིས་པའི་འགོ་ནས་གནས་སྐབས་ཀྱི་དཀའ་ངལ་སེལ་ཐབས་ཙམ་རེད། རྩ་བའི་ཕུགས་ཀྱི་དགོངས་པ་བཞེས་ཕྱོགས་ནི་མང་ཚོགས་ཀྱིས་མང་གཙོའི་ལམ་སྲོལ་བཞིན་འོས་འདེམས་བྱ་རྒྱུ་དེ་ཡིན་པ་བརྗོད་མི་དགོས་པ་ཞིག་ཡིན།།

ད་ལྟ་འགྲོ་བཞིན་པའི་ལ་དྭགས་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་གྱི་འོས་བསྡུའི་ལས་རིམ་ལས་འཕྲོས་པའི་སྐད་ཆ་མ་བཤད་གོང་། ད་དུང་སྤྱི་དོན་སྤོམ་བཤད་ལྟ་བུའི་སྐད་ཆ་རེ་ཟུང་སྔོན་འགྲོའི་ཚུལ་དུ་བཤད་ན། ནང་དོན་དངོས་ལ་གོ་བ་ཆགས་རྒྱུར་ཕན་ཐོགས་ངེས་ཅན་ཞིག་ཡོང་སྲིད། ལ་དྭགས་བོད་མིའི་གཞིས་ཆགས་འདི་ལོ་རབས་དྲུག་ཅུའི་ནང་དངོས་སུ་འགོ་བཙུགས་ཤིང་། ཐོག་མར་གླེ་དང་བྱང་ཐང་། ལྟག་ཀི་གཞིས་སྒར་བཅས་གསུམ་ལ་ས་གནས་འགོ་འཛིན་སོ་སོ་སོ་སོར་ཡོད་འདུག ས་གནས་འགོ་འཛིན་དེ་ཡང་དབུས་ནང་སྲིད་ལས་ཁུངས་ཀྱིས་མི་འགྲོ་བསྐོ་གཞག་བྱེད་པ་དང་། ཕྱིས་སུ་བྱང་ཐང་དང་གླེ་གཉིས་གཞིས་ཆགས་གཅིག་ལ་ཟླ་སྒྲིལ་ནས་ད་ལྟ་བར་གླེ་བྱང་གཉིས་གཞིས་འགོ་གཅིག་གི་ཁྱབ་ཁོངས་སུ་གནས་མུས་ཡིན། ལྟག་ཀི་གཞིས་སྒར་ནི་རྗེས་སོར་ལྷོ་ཕྱོགས་མོན་གྷོ་རུ་སྤོས་པ་རེད། །

སྤྱིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་དྭགས་བོད་མིའི་གཞིས་ཆགས་ནི་བོད་མི་གནས་སྡོད་བྱ་སའི་གཞིས་ཆགས་ཆེ་ཤོས་ཀྱི་གྲས་ཤིག་ཆགས་ཀྱི་ཡོད། ཕྱི་ལོ་༡༩༩༥ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་གཞི་ལྟར་ས་གནས་སུ་ས་གནས་འཐུས་ཚོགས་དངོས་སུ་ཚུགས་ཐུབ་པ་དང་། ཕྱི་ལོ་༢༠༡༠ལོར་ས་གནས་སུ་མི་མང་གིས་ས་གནས་འགོ་འཛིན་མང་གཙོའི་འགྲོ་ལུགས་དང་མཐུན་པའི་སྒོ་ནས་འོས་བསྡུ་བྱེད་པའི་བརྒྱུད་རིམ་དེ་དག་ནི། བཙན་བྱོལ་བོད་མིའི་གཞིས་ཆགས་མང་པོའི་ནང་ནས་བཅའ་ཁྲིམས་ཀྱི་དགོངས་དོན་རྩ་ཚིག་བཞིན་ལག་བསྟར་གནང་མཁན་གྱི་གཞིས་ཆགས་ཐོག་མའི་གྲས་ཤིག་ཡིན་པ་ནི་དགའ་སྤོབས་བྱ་རིན་ཆོག་པ་ཞིག་རེད།།

ད་ལྟ་བར་ལ་དྭགས་བསོད་ནམས་གླིང་གཞིས་སྒར་དུ་ས་གནས་འགོ་འཛིན་ཉི་ཤུ་རྩ་གཅིག་བྱུང་ཟིན་པ་རེད། དེའི་ནང་ནས་བཅུ་བདུན་དབུས་ནས་ཐད་ཀར་མི་འགྲོ་བསྐོ་གཞག་གནང་བ་དང་། བཅོ་བརྒྱད་པ་ནས་ད་ལྟ་བར་གཞིས་ཁོངས་མི་མང་གིས་མང་གཙོའི་ལམ་ནས་བསྐོ་གཞག་བྱེད་ཀྱི་ཡོད། འོས་འདེམས་ཀྱི་ལམ་སྲོལ་དེ་ལག་བསྟར་བྱུང་ནས་ད་ལྟ་བར་ལོ་བཅུ་ཕྲག་གཅིག་ལྷག་ཙམ་ཕྱིན་ཡོད། ངར་མཚོན་ན་འདས་པའི་ལོ་བཅུ་ཕྲག་གཅིག་ལྷག་ཙམ་གྱི་རིང་ལ་ངས་རང་ཉིད་གང་དུ་གཏོགས་པའི་ལ་དྭགས་བསོད་ནམས་གླིང་གི་གཞིས་ཆགས་སུ་བསྡད་ནས། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་གཉིས་གཉིས་དང་། ལ་སྤྱིའི་འོས་བསྡུའི་ལས་རིམ་བཞི་ཙམ་ལ་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་བྱུང་། གོ་སྐབས་དེ་དག་རང་གིས་བླངས་ཞོར་མངར་སྐྱུར་ཁ་གསུམ་གྱི་ཉམས་མྱོང་མང་དག་ཅིག་དངོས་སུ་མྱངས་ཁུལ་ཡིན། བཀའ་སྤྱི་དང་ལ་སྤྱི་སོགས་ཀྱི་འོས་བསྡུའི་ལས་རིམ་སྔ་མ་སྔ་མའི་སྐབས་ལས་ཕྱི་མ་ཕྱི་མའི་སྐབས་ལ་མི་མང་གི་གོ་རྟོགས་ཇེ་བཟང་ནས་ཇེ་ཡག་ལ་འགྲོ་ཡི་ཡོད་པ་ནི་དགའ་འོས་པའི་གཏམ་རྣ་བའི་བུ་རམ་རྣལ་མ་ཞིག་རེད། སྔ་མ་སྔ་མའི་སྐབས་ལ་དཀྲོག་གཏམ་དང་གཞི་མེད། དགའ་མིན་དགའ་གཏོགས་ཀྱི་བྱེད་སྟངས་མང་ནའང་། ཕྱི་མ་ཕྱི་མའི་སྐབས་ལ་མི་ཡིས་ཅི་ཟེར་ལ་མི་ཉན་པར་གང་ཐུབ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་རྟོག་དཔྱོད་སྔོན་སོང་ཐོག རང་ལས་སྤྱི་ལ་དགོས་པའི་འོས་མི་ཚད་ལྡན་ཞིག་བདམ་རྒྱུར་བརྩོན་བཞིན་པའི་སྤྱི་ཚོགས་ཀྱི་སྣང་བརྙན་གསོན་པོ་ཞིག་སྣང་རྒྱུ་ཡོད་པ་ནི། བསྔགས་པའི་མཐེ་བོང་བསྒྲེང་འོས་པ་ཞིག་ཏུ་སྣང་། །

དཔེར་ན་སྔོན་ཆད་བྱུང་བའི་དཀྲོག་གཏམ་ལ་མཚོན་ན། ཀླད་ཆུང་ལ་ལས་ཉེ་ཆར་སྲིད་སྐྱོང་གི་འོས་བསྡུའི་སྐབས། ད་ལྟའི་སྲིད་སྐྱོང་དང་སྐབས་དེ་དུས་ཀྱི་དངོས་གཞིའི་འོས་མི་སྐུ་ངོ་སྤེན་ལ་ཚེ་རིང་མཆོག་དྷ་རམ་ས་ལ་ནས་སྤྱི་ལེ་ལྔ་བཅུ་ལྷག་འགྲོ་བསྐྱོད་མི་ཆོག་པའི་རྒྱ་གར་གཞུང་གིས་དམ་བསྒྲགས་ཡོད་ལུགས་གང་སར་བཤད་ཡོད་ཀྱང་། དོན་དངོས་དེ་ལྟར་མིན་པར་དུས་ཚོད་རིམ་སོང་གིས་བདེན་དོན་ངོ་སྤྲོད་གསལ་པོ་བྱས་ཟིན་ཡོད།   ཡང་འོས་བསྡུའི་སྐབས་གཞི་མེད་སྤེལ་སྟངས་ལ་མཚོན་ན། བདག་སོགས་ལྟ་བུར་ཕྱི་ལོ་༢༠༡༦ལོར་ཉེས་མིང་སྣ་ཚོགས་ཆེད་བཟོ་བྱས་ནས་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ལ་ནག་པོ་ནག་རྐྱང་བཟོས་ཡོད་ཀྱང་། ད་ལྟ་དུས་ཚོད་རིམ་སོང་གིས་མི་མང་མང་པོས་སྐབས་དེ་དུས་རང་ཉིད་གཞན་གྱི་མགོ་སྐོར་བསླུ་བྲིད་ཀྱི་འོག་ལ་ཚུད་ནས་དེང་སང་ངོ་ཚ་ཁ་སྐྱེངས་དོན་མེད་མྱོང་དགོས་བྱུང་སོང་ཞེས་སྡུག་སྐད་ཀྱི་སྐད་ཅོར་རང་བཞིན་གྱིས་ཤོར་ཡོད། དགའ་མིན་དགའ་གཏོགས་ཀྱི་བྱེད་སྟངས་ཤུགས་ཆེན་ཡོད་པ་ནི། འོས་མིའི་ཁྲོད་ལ་རང་གི་གཉེན་སྤུན་དང་མིང་གནས་དངུལ་དངོས་ཀྱི་ཁེ་ཕན་ཡོད་ན་དེར་ཞེན་ཁོག་བྱེད་ནས་འོས་བླུགས་པ་ཙམ་ལས་བོད་སྤྱིའི་གནས་བབ་དང་། སྤྱི་ཚོགས་ཀྱི་དགོས་མཁོ་དང་ཁེ་ཕན་ལ་གང་ཡང་མི་བསམ་པའི་གླང་ཆེན་སྨྱོན་པའི་བྱེད་སྟངས་ཇི་སྙེད་ཅིག་བྱུང་ཡོད་པ་ནི་འགྱོད་པའི་གནས་འབའ་ཞིག་ཏུ་འཁུམས། དགའ་མིན་དགའ་གཏོགས་དང་ཕྱོགས་ཞེན་གྱི་སྤྱོད་ཚུལ་ནི་ད་དུང་ཡང་ངར་ཤུགས་མ་ཡལ་བར་གནས་མུས་སུ་འདུག་ན། ངན་སྤྱོད་གྱ་ཡན་དུ་མ་སོང་བར་རང་ངོ་རང་ཤེས་དགོས་པ་གལ་ཆེ། ལར་ནས་འོས་བསྡུའི་སྐབས་དངུལ་དངོས་དང་། མགོ་སྐོར་ཁ་སླུད་བརྒྱག་པ། རང་ལ་ཡོད་པའི་རྣམ་དཔྱོད་བེད་སྤྱོད་མི་བྱེད་པར་གཞན་གྱི་མགོ་མེད་གཞུག་རྡུམ་གྱི་བཤད་སྒྲོས་རྐྱང་རྐྱང་ལ་ཡིད་ཆེས་པ། དེ་བཞིན་སྤྱིར་འཇིགས་སྐུལ་བྱེད་པ། རྫུན་དང་འཕྲོག་པར་བྱེད་པ་སོགས་ནི་ངོ་ཚ་ཁྲལ་མེད་ཀྱི་ངང་ཚུལ་ཡིན་པས། ས་གནས་དང་གནས་ཡུལ་སོ་སོའི་འོས་བསྡུའི་འགན་འཛིན་གྱིས་དྲང་པོ་དྲང་བཞག་དང་། ལས་འབྲས་དཔང་དང་ཚད་ལ་བཟུང་ནས་བདེན་པའི་རྣམ་ཐར་བསྐྱང་དགོས་པ་ནི་ཞར་ལ་ཐལ་བའི་གཏམ་མོ།།

བྱེ་བྲག་ཏུ་ལ་སྤྱི་སྐབས་ལྔ་པའི་འོས་བསྡུ་དང་འོས་མི་གཉིས་ལ་དཔྱད་པ།

ཕྱི་ལོ་༢༠༢༡ཟླ་༡༡ཚེས་༡༤རེས་གཟའ་ཉི་མའི་ཉིན་ལ་དྭགས་བསོད་ནམས་གླིང་གླེ་བྱང་གཉིས་ཀྱི་བོད་མི་གནས་ཡུལ་ཀུན་ལ་སྐབས་ལྔ་པའི་ལ་སྤྱིའི་སྔོན་འགྲོའི་འོས་བསྡུ་བྱས་པ་རེད། ཉིན་གཉིས་རྗེས་འོས་བསྡུའི་གྲངས་བཤེར་ཟིན་ནས་སྤྱི་ཚོགས་དྲྭ་ལམ་བརྒྱུད་གྲུབ་འབྲས་ཐོན་སོང་། གྲུབ་འབྲས་ཀྱི་ཤོག་ལྷེ་དེ་ཉིད་ན་གསལ་བར་གཞིགས་ན། སྔོན་འགྲོའི་སྐབས་འོས་འཕེན་པ་མི་༡༦༢༩བྱུང་ཡོད་པ་དང་། གཞིས་ཆགས་ཀྱི་སྤྱིའི་མི་གྲངས་དང་བསྡུར་ན་ཧ་ཅང་ཉུང་ཉུང་ཡང་མིན་ལ་མང་པོ་ཡང་མ་རེད། དངོས་གཞིའི་སྐབས་སྔོན་འགྲོ་ལས་འོས་འཕེན་པ་ཉུང་དུ་འགྲོ་སྲིད་པ་རེད། རྒྱུ་མཚན་ནི་དངོས་གཞིའི་སྐབས་ལ་དྭགས་ཀྱི་གནམ་གཤིས་གྲང་ངར་ཆེན་པོ་ཆགས་ཟིན་པའི་སྒང་ལ་འཁེལ་གྱི་ཡོད་སྟབས། སློབ་གྲྭའི་དགུན་དུས་ཀྱི་གུང་སེང་དང་བསྟུན་ནས་ནང་མི་བུ་ཕྲུག་དང་བཅས་པ་གྲང་གཡོལ་གྱི་ཆེད་དུ་ས་འབབ་དམའ་སར་འགྲོ་ཡི་ཡོད་པས་ཡིན། སྤྱིར་བཏང་སྔོན་འགྲོ་དང་དངོས་གཞིའི་བར་ལ་ཉིན་གྲངས་༤༤དུས་ཡུན་བཞག་མི་དགོས་པ་ལྟ་བུ་ཞིག་ཡིན། བར་གྱི་དུས་ཡུན་མང་དྲགས་ན་རྙོག་དྲ་དང་ལབ་གླེང་ཟང་ཟིང་གི་རྒྱུ་ཡིན་པ་རང་རེ་བོད་མི་བཙན་བྱོལ་བའི་ལོ་རྒྱུས་ལ་རྒྱུས་ཡོད་ཚོར་འགྲེལ་མི་དགོས།  ད་ཐེངས་བར་གྱི་ཡུན་ཚད་དེའི་ནང་ཐེའུ་རང་ལྟ་བུས་བྱུས་ངན་དང་ཞེ་འདོད་གཉིས་པ་ཞིག་མེད་པའི་སྨོན་ལམ་བརྒྱབ་རྒྱུ་ལས་མ་འདས། མ་འོངས་པར་དབུས་ནས་ལ་དྭགས་ཀྱི་ས་གནས་འགོ་འཛིན་གྱི་འོས་བསྡུའི་རིགས་དགུན་དུས་སུ་མ་འཁེལ་བ་ཞིག་དང་། སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི་བར་ཡུན་ཚད་ལ་ཐུགས་སྣང་དགོས་པ་ནི་སྔོན་ཆད་ཀྱི་ཉམས་མྱོང་ཕྱོགས་གཅིག་ལ་བསྡོམས་ནས་ཕྱིན་ཆད་འཁྲུལ་བ་ཡོ་བསྲང་དགོས་པ་གནད་ཀྱི་དོན་པོ་ཡིན།།

ས་གནས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་དབུས་གཙང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་དང་། བྱང་ཐང་ཆུ་ཤུལ་གྱི་འཇམ་དབྱངས་ཤེས་རབ་གཉིས་འོས་ཐོབ་མང་ཤོས་གཉིས་པོ་དེ་རེད། དབུས་གཙང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལ་འོས་གྲངས་༡༢༡༥བྱུང་བ་དང་། འཇམ་དབྱངས་ཤེས་རབ་ལ་འོས་གྲངས་༢༧༨ལས་ཐོན་མེད། མདོར་ན་འཇམ་དབྱངས་ཤེས་རབ་ལས་དོན་གྲུབ་བཀྲ་ཤིས་ལགས་སུ་འོས་གྲངས་༩༣༧མང་བ་ཐོབ་ཡོད། སྤྱིའི་ཆ་ནས་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས་སུ་བརྒྱ་ཆ་༧༥%ལྷག་ཐོབ་ཟིན་པས། འཇམ་དབྱངས་ཤེས་རབ་ལ་རེ་བ་སྤུ་ཉག་ལྟར་ཕྲ་བས་དངོས་གཞིའི་འགྲན་རྩོད་ནང་ཞུགས་རིན་མེད་པ་ལྟ་བུ་ཞིག་ཆགས་ཚར་བ་རེད། འོན་ཀྱང་ཁོང་གིས་དངོས་གཞིའི་འགྲན་རྩོད་ནང་ཞུགས་ཡོད། དེའི་རྒྱབ་ལྗོངས་ཅི་ཞིག་མཚོན་མིན་ཐད་སྤྱི་ཚོགས་ནང་གླེང་གློང་མང་པོ་བྱེད་བཞིན་འདུག །

གཞིས་ཆགས་མི་མང་གིས་སྐབས་ལྔ་པའི་ལ་སྤྱིའི་མཐའ་མའི་འོས་བསྡུའི་འགྲན་བསྡུར་ལ་མི་གཉིས་བསླེབ་རྒྱུ་ཡིན་པ་ཚོད་དཔག་བྱས་ཡོད། དེ་ནི་ད་ལྟའི་དངོས་གཞིའི་འོས་མི་འཇམ་དབྱངས་ཤེས་རབ་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་ཚེ་རིང་གཉིས་ཡིན་པ་ཚོད་དཔག་བྱས་ཡོད། དངོས་སུ་དེ་ལས་ལྡོག་སྟེ། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་ཚེ་རིང་གི་ཚབ་ལ་ད་ལྟའི་དངོས་གཞིའི་འོས་མི་དོན་གྲུབ་བཀྲ་ཤིས་ལགས་གློ་བུར་ཐོན་ཡོང་བ་རེད། གློ་བུར་ཐོག་བརྒྱག་གི་འགྱུར་བ་དེས། མི་མང་དཀྱུས་མ་མང་པོའི་སེམས་དགའ་ཐག་ཆོད་ཡོད་ནའང་། འཇམ་དབྱངས་ཤེས་རབ་སོགས་མི་ཁ་ཤས་ལ་བསམ་བློ་གཏོང་དགོས་པ་བཟོས་ཡོད།།

སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ནི་ལ་དྭགས་བོད་མིའི་སྤྱི་ཚོགས་ནང་མི་ཤེས་མཁན་ཧ་ལམ་མེད་པ་ལྟ་བུ་རེད། ཁོང་གིས་མི་མང་གིས་བདམས་པའི་ལ་སྤྱི་སྐབས་དང་པོ་དང་གཉིས་པ་གཉིས་གནང་རིང་ལས་དོན་ཐམས་ཅད་གཟེངས་སུ་ཐོན་ཡོད་པས། ཆེ་འབྲིང་ཀུན་གྱི་དགའ་མོས་དང་བརྩི་བཀུར་ཆེན་པོ་བྱ་ས་ཞིག་རེད། དགའ་མོས་དང་བརྩི་བཀུར་ཆེ་བས་ཁོང་ལ་དྭགས་མི་མང་གིས་བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་དང་བཅུ་བདུན་གཉིས་ཀ་ལ་བསྐྱལ་ཡོད་ལ། ད་ལྟ་ལ་སྤྱི་སྐབས་ལྔ་པར་འོས་མིར་སློང་མཁན་ཡང་སྤྱི་འཐུས་ཁོང་རང་མིན་པར་མི་མང་རེད། ཅི་ཡང་མི་ཤེས་པའི་མིས་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ཀྱིས་རྟ་ནས་བབས་ཏེ་བོང་བུར་བཞོན་མཁན་གྱི་མི་ཀླད་ཆུང་ཞིག་རེད་ཅེས་ལྕེ་བརྒྱ་སྤྲུལ་ནས་འགྲེལ་བཤད་ཇི་ཙམ་བརྒྱབས་ཀྱང་དོན་དངོས་དེ་ལྟར་མིན་པ་ས་འོག་གི་གྲོག་སྦུར་ཚུན་ཆད་ཀྱིས་དྲན་པའི་ངོགས་སུ་རི་མོ་གསལ་ལྷེར་རེད།  འོས་མི་གཞན་འཇམ་དབྱངས་ཤེས་རབ་ཀྱིས་སྐབས་ལྔ་པའི་ལ་དྭགས་ས་གནས་འགོ་འཛིན་དུ་སླེབས་ཕྱིར་འབད་བརྩོན་མང་པོ་བརྒྱབས་དང་བརྒྱག་བཞིན་ཡོད། འབད་པ་དང་པོ་ལ་དྭགས་མི་མང་ལ་ཁོང་ཉིད་སུ་ཡིན་ཤེས་སུ་འཇུག་ཕྱིར་བོད་མི་མང་སྤྱི་འཐུས་སྐབས་༡༧པའི་འོས་བསྡུའི་འགྲན་རྩོད་སྐབས་དྭང་བླངས་འོས་མིར་བཞེངས་ཡོད། དྭང་བླང་འོས་མིར་བཞེངས་པ་ནི། སྐབས་༡༧པའི་སྤྱི་འཐུས་ཆགས་རྒྱུའི་ཆེད་དུ་མིན་པར་སྐབས་ལྔ་པའི་ལ་སྤྱིའི་འོས་བསྡུའི་འགྲན་རྩོད་ནང་རྒྱལ་ཁའི་གྲུབ་འབྲས་བླངས་ཕྱིར་རེད།།

ད་དུང་འོས་མི་གཉིས་ཀྱིས་བསྒྲགས་གཏམ་ཤོག་ལྷེར་ཞིབ་ཀྱིས་བལྟས་ན། འོས་མི་སུ་དང་སུ་ལ་གདེང་ཚོད་ཡོད་མེད་ཀྱི་རྣམ་འགྱུར་གསལ་པོ་ཡོད། དོན་གྲུབ་བཀྲ་ཤིས་ཀྱིས་བསྒྲགས་ཡིག་ནང་མིང་དང་སྡོད་གནས་ཀྱི་ཞལ་བྱང་ཙམ་ལས་གཞན་ཅང་མེད་པས་གདེང་ཚོད་ཧ་ཅང་ཆེན་པོ་ཡོད་པ་དང་།  ཅིག་ཤོས་དེའི་ཐོག་མའི་བསྒྲགས་ཡིག་ཅིག་དང་། དེ་རྗེས་སླར་ཡང་བསྒྲགས་གཏམ་གྱི་ཡིག་ཆ་གསུམ་ཙམ་ཐོན་ཡོད། དེ་དག་ལ་བལྟས་དུས་ཡིག་ཚོགས་དང་སྤྱི་དོན་གྱི་ལས་ཀ་མང་པོ་བྱ་མྱོང་ཡོད་པའི་ཚིག་བརྗོད་རིམ་པར་སྤེལ་ཡོད། དེས་དོན་དངོས་ཐོག་མི་མང་ལ་སེམས་འགུལ་ཇི་ཙམ་ཐེབས་མིན་བཤད་དཀའ་བའི་ཚོད་རེད། ཡང་ཕྱི་ལོ་༢༠༢༡ཟླ་༡༢ཚེས་༠༦ཉིན། འཇམ་དབྱངས་ཤེས་རབ་ཀྱིས་རང་གི་ངོ་དེབ་ཐོག དོན་ཚན་བརྒྱད་ཅན་གྱི་གསལ་བསྒྲགས་ཤིག་སྤེལ་ཡོད། གསལ་བསྒྲགས་དེས་ཁོང་ཉིད་ལ་ཕན་ཐོགས་མི་འདུག དོན་ཚན་བརྒྱད་པོ་དེའི་སྟེང་ཤུགས་བརྒྱག་ཐུབ་མཁན་ཞིག་ཡོད་ན་འོས་མི་དོན་གྲུབ་བཀྲ་ཤིས་ལས་གཞན་ལ་དྭགས་གཞིས་ཆགས་སུ་སུ་ཡང་མེད། དོན་ཚན་དྲུག་པ་གཞིས་ཆགས་ཀྱི་གྲོང་པ་རེ་ནས་མི་འཇོན་ཐང་ཅན་རེ་རེ་ཕྱི་རྒྱལ་ལ་གཏང་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་ཡོད། འབད་བརྩོན་བྱ་རྒྱུ་ཡིན་ཞེས་པའི་དོན་ཚན་གྱི་ཚིག་བརྗོད་འདི་གང་ནས་འཐེན་འཐེན་རེད་ལ་ས་གནས་འགོ་འཛིན་གྱི་དབང་ཚད་དང་ལས་དོན་བྱེད་ལུགས་ལ་རྒྱུས་མངའ་ཅི་ཡང་མེད་པ་མཚོན་ཐུབ།  དོན་ཚན་བརྒྱད་པ་བདུན་རེར་ཉིན་གཅིག་རིང་གཞིས་ཆགས་ཀྱི་དཀའ་ངལ་སེལ་སླད་ཟུར་འཇོག་བྱ་རྒྱུ་ཡིན་ལུགས་གསུང་པ་ནི། ངང་རྒྱུན་རིང་མིན་དང་ཆོད་སེམས་གཏན་མིན་རེད། ད་ལྟ་བར་ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་ལས་དོན་མང་པོ་ཨ་གསར་རྟ་ལས་མགྱོགས་པ། གཞུག་གུ་ལུག་ལས་ཐུང་བ་རྐྱང་རྐྱང་རེད། དོན་ཚན་བརྒྱད་པ་དོན་འཁྱོལ་ཡོང་བ་ལ་རེ་བ་ཅང་མི་འདུག དོན་ཚན་གསུམ་པ་དང་དོན་ཚན་ལྔ་པ་གཉིས་ཀྱང་ཡོང་ཐབས་མེད་པ་དེ་མང་བ་རེད། །

འོས་མི་དོན་གྲུབ་བཀྲ་ཤིས་ཀྱིས་ཁས་ལེན་མང་པོ་བྱེད་ཀྱི་མི་འདུག དེ་ནི་ཉམས་མྱོང་ཅན་གྱི་བྱེད་སྟངས་རེད། ཁས་ལེན་མང་པོ་བྱེད་ན་ལས་དོན་བྱེད་རིང་རང་ཉིད་ལ་དཀའ་ངལ་ཡོང་རྒྱུ་ལས་གཞན་མེད་པ་མཁྱེན་གྱི་ཡོད། གཞན་ལ་འབྲེལ་ལམ་བྱེད་ཤེས་པ་དང་བྱེད་ཕོད་པ། བྱེད་རྒྱུར་མི་སྐྲག་པ་ནི་མགོ་ཁྲིད་ལ་ཚང་དགོས་པའི་ཁྱད་ཆོས་རེད། ཁྱད་ཆོས་དེ་འོས་མི་དོན་གྲུབ་བཀྲ་ཤིས་ལ་ཡག་པོ་ཡོད་པ་ཐེ་ཚོམ་བྱེད་མཁན་མེད། དེ་བཞིན་འོས་མི་གཉིས་ཀ་གཞོན་སྐྱེས་ཡིན་པ་ལས་རྒན་གྲས་མ་རེད། བོད་མིའི་མགོ་ཁྲིད་རྣམས་འདབ་གཤོག་གཉིས་ལྡན་ཡིན་དགོས་ཀྱང་དེ་རིང་གི་འོས་མི་གཉིས་ཀ་འདབ་གཤོག་གཉིས་ལྡན་ཞིག་རེད་ཟེར་ན་ཟེར་མཁན་ཧམ་པ་ཆེ་སོང་བ་རེད། འོས་མི་དོན་གྲུབ་བཀྲ་ཤིས་ཀྱིས་ཨིན་སྐད་ཨིན་ཡིག་གི་ཤེས་ཚད་ལ་ཐོགས་པ་མེད་ནའང་བོད་ཡིག་གི་ཤེས་ཚད་ཡག་མིན་སྡུག་མིན་ཞིག་རེད། འོས་མི་གཉིས་ཀས་འཛིན་སྐྱོང་ལ་ཉམས་མྱོང་ཡོད་གསུངས་ཀྱི་འདུག ཉམས་མྱོང་ཡོད་གསུངས་པས་མི་ཆོག་པར་གཟེངས་ཐོན་གྱི་གྲུབ་འབྲས་དགོས། སྔོན་ཆད་དོན་གྲུབ་བཀྲ་ཤིས་ཀྱིས་གྲུབ་འབྲས་བློ་ཁ་ཚིམས་པ་ཞིག་བླངས་ཡོད་ཀྱང་། མ་འོངས་པར་ཇི་ཙམ་གནང་ཐུབ་མིན་བཤད་དཀའ། འོན་ཀྱང་མང་པོས་སྔར་བཞིན་རེ་བ་བྱེད་ཀྱི་ཡོད་ལ་བྱེད་ཀྱང་ཆོག་པ་ཞིག་ཡིན། །

འོས་མི་འཇམ་དབྱངས་ཤེས་རབ་ཀྱིས་སྲིད་བྱུས་བསྒྲགས་གཏམ་ན་རྩ་ཚིག་དོན་ཚན་བཞི་བྲིས་ཡོད་ཀྱང་རྒྱབ་སྐྱོར་བ་དང་རྒྱབ་སྐྱོར་བ་མ་ཡིན་པ་ཚང་མར་ད་དུང་ཡང་གསལ་པོ་ཆགས་མི་འདུག ངས་དེའི་ཐད་ཡང་ཡང་བསམ་བློ་གཏོང་ཁུལ་བྱས་ཀྱང་། རིགས་གཅིག་ས་གནས་ལ་འབྲེལ་བ་ཡོད་ཀྱང་ཐབས་ལམ་གསལ་པོ་མེད་པ་དང་། རིགས་གཅིག་ས་གནས་དང་འབྲེལ་བ་ཆེན་པོ་དེ་ཙམ་མཐོང་མ་སོང་། འོས་མི་དོན་གྲུབ་བཀྲ་ཤིས་ལ་བསྒྲགས་གཏམ་ཡོད་ཀྱང་བསྒྲགས་གཏམ་གྱི་ནང་ན་སྲིད་བྱུས་གསལ་བའི་བསྒྲགས་གཏམ་མེད། །
འོས་མི་གཉིས་ཀས་མི་མང་གི་མདུན་ལ་ཐོན་ནས་གཏམ་བཤད་ཐེངས་ཁ་ཤས་གནང་སོང་། གཏམ་བཤད་གནང་བ་དག་ལ་དངོས་སུ་བཅར་མེད་ནའང་། བརྙན་ཐུང་བཟོས་པ་རྣམས་ལ་ཉན་རྒྱུ་བྱུང་། འོས་མི་དོན་གྲུབ་བཀྲ་ཤིས་ཀྱིས་ཁྲིམས་སྒྲིག་གི་འགྲོ་ལུགས་འོས་མི་གཞན་འཇམ་དབྱངས་ཤེས་རབ་ལས་ཟབ་པ་དང་། འོས་མི་འཇམ་དབྱངས་ཤེས་རབ་ཀྱིས་ལས་འཆར་དང་འཆར་སྣང་བཤད་པ་མང་། ལས་འཆར་དང་འཆར་སྣང་འབའ་གཞི་ལ་ཉན་གྱིན་ཉན་གྱིན་ས་གནས་འགོ་འཛིན་གྱི་འོས་བསྡུའི་འགྲན་རྩོད་ཡིན་ནམ་སྲིད་སྐྱོང་ངམ་སྤྱི་འཐུས་ཀྱི་འོས་བསྡུའི་འགྲན་རྩོད་ཡིན་ཐེ་ཚོམ་ཡོང་གི་འདུག ས་གནས་འགོ་འཛིན་གྱི་ལས་དོན་ནི་འཛིན་སྐྱོང་བཀའ་ཤག་གི་ལས་དོན་ས་གནས་སུ་སྒྲུབ་མཁན་ཡིན།།

འོས་ཐོབ་དང་མ་ཐོབ་ནི་མང་པོ་ཞིག་རྒྱབ་སྐྱོར་བྱེད་མི་ལ་རག་ལས་པ་རེད། འོས་མི་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལ་རྒྱབ་སྐྱོར་བྱེད་མཁན་ཡག་པོ་ཡོད། ཁོང་གི་རྒྱབ་ལ་མི་ཆེན་གོ་གནས་ཡོད་པ་མེད་ཀྱང་ཉམས་ཆུང་མི་མང་མང་པོ་ཡོད། ཤེས་ཡོན་ལ་དགའ་བའི་གཞོན་སྐྱེས་ཡོད་ལ་ཡི་གེ་འབྲུ་གཅིག་ཀྱང་མི་ཤེས་པའི་རྒན་རྒོན་ཡང་ཡོད། རྒན་རྒོན་རྣམས་མཐའ་མའི་དངོས་གཞིའི་སྐབས་ལུས་པོས་མ་ལྕོགས་པར་འོས་ཤོག་བླུགས་པར་བསྐྱོད་མ་ཐུབ་པར་ལྷག་ངེས་ཡོད། འོས་མི་འཇམ་དབྱངས་ཤེས་རབ་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་མེད། རྒྱབ་སྐྱོར་བྱེད་མཁན་གཙོ་ནི་ད་ལྟའི་ས་གནས་འགོ་འཛིན་ཡིན་པ་ཡོངས་གྲགས་རེད། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་མེད་པ་དེ་ད་ལྟའི་ས་གནས་འགོ་འཛིན་གྱིས་བར་ཆད་བཏང་བ་ཞིག་རེད། དང་པོ་ཉིད་ནས་ད་ལྟའི་ས་གནས་འགོ་འཛིན་དང་འབྲེལ་བ་མེད་པར་བྱས་ཡོད་ན། འོས་མི་འཇམ་དབྱངས་ཤེས་རབ་ལ་འོས་གྲངས་བཞི་བརྒྱ་ནས་ལྔ་བརྒྱ་བར་ཡར་འཕར་ཐུབ་ཀྱི་རེད། ད་ལྟའི་ས་གནས་འགོ་འཛིན་གྱིས་འདས་པའི་ལོ་དྲུག་ནང་ལས་དོན་ཁྱར་ཁྱོར་ཞིག་ལས་གྲུབ་ཐུབ་མེད། དེ་ལྟར་ཡིན་པ་ཕྱི་ལོ་༢༠༢༡ཟླ་༡༢ཚེས་༢༦རྗེས་ལ་གསལ་པོ་མིག་གིས་མངོན་སུམ་མཐོང་ངེས་ཡིན། །

མཐའ་དོན།
ས་གནས་འགོ་འཛིན་ནི་དབུས་ཀྱི་འཛིན་སྐྱོང་གི་སྲིད་བྱུས་ལམ་སྟོན་མི་མང་གི་སྙན་ལ་གྲ་གྲུ་མ་ཉམས་པར་ཇི་བཞིན་ངོ་སྤྲོད་བྱེད་མི་དང་། འཕྲལ་དུ་གཞིས་ཆགས་སྤྱིའི་དཀའ་ངལ་དང་མི་མང་གི་བདེ་སྡུག་སེལ་ཐབས་ཀྱི་ལས་དོན། ཡང་དབུས་སུ་ལྷན་ཁང་བདུན་ཡོད་པ་དེ་དག་ཐམས་ཅད་ཀྱི་འཕྲལ་ཕུགས་ཀྱི་སྲིད་བྱུས་ལམ་སྟོན་དུས་ཐོག་འགོར་འགྱངས་མེད་པར་སྒྲུབ་མཁན་གྱི་མི་སྣ་གཙོ་བོ་དེ་ཡིན། ས་གནས་འགོ་འཛིན་དེ་དབུས་ཀྱི་ཆབ་སྲིད་ལངས་ཕྱོགས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཕྱི་རྒྱུས་ནང་རྒྱུས་ཆ་ཚང་བ་ཡོད་ཐོག ས་གནས་སོ་སོར་སྔ་ཕྱི་རིམ་ཅན་དུ་བསྒྲུབས་དང་སྒྲུབ་མུས་ཀྱི་ལས་དོན་ལ་རྒྱུས་མངའ་དང་། མཇུག་སྐྱོང་ཕོད་པ། སྔོན་ཆད་ལམ་ནོར་བྱུང་བ་ལ་རྒྱུ་མཚན་ལྡན་པའི་ལྡོག་ཤེས་དགོས་པ་བཅས་ནི། ས་གནས་འགོ་འཛིན་གྱི་ལས་དོན་ཡིན། དེ་མིན་ཉམས་ཆུང་མགོ་ནོན་ཐུབ་ཙམ་དང་། ཉེ་དགའ་ཕྱོགས་ལྷུང་གི་སེམས་འབྱུང་རྟག་ཏུ་བྱས་ནས་དྲང་བདེན་མི་སྐྱོང་བ། རྒྱུ་མཚན་ལ་མི་གཟིགས་པར་རྒྱུ་མཚན་ཡོད་པར་འཇིགས་སྐུལ་བྱེད་མཁན་གྱི་ས་གནས་འགོ་འཛིན་ཙམ་པོ་བ་ཚོས་བྱེད་སྟངས་རེད།། །།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༥ སྔོན་ལ།
Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦

མཆན། 2

  1. ཚེ་རིང་། says:
    ལོ་ 3 སྔོན།

    དཔྱད་རྩོམ་ཡག་པོ་འདུག་ དཔྱད་རྩོམ་སྤེལ་བའི་ནང་དོན་བཞིན་དོན་ལའང་དེ་ལྟར་གནས་འདུག་ ཐུགས་རྗེ་ཆེ།

    Reply
  2. Khenrap says:
    ལོ་ 3 སྔོན།

    Lharu Bhu is not conveying message but his piece appeared totally bias and campaign propaganda in support of Mr. Dhondup Tashi. I belong to Sonam Ling settlement and Lharu Bhu did not have proper information. Tibetan Writers will take few generations to understand how to present information authentic and judicious. They don’t know the principle of journalism and its impact in society.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese