མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཆེས་མཐའ་མཇུག་གི་ཆོས་བརྒྱུད་དེ་གང་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༢༢/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ

སྟོན་དང་བསྟན་པ་བསྟན་འཛིན་གསུམ་ལ་ཕྱག་འཚལ་ལོ།།

ཡོངས་གྲགས་སུ་ལོ་ངོ་ཉིས་སྟོང་དྲུག་བརྒྱའི་སྔོན་དུ་སྟོན་པ་ཐུགས་རྗེ་ཅན་མཉམ་མེད་ཤྰཀྱའི་རྒྱལ་སྲས་དེ་ཉིད་འཇིག་རྟེན་འདིར་བྱོན་ཏེ། ལྟ་བ་རྟེན་འབྱུང་དང་སྒོམ་པ་འོད་གསལ། སྤྱོད་པ་འཚེ་མེད་བཅས་ཡིན་པའི་ནང་པའི་བསྟན་པ་འདི་ཉིད་གསར་བཏོད་མཛད། རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱིས་དགུང་ལོ་སོ་ལྔའི་སྟེང་མངོན་པར་རྫོགས་པར་སངས་རྒྱས་ཏེ། དགུང་གྲངས་བརྒྱད་ཅུ་པར་སྐུ་མྱ་ངན་ལས་མ་འདས་བར་དུ། མི་ལོ་བཞི་བཅུ་ཞེ་ལྔའི་རིང་མདོ་དང་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། མི་དང་ལྷ་དང་ཀླུ་སོགས་འགྲོ་བ་རིགས་མི་འདྲ་བ་དུ་མ་ཞིག་དགྲ་བཅོམ་པ་ནས་རྒྱུན་ཞུགས་ཀྱི་བར་གྱི་ས་ལམ་ལ་བཀོད། བསྐལ་བཟང་གི་སངས་རྒྱས་རེ་རེའི་བསྟན་པ་འཇིག་རྟེན་འདིར་གནས་པའི་དུས་ཡུན་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་ཅིང་། སངས་རྒྱས་ལ་ལའི་བསྟན་པ་འཇིག་རྟེན་དུ་མི་ལོ་དུང་ཕྱུར་མང་པོར་གནས་པ་དང་། སངས་རྒྱས་ལ་ལའི་བསྟན་པ་ལོ་སྟོང་ཕྲག་རེ་ཟུང་ལ་གནས་ཀྱི་ཡོད། སངས་རྒྱས་གཞན་གྱི་བསྟན་པའི་གནས་ཚད་དང་བསྡུར་ན། སངས་རྒྱས་ཤྰཀྱ་ཐུབ་པའི་བསྟན་པ་ནི་འཇིག་རྟེན་དུ་གནས་ཡུན་ཆེས་ཐུང་ངུ་དེ་ཡིན། ཁོང་གི་བསྟན་པ་འདི་འཇིག་རྟེན་འདི་ལོ་སྟོང་ཕྲག་ཅི་ཙམ་གྱི་རིང་གནས་པའི་སྐོར་ལ། སངས་རྒྱས་རང་ཉིད་ཀྱིས་གསུངས་པར་གྲགས་པའི་མདོ་སྡེ་དག་གི་བཞེད་ལུགས་ཀྱང་མི་འདྲ་ཞིང་།

འཛམ་བུ་གླིང་འདིར་སངས་རྒྱས་བསྟན་པ་དུས་ཡུན་རིང་ཐུང་ཇི་ཙམ་གནས་པའི་གནས་ཚད་ལ་བཀའ་དང་བསྟན་བཅོས་རྣམས་ནས་མང་ཉུང་སྣ་ཚོགས་ཤིག་གསུངས་ཡོད་པ་སྟེ། 《མདོ་སྡེ་བསྐལ་བཟང》དང《འདུལ་བ་ལུང་ཕྲན་ཚེགས》སོགས་མང་པོ་ཞིག་ལས་བསྟན་པ་ལོ་སྟོང་དུ་གནས་པར་གསུངས། 《སྙིང་རྗེ་པད་མ་དཀར་པོའི་མདོ》ལས་བསྟན་པའི་གཟུགས་བརྙན་དང་བཅས་པ་བསྡོམས་པའི་ལོ་སྟོང་ལྔ་བརྒྱར་གནས་པར་གསུངས། 《ཟླ་བ་སྙིང་པོས་ཞུས་པའི་མདོ》ལས་བསྟན་པའི་གཟུགས་བརྙན་ལོ་ཉིས་སྟོང་གནས་པར་གསུངས། 《ཆོས་ཉིད་རང་གི་ངོ་བོ་ལས་མི་གཡོ་བར་ཐ་དད་སྣང་བའི་མདོ》ལས་བསྟན་པ་ལོ་ཉིས་སྟོང་ལྔ་བརྒྱའི་བར་དུ་གནས་པར་གསུངས། 《དགྲ་བཅོམ་པ་དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད》ལས་མི་རྣམས་ཀྱི་ཚེ་ལོ་ཡར་འཕེལ་གྱི་ཚེ་ལོ་དྲུག་བརྒྱ(མི་རྣམས་ཀྱི་ཆ་སྙོམས་ཚེ་ཚད་ལོ་དྲུག་བརྒྱ་བར་སྡོད་པ)ཐམ་པའི་བར་དུ་གནས་པར་གསུངས་པ་བཅས་ནི་དོན་གཞན་ལ་དགོངས་ནས་གསུངས་པའི་དྲང་དོན་ཡིན་པ་དང་། དོན་ལ་གནས་པའི་ཕྱོགས་ནི་སློབ་དཔོན་ སེ་ནས་མཛད་པའི《འབུམ་ཊིཀ》དང་མཛད་པ་པོ་སུ་ཡིན་ལ་རྩོད་པ་ཡོད་པའི《ཡུམ་གསུམ་གནོད་འཇོམས་ཀྱི་འགྲེལ་པ》སོགས་ལས་སངས་རྒྱས་ཀྱི་བསྟན་པ་ལོ་ལྔ་སྟོང་གི་བར་དུ་གནས་པར་བཞེད་པ་འདི་ཡིན་ཅིང་། དེ་ཡང་ལོ་ལྔ་སྟོང་ཕྱེད་ཕྱེད་དུ་བགོས་པའི་ལྔ་བརྒྱ་པ་ཕྲག་བཅུ་ཡོད་པ་ལས། གཉིས་པར་ཕྱིར་མི་འོང་དང་། གསུམ་པར་རྒྱུན་ཞུགས་ཀྱི་འབྲས་བུ་བཅས་ཐོབ་པ་མང་བས་འབྲས་བུའི་ལེའུ་གསུམ་ཟེར། དེ་ནས་ལྔ་བརྒྱ་ཕྲག་བཞི་པ་དང་། ལྔ་པ། དྲུག་པ་བཅས་ཀྱི་རིང་། ཤེས་རབ་ཀྱི་བསླབ་པ་དང་ཏིང་ངེ་འཛིན་གྱི་བསླབ་པ། ཚུལ་ཁྲིམས་ཀྱི་བསླབ་པ་ལྡན་པ་མང་དུ་བྱུང་བའི་དབང་གིས་སྒྲུབ་པའི་ལེའུ་གསུམ་ཟེར། དེ་ནས་ལྔ་བརྒྱ་ཕྲག་བདུན་པ་དང་། བརྒྱད་པ། དགུ་པ་བཅས་ཀྱི་རིང་ལ། མངོན་པའི་སྡེ་སྣོད་དང་། མདོ་སྡེའི་སྡེ་སྣོད། འདུལ་བའི་སྡེ་སྣོད་གསུམ་སྟོན་པ་མང་དུ་འབྱུང་བའི་དབང་གིས་ལུང་གི་ལེའུ་གསུམ་ཟེར། དེ་ནས་ལྔ་བརྒྱ་ཕྲག་བཅུ་པའམ་ལྔ་བརྒྱ་ཐ་མའི་རིང་རབ་བྱུང་གི་རྟགས་འཆང་བ་ཙམ་མ་གཏོགས་སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་གཙང་མ་དང་ལྡན་པ་གཏན་ནས་མེད་པའི་དབང་གིས་རྟགས་ཙམ་འཛིན་པའི་ལེའུ་ཞེས་ཟེར་བ་ཡིན།

གོང་གི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་པོད་འདི་དག་ཚང་མ་མདོ་ཡི་ཁོངས་སུ་གཏོགས་པའི་སྡེ་སྣོད་རྐྱང་རྐྱང་ཡིན་པ་མ་གཏོགས། གསང་སྔགས་ཀྱི་ཕྱོགས་གཏོགས་གང་ཡང་མིན་པ་ང་ཚོས་ཤེས་གསལ་བཞིན་དང་། སྐབས་འདིར་བསྟན་པ་ཞེས་པ་དེ་ཡང་རབ་ཏུ་བྱུང་བའི་འདུལ་སྡོམ་མམ་རང་ཉིད་གཅིག་བུའམ་སོ་སོ་ཁོ་ན་ཐར་པར་བགྲོད་བྱེད་ཀྱི་ལམ་མམ་བསྟན་པ་སྟེ། སོ་སོར་ཐར་པ་ཐེག་དམན་འདུལ་བའི་ལུགས་ཀྱི་རབ་བྱུང་ཕོ་མོའི་སྡོམ་པ་ཙམ་ཞིག་ལ་ངོས་འཛིན་པ་ཡོངས་གྲགས་རེད། དེས་ན་ཐེག་ཆེན་གྱི་བྱམས་སྙིང་རྗེ་བྱང་ཆུབ་སེམས་དཔའི་སྡོམ་པ་དང་། གསང་སྔགས་ཀྱི་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་དམ་ཚིག་རྣམས་གོང་གི་སྡེ་སྣོད་དེ་དག་ལས་བསྟན་པའི་བསྟན་པ་ཞེས་པ་དེའི་ཁོངས་སུ་མི་འདུ་བ་ཡང་ང་ཚོས་ཤེས་དགོས་ཏེ། བསྟན་པ་ལོ་ལྔ་སྟོང་གི་རིང་གནས་པའི་མཇུག་ཤོས་ལྔ་བརྒྱ་ཐ་མ་དེའི་སྐབས་སུ། རབ་བྱུང་ཕོ་མོའི་གོས་ཀྱི་ཁ་དོག་སྟེ། མདོག་དམར་པོ་དང་སེར་པོ་ཡང་འཇིག་རྟེན་དུ་རྙེད་དཀའ་ཚུལ་གསུངས་པས་ཤེས་ནུས་སོ།།

ནང་བསྟན་ལོ་རྒྱུས་དཔེ་ཆ་མང་པོའི་ནང་དུ་སངས་རྒྱས་ཀྱི་བསྟན་པའི་མཇུག་བསྡུ་ས་དེ་ལི་ཡུལ་ཡིན་ཚུལ་གསུངས་ཡོད་ཅིང་། བུ་སྟོན་ཆོས་འབྱུང་གི་ནང་དུ་དེའི་སྐོར་ཅུང་ཟད་ཞིབ་ཅིང་ཕྲ་ལ་ཡིད་སྐྱོ་དགོས་པ་ཞིག་བཀོད་ཡོད་པ་སྟེ། ཆོས་འབྱུང་དེའི་ནང་དུ་ཟླ་བ་སྙིང་པོས་ཞུས་པའི་མདོའི་ལུང་དྲངས་པ་ལས། ཟླ་བ་སྙིང་པོས་ཞུས་པ། བཅོམ་ལྡན་འདས། དམ་པའི་ཆོས་འདི་ཐ་མར་ཇི་ལྟར་ནུབ་པར་འགྱུར། རྒྱུ་ཅི་ལས་ཉམས། སུས་མ་མཆིས་པར་བགྱིད། ཅེས་ཞུས་པ་ན། ང་འདས་པའི་འོག་ཏུ་ལོ་ལྔ་བརྒྱའི་བར་དུ། ངའི་བསྟན་པ་ལ་སྤྱོད་པའི་སེམས་ཅན་རྣམ་པར་གྲོལ་བ་མང་དུ་འབྱུང་། དེ་ནས་ལོ་ལྔ་བརྒྱའི་བར་དུ་ཏིང་ངེ་འཛིན་ལ་སྤྱོད་པ་མང་དུ་འབྱུང་། རྒྱལ་པོ་དང་སེམས་ཅན་ཕལ་ཆེར་ཆོས་ལ་དད་ཅིང་སྤྱོད་པ་ནི། ཕྱིར་ཞིང་ཉུང་བར་འགྱུར་རོ།། དེ་ནས་ལྔ་བརྒྱའི་བར་དུ་དམ་པའི་ཆོས་སྟོན་ཅིང་། སེམས་ཅན་འདྲེན་པ་དང་ཐར་བར་བྱེད་པའི་སློབ་དཔོན་མང་དུ་འབྱུང་ལ། ཉན་ཐོས་ཀྱི་དགྲ་བཅོམ་པ་ཉིད་དུ་ཉུང་བར་འགྱུར་རོ།། རྒྱལ་པོ་དང་སེམས་ཅན་ཕལ་ཡང་ཉན་པ་ཙམ་དུ་ཟད་ཀྱི། ཉམས་སུ་ལེན་ཅིང་སྤྱོད་པའམ་བརྩོན་འགྲུས་མི་བྱེད་ལ་དད་པ་འབྲི་བར་འགྱུར་རོ།། དམ་པའི་ཆོས་ཀྱི་སྲུང་མ་རྣམས་ཀྱང་མི་དགའ་བར་འགྱུར་ཏེ། དམ་པའི་ཆོས་ལ་མི་དད་པ་རྣམས་ནི་སྔོན་པས་མཐུ་སྟོབས་སྐྱེའོ།། འཛམ་བུའི་གླིང་གི་རྒྱལ་པོ་རྣམས་ཀྱང་ཕན་ཚུན་གཅིག་ལ་གཅིག་དམག་འདྲེན་ཅིང་འཁྲུག་པར་འགྱུར་རོ།། དེ་ལ་ལོ་ལྔ་བརྒྱའི་སུམ་བརྒྱར་ནི། དམ་པའི་ཆོས་སྤྱོད་པའི་ལྷ་ཀླུ་ལ་སོགས་པ་རྣམས་མི་གནས་ཤིང་། སེམས་ཅན་རྣམས་ཆོས་ལ་མི་དད་པར་འགྱུར། ཆོས་སྤྱོད་པ་རྣམས་ཀྱང་ཆོས་ཀྱི་གཞུང་བཞིན་མི་སྤྱོད་པ་དང་། བརྩོན་འགྲུས་ཆུང་བས་གྲུབ་པའང་ཉུང་ངུར་འགྱུར ཁ་དོག་བཞི་དང་བཞི་ལས་གྱུར་པའང་དྲི་རོ་ལ་སོགས་པའང་ཆུང་བར་འགྱུར་རོ།། མི་ནད་དང་ཕྱུགས་ནད་དང་མུ་གེའང་འབྱུང་ངོ་།། ལོ་ཉིས་བརྒྱ་ལ་དགེ་སློང་ཡང་ཆོས་བཞིན་མི་སྤྱོད། འཇིག་རྟེན་གྱི་ཁེ་དང་གྲགས་པ་འཚོལ། སྙིང་རྗེ་ཆུང་། ཚུལ་ཁྲིམས་ལ་མི་གནས། དམ་པའི་ཆོས་མ་ནོར་བར་སྤྱོད་པ་ལ་སྐུར་བ་འདེབས། ལོ་སྤྱོད་དང་ཡོ་བྱད་འཕྲོག འཇིག་རྟེན་གྱི་རྒྱལ་པོའི་གསུང་ལ་བརྟེན་ཅིང་རྒྱལ་སྲིད་འཛིན། རྒྱལ་པོའི་འཕྲིན་པར་འགྲོ་ཞིང་ངོ་འཕྲད་འཚོལ། རྒྱལ་པོ་དང་འབངས་འབྱེད་པའི་དབྱེན་བྱེད། ཉོ་ཚོང་དང་ཁེ་སྤོགས་བྱེད་ཐབས་འཚོལ། དམ་པའི་ཆོས་སྤྱོད་པའང་སྙིང་ནས་ཉམས་སུ་བླངས་ཏེ་མི་སྤྱོད་ཀྱི། ཕལ་ཆེར་ཁ་གསག་དང་ཚུལ་འཆོས་བྱེད་དོ།། སོགས་ནས། མཇུག་མཐར་དགེ་སློང་དེ་དག་གི་བར་དུ་འདུམ་ཐབས་བྲལ་བའི་འགལ་ཟླ་བྱུང་སྟེ། ལག་ཏུ་མཚོན་ཆ་ཐོགས་ནས་ཕན་ཚུན་ཡ་ང་བའི་དམར་འཛིང་བྱས་ཏེ། རབ་བྱུང་བའི་སྡེ་ཞེས་པ་དེ་རྩ་མེད་དུ་སོང་བའི་ཚུལ་ཡིད་སྐྱོ་བ་ཞིག་བྲིས་འདུག

ལོ་རྒྱུས་དངོས་ཡོད་རིག་པ་དང་རྒྱུ་འབྲས་ལྟ་གྲུབ་རིག་པའི་ངོས་ནས་བརྗོད་ན། སྐྱབས་འགྲོའི་སྡོམ་པ་གཞིར་བཞག་གིས་སོ་ཐར་གྱི་སྡོམ་པ་རྒྱུད་ལྡན་གྱི་རབ་བྱུང་ཕོ་མོ་གཉིས་ནི་ཐེག་དམན་པའམ་གནས་བརྟན་སྡེ་བའི་བསྟན་པའི་གཞི་འཛིན་མཁན་ཡིན་ཏེ། ཐེག་དམན་ཆོས་བརྒྱུད་ཀྱི་སྡོམ་པ་ཐམས་ཅད་ཀྱི་མཆོག་དང་རབ་དེ་རབ་བྱུང་དགེ་ཚུལ་སློང་གི་སྡོམ་པ་དེ་ཡིན། སྐྱབས་འགྲོའི་སྡོམ་པ་གཞིར་བཞག་གིས་བྱང་ཆུབ་སེམས་དཔའི་སྡོམ་པ་རྒྱུད་ལྡན་གྱི་གང་ཟག་དེ་རབ་བྱུང་བའམ་ཁྱིམ་པའི་སྐྱེ་བོ་གང་ཡིན་ཡང་། གང་ཟག་དེ་དག་ཐེག་ཆེན་པའི་བསྟན་པའི་གཞི་འཛིན་མཁན་ཡིན། སྐྱབས་འགྲོའི་སྡོམ་པ་དང་བྱང་སྡོམ་གཞིར་བཞག་གིས། གསང་སྔགས་ཀྱི་དབང་སྐུར་ཞུས་ཏེ་བསྐྱེད་རྫོགས་གཉིས་ཉམས་སུ་ལེན་མཁན་གྱི་གང་ཟག་དེ་རབ་བྱུང་བའམ། སྔགས་པ་སྔགས་མའམ་སེར་ཁྱིམ་སུ་ཞིག་ཡིན་ཡང་གསང་སྔགས་ཀྱི་བསྟན་པའི་གཞི་འཛིན་མཁན་ཡིན།

སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་གསུང་བའི་དབུ་བཙུགས་ནས་དུས་ཡུན་རིང་པོ་ཞིག་ལ། གལ་སྲིད་མི་ཞིག་གིས་ཁོང་ལ་ཐར་པའི་ལམ་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་ཚེ། ཁོང་གིས་མི་དེར་ཁྱོད་རང་ཐར་པ་ཐོབ་པར་མཐའ་གཅིག་ཏུ་ཁྱིམ་སྤངས་ཏེ་རབ་ཏུ་བྱུང་དགོས་ཞེས་གསུང་བཞིན་ཡོད་ན་ཡང་། ཁོང་གི་སྐུ་ཚེའི་སྨད་ཙམ་ཞིག་ལ་གསུང་སྟངས་དེར་འགྱུར་བ་མངོན་གསལ་དུ་ཕྱིན་ཏེ། ཐར་པའི་གོ་འཕང་འཐོབ་པར་བྱེད་པ་ལ། མཐའ་གཅིག་ཏུ་ཁྱིམ་སྤངས་ནས་རབ་ཏུ་བྱུང་མི་དགོས་པར། སྐྱབས་འགྲོའི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པའི་རྨང་གཞི་བྱས་ཏེ་ས་བཅུ་ལམ་ལྔ་ཚང་མ་བགྲོད་ཆོག་པ་དང་། སྐུ་ཚེའི་མཇུག་ཙམ་ཞིག་ཏུ་དེ་ལས་ཀྱང་གསུང་སྟངས་ལ་འགྱུར་བ་ཕྱིན་ཏེ། སྐྱབས་འགྲོ་དང་བྱང་ཆུབ་སེམས་དཔའི་སྡོམ་པའི་སྟེང་དུ་གསང་སྔགས་ཀྱི་དམ་ཚིག་བསྲུང་ནུས་ན། འདོད་ཡོན་ལྔ་ལ་ལོངས་སྤྱོད་བཞིན་དུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་འཐོབ་ནུས་པའི་ལམ་བསྟན་གནང་མཛད་པ་རེད།

རྒྱ་གར་དུ་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ལོ་གཅིག་སྟོང་བདུན་བརྒྱ་ཙམ་གྱི་རྗེས་སུ། རྒྱ་གར་ནུབ་བྱང་ནས་ཁ་ཆེའི་འདྲེ་དམག་བསླེབས་ཏེ་བསྟན་པའི་གནས་གཞི་ཆེན་པོ་དུ་མ་ཞིག་ལ་གཏོར་བཤིག་དང་། རབ་བྱུང་ཕོ་མོ་སྟོང་ཕྲག་མང་པོ་གསོད་རྡུང་གི་ལས་ལ་སྦྱར་ཏེ་བསྟན་པ་ཡོངས་སུ་བསྣུབས་པ་རེད། ལོ་རྒྱུས་སྨྲ་བ་ཚང་མ་ཁ་གཅིག་གྲགས་ཀྱིས་ཁ་ཆེ་འདྲེ་དམག་གིས་རྒྱ་གར་དུ་ནང་བསྟན་དང་ཧིན་བསྟན་གཉིས་ཀར་དུས་མཉམ་དུ་གནོད་འཚེ་བཏང་ན་ཡང་། ཧིན་བསྟན་སྔར་བཞིན་དར་ཞིང་རྒྱས་པར་གྱུར་པ་ནི། ཧིན་བསྟན་གྱི་གཞི་འཛིན་པ་རྨང་མཐུག་ས་དེ་གཞི་རིམ་མི་སྐྱའི་སྤྱི་ཚོགས་ཡིན་པའི་དབང་གིས་ཡིན་ཞིང་། ནང་བསྟན་རྩ་མེད་དུ་ཕྱིན་ཏེ་སྐྱར་གསོ་མ་ཐུབ་པ་ནི་ཐེག་ཆེན་དང་ཐེག་དམན་གྱི་སྡེ་གཉིས་ཀས་རབ་བྱུང་ཕོ་མོ་ལ་གཙིགས་སུ་བཟུང་སྟེ། རབ་བྱུང་བའི་སྤྱི་ཚོགས་ཡར་རྒྱས་ལ་དམིགས་པ་གཏད་པ་མ་གཏོགས། གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་ནང་བསྟན་གྱི་སྤྱི་དང་བྱེ་བྲག་གི་ཤེས་ཡོན་སློབ་སྦྱོང་དང་སྒྲུབ་པ་ཉམས་ལེན་གྱི་རིམ་པ་དར་སྤེལ་གཏོང་རྒྱུར་འཐུས་ཤོར་ཆེན་པོ་ཞིག་ཕྱིན་པའི་དབང་གིས་ཡིན་པ་ཡོངས་གྲགས་རེད།

སྤྱི་ཚོགས་ཀྱི་གོམས་སྲོལ་དང་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ལག་ལེན་ཁྲོད་ནས། སྔགས་པའི་སྡེ་དང་བསྡུར་ན་རབ་བྱུང་གི་སྡེ་ལ་སངས་རྒྱས་ཀྱི་བསྟན་པར་ཐོས་བསམ་སྒོམ་གསུམ་བྱེད་རྒྱུའི་དུས་ཚོད་དང་ཁོར་ཡུག་བཟང་པོ་ཞིག་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན་པས། རང་རེ་བོད་ཡུལ་དུ་ཡང་འདས་པའི་ལོ་གཅིག་སྟོང་ལྷག་གི་རིང་ལ། རབ་སྔགས་གཉིས་ཀྱི་སྡེ་ཡི་བསྟན་འཛིན་གྱི་སྐྱེས་བུ་ཐོས་བསམ་སྒོམ་གསུམ་ལ་ཕྱག་རྗེས་ཆེ་བའི་གྲངས་འབོར་བསྡུར་ཚེ། ཕྱེད་ཀ་ཕྱེད་ཀའམ་ཡང་ན་ཚད་ངེས་ཅན་ཞིག་གི་སྟེང་ནས་བལྟས་པ་ཡིན་ན། སྔགས་པའི་སྡེ་ལས་རབ་བྱུང་གི་སྡེ་རུ་འཆད་རྩོད་རྩོམ་གསུམ་གྱི་ཕྱག་རྗེས་ཆེ་བའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་པོ་ཞིག་བྱུང་ཡོད་པ་རེད། ཡིན་ན་ཡང་། མི་ཟློག་དུས་ཀྱི་འཁོར་ལོའི་འགྲོས་ནས་བསྟུན་ནས། གཟི་འོད་ཕྱོགས་བརྒྱར་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ། མེས་པོ་གོང་མ་ཚོའི་བླ་ན་མེད་པའི་ཕྱག་རྗེས་ཁོ་ནར་འཐམས་ཏེ་མ་འོངས་པའི་ཆེད་དུ་གྲ་སྒྲིག་མི་བྱེད་པ་ནི་བླུན་པོ་མིག་རྒྱང་ཐུང་བའི་ལུགས་ཁོ་ནའོ།།

ལོ་རབས་བརྒྱད་ཅུ་བའི་དུས་མགོ་ནས་བརྩམས་ཏེ། བོད་ནང་དུ་བསྟན་པ་ཡང་དར་གྱི་དབུ་བརྙེས་ཤིང་། སྐབས་དེ་དུས་ནས་རབ་བྱུང་བ་དགོན་པར་བསྡུ་བའི་ལོ་ཚོད་དེ་ལོ་བཅོ་བརྒྱད་ངེས་པར་དུ་ལོན་དགོས་པའི་གཏན་ཁེལ་གྱི་སྒྲིག་གཞི་ཞིག་ཡོད་མོད། ས་གནས་ཀྱི་ལས་བྱེད་བཟང་པོ་དེ་དག་གི་བཀའ་དྲིན་ལ་བརྟེན་ནས། མ་ཚོར་མ་རིག་པའི་ཁུལ་དུ་དགོན་པ་སོ་སོས་ལོ་ན་ཆུང་བའི་གྲྭ་བཙུན་གྲངས་འབོར་གཞི་རྒྱ་ཆེན་པོ་ཞིག་དགོན་པར་བསྡུས་ཏེ། དགོན་པར་རང་རང་གི་མ་འོངས་པའི་སོན་རྩའི་དཔུང་སྡེ་ཆེན་པོ་ཞིག་བཏབ་སྟེ་གསོ་སྐྱོང་བྱས་ཡོད་པ་རེད་ལ། དེ་ཚོའི་ཁྲོད་ཀྱི་བརྒྱ་ཆའི་ཚད་གཞི་ངེས་ཅན་ཞིག་ཕྱིར་འཇིག་རྟེན་མི་སྐྱའི་འཚོ་བའི་ཁྲོད་དུ་ལོག་ཟིན་ན་ཡང་། ཤུལ་ལུས་གྲྭ་བཙུན་མི་རབས་གསར་པའི་གྲངས་འབོར་དེ་ཡང་ལྟོས་བཅས་ཀྱིས་ཅུང་ཟད་མང་པའི་རྐྱེན་གྱིས། སྤྱི་ལོ་ཉིས་སྟོང་གི་བར་དུ་མདོ་དབུས་ཁམས་གསུམ་གང་སའི་དགོན་པར་ཚོ་ལ། མ་འོངས་རྒྱུན་འཛིན་གྲྭ་བཙུན་གྱི་མུ་གེ་དེ་ཙམ་ཆེན་པོ་ཞིག་མ་བྱུང་བ་རེད།

ཡིན་ན་ཡང་། སྟོང་ལོ་གསར་པ་མགོ་ཚུགས་ཏེ་འཛམ་གླིང་སྤྱིའི་རིག་གཞུང་གི་ཁ་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་མགོ་ཚུགས་པ་དང་། བོད་ནང་གི་བོད་མའི་འཚོ་བའི་ཡང་འགྱུར་ལྡོག་ཆེན་པོ་ཞིག་བྱུང་བ་མ་ཟད། ལྷག་པར་དུ་བོད་མི་ན་གཞོན་པའི་སྤྱི་ཚོགས་ཁྲོད་དུ་དེང་རབས་ཅན་གྱི་རིག་གཞུང་སྣ་ཚོགས་ཤིག་རྒྱ་མཚོའི་རྦ་རླབས་ལྟར་འཕྱུར་འོངས་པས། བོད་ཀྱི་ས་ཁུལ་གང་སར་དེང་རབས་ཀྱི་སློབ་གྲྭ་དང་སློབ་གསོའི་ལམ་ལུགས་ཀྱི་སྒྲོམ་གཞི་ཆེན་པོ་ཞིག་རྩ་བ་རྒྱས་ཤིག་ཡལ་འདབ་གང་སར་བརྐྱངས། དེ་དང་བསྟུན་ནས་བོད་རིགས་མི་སྐྱའི་འཚོ་བའི་ཁ་ཕྱོགས་དང་སྒྲོམ་གཞིར་ཡང་འགྱུར་བ་རབ་དང་རིམ་པ་ཞིག་འགྲོ་མགོ་བརྩམས་པ་སྟེ། སྔོན་ཆད་ཞིང་ལས་དང་ཕྱུགས་ལས་ཁོ་ནས་འཚོ་བ་དོན་དུ་གཉེར་བའི་འཚོ་བའི་སྤྱི་འགྲོས་དེ་འཐོར་ཞིག་ཏུ་འགྲོ་བའི་མགོ་ཚུགས་ཤིང་། སྔོན་ཆད་བྱིས་པ་ལྔ་དྲུག་སྐྱེས་ཀྱང་འགན་ཁུར་དེ་ཙམ་ཆེན་པོ་ཞིག་མེད་པའི་རོང་འབྲོག་གི་འཚོ་བ་སྐྱེལ་སྟངས་ལས་ལྡོག་སྟེ། བྱིས་པ་གཉིས་སྐྱེས་ཀྱང་དེ་གཉིས་གསོ་སྐྱོང་གི་འགན་ཁུར་ཧ་ཅང་ལྕི་མོར་གྱུར་པའི་དངོས་ཡོད་གནས་སྟངས་ཤིག་གི་རྐྱེན་གྱིས། བཟའ་ཚང་གསར་བ་འདི་དག་གི་མང་ཤོས་ཀྱིས་བྱིས་པ་གཉིས་དང་གསུམ་ཙམ་མ་གཏོགས་སྐྱེ་རུ་འཇུག་གི་མེད་པ་དང་། བྱིས་པ་འདི་དག་གི་ཕ་མའི་ཁྲོད་ནས་མང་ཤོས་ཀྱིས་རང་རང་གི་བྱིས་པ་དགོན་པར་སྐྱེལ་འདོད་བྱེད་ཀྱི་མེད།

བྱིས་པ་དགོན་པར་སྐྱེལ་རྒྱུའི་ལམ་དང་ལུགས་སྲོལ་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་བ་འདི་ནི། རང་རང་གི་ཆོས་བརྒྱུད་དེ་དགོན་པ་དང་རབ་བྱུང་ཁོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པའི་གྲུབ་མཐའ་དེའི་འཇིགས་སུ་རུང་བའི་གོད་ཆགས་ཆེན་པོ་ཞིག་རེད་ཨང་། དེ་ནི་ངོ་མ་བོད་ཀྱི་གཏམ་དཔེ། ལྟག་ཆུ་ཆད་པའི་རྫིང་བུ་ཞེས་པ་དེའི་དཔེ་མཚོན་གསོན་པོ་ཞིག་ཅི་ལ་མིན་ཏེ། གལ་སྲིད་དགོན་པ་དེ་རྫིང་བུ་ཞིག་ཡིན་ན། དེའི་རྒྱུན་འཛིན་གྲྭ་བཙུན་རྣམས་ནི་དེ་འཕེལ་རྒྱས་ཀྱི་འབྱུང་ཁུངས་སུ་གྱུར་པའི་ལྟག་ཆུ་དེ་མ་ཡིན་ནམ། གལ་སྲིད་གྲྭ་བཙུན་གསར་ཞུགས་ཀྱི་ལྟག་ཆུ་དེ་ཆད་སོང་བ་ཡིན་ན། དགོན་པའི་རྫིང་བུ་དུས་ཡུན་རིང་པོ་ཞིག་མ་འགོར་བར་སྐམ་པར་མི་འགྱུར་རམ། དེའི་ཕྱིར། འདི་ནི། འདས་པའི་ལོ་རྒྱུས་ཁྲོད་དུ་གྲྭ་བཙུན་ཁོ་ནས་བསྐྱངས་ཤིང་། ད་ལྟ་ཡང་གྲྭ་བཙུན་ཁོ་ནས་སྐྱོང་བཞིན་པ། མ་འོངས་པར་ཡང་གྲྭ་བཙུན་ཁོ་ནས་སྐྱོང་དགོས་པར་འདོད་པའི་བོད་ཀྱི་ཆོས་བརྒྱུད་དེ་ལ་མཚོན་ན། ཆེས་འཇིགས་སུ་རུང་བའི་གནད་དོན་ཞིག་མ་ཡིན་ནམ། ཆེས་གཡོལ་ཐབས་བྲལ་བའི་གོད་ཆག་ཅིག་མ་ཡིན་ནམ། ཚེ་སྲོག་གི་འགག་རྩ་མ་ཡིན་ནམ། ཤི་གསོན་གྱི་ལ་ཁ་མ་ཡིན་ནམ། ལོ་ལྔ་བཅུའི་རྗེས་སུ་ལོ་རྒྱུས་ཀྱི་ཤུལ་བཞག་ཙམ་ཞིག་ཏུ་འགྱུར་རྒྱུ་མ་ཡིན་ནམ། ལོ་ལྔ་བཅུའི་རྗེས་སུ་ད་ལྟའི་གསེར་གྱི་རྒྱ་ཕིབས་ཅན་གྱི་འདུ་ཁང་དེ་དག་འགྲེམ་སྟོན་ཁང་རེ་རེར་འགྱུར་རྒྱུ་མ་ཡིན་ནམ། ད་ལྟའི་གྲྭ་བཙུན་བརྒྱ་སྟོང་ཅན་གྱི་དགོན་པ་འདི་དག ལོ་ལྔ་བཅུའི་རྗེས་སུ་མི་མེད་འདྲེ་གྲོང་དུ་འགྱུར་རྒྱུ་མ་ཡིན་ནམ།

སྐྱེ་འགྲོ་ཐམས་ཅད་གཅིག་ལ་གཅིག་བརྟེན་གྱིས་འཚོ་ཞིང་གཞེས་པའི་ཆོས་ཉིད་འདིའི་ཀློང་དུ། རང་རེ་བོད་ཀྱི་གྲྭ་བཙུན་སྔགས་གསུམ་སུ་ཡིན་ཡང་། ཆུང་མ་ལས་སྐྱེས་པ་ནས་བཟུང་སྟེ་མཐར་རྒས་ཤིང་འཆི་བའི་བར་གྱི་མི་ཚེའི་བརྒྱུད་རིམ་ཁྲོད་དུ། གཞན་གྱི་བྱམས་སྐྱོང་དང་གཞོག་འདེགས་མེད་པར་ཉིན་གཅིག་ལ་ཡང་འཚོ་ཐབས་མེད་ཅིང་། ལྷག་པར་དུ་བོད་ཀྱི་དགོན་སྡེའི་གྲྭ་བཙུན་སྔགས་གསུམ་རྒན་རྒོན་གྱི་རིགས་ལ་མཚོན་ན། རང་ཉིད་ལས་གཞོན་པའི་མི་ཞིག་གིས་ཟ་མ་གཡོ་སྐོལ་དང་གོན་ཆས་བཀྲུ་བ། གནས་མལ་ལ་གཙང་སྦྲ་བྱེད་པ་སོགས་གང་ཅིའི་ཐད་དུ་མི་གཞན་ཞིག་གི་རོགས་སྐྱོར་དེ་ནི་ཇི་འདྲའི་གལ་ཆེན་པོ་ཞིག་རེད་ཨང་། གོང་བརྗོད་ལྟར། སྤྱི་ལོ་ ༢༠༠༠ལོ་ནས་བཟུང་བོད་རིགས་བྱིས་པའི་ཁྲོད་དུ་དགོན་པར་བསྐྱོད་མཁན་ཧ་ཅང་ཉུང་བའི་དབང་གིས། གྲྭ་བཙུན་སྔགས་གསུམ་ལོ་ན་རྒན་པའི་རིགས་ལ་གཉོར་སྐྱོང་བྱེད་མཁན་མེད་པའི་དཀའ་ངལ་རབ་དང་རིམ་པ་ཞིག་བྱུང་དང་འབྱུང་བཞིན་ཡོད་པས། གཟའ་འཁོར་འདིའི་ནང་ཁོ་བོས་སྐད་འཕྲིན་ལས། མདོ་སྨད་མཚོ་ལྷོ་ཁུལ་ཁྲིི་ཀ་རྫོང་དུ་བསྐྲུན་པའི་གྲྭ་བཙུན་རྒན་རྒོན་གྱི་ཆེད་དུ་ཡིན་པའི་རྒན་གསོ་ཁང་མིང་ལ། མཚོ་ལྷོ་ཁུལ་སྤྱོད་བཟང་མེ་ཏོག་རྒན་གསོའི་ལྟེ་གནས་ཞེས་པ་ཞིག་གི་གསལ་བསྒྲགས་ཤིག་མཐོང་ཞིང་། དེའི་ཐོག་མའི་ཡིག་འབྲུ་འགའ་ནི་འདི་ལྟར། “བོད་ཁུལ་ས་མཐོ་བ་དང་། ཁོར་ཡུག་དམིགས་བསལ་ཡིན་པ། དགེ་འདུན་པ་མང་པོ་ཡོད་པ། ལོ་ན་མཐོ་བའི་དགེ་འདུན་པ་ཚོ་ལ་དཔལ་འབྱོར་གྱི་ཡོངས་ཁུངས་མེད་པ། སྙིང་ནད་དང་ཁྲག་ཤེད་མཐོ་བའི་ནད། ས་མཐོའི་ནད་སོགས་ཡུལ་ནད་ཀྱིས་ཁེངས་པ། དགོན་སྡེ་ལ་དགེ་འདུན་པ་རྒན་གྲས་ལ་དམིགས་པའི་ཆེད་དོན་ཞབས་ཞུའི་སྒྲིག་ཆས་མེད་པ་བཅས་ཀྱི་ངོས་ནས་བརྗོད་ན། ཚེ་མཇུག་གི་འཚོ་བའི་དཀའ་ཁག་ཧ་ཅང་ཆེ་བ་དང་། ཅི་བྱ་གཏོལ་མེད་དུ་གྱུར་ཡོད།” ཅེས་པ་འདི་ཀློག་ཐེངས་རེ་རེར། འདི་ནི་རང་རེའི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཁ་ཚ་དགོས་གཏུགས་དོན་དག་ཆེན་པོ་ཞིག་རེད་ཨང་སྙམ་པའི་ཚོར་བ་ཞིག་ངང་གིས་སྐྱེ་ཡོང་།

གོང་གི་གྲྭ་བཙུན་རྒན་གསོ་ཁང་གི་གསལ་བསྒྲགས་འདི་ལས་མཐོང་ཐུབ་པ་ཞིག་ནི། ང་ཚོའི་སྤྱི་ཚོགས་ཁྲོད་དུ་རྒས་མནར་ནད་གཅོང་དབུལ་ཕོངས་ཡིན་པའི་གྲྭ་བཙུན་རྒན་པ་ཧ་ཅང་མང་པོ་ཞིག་གིས། རང་རང་གི་ཚེ་མཇུག་ནི་འཚོ་བ་དེ་ཧ་ཅང་ཐ་ཤལ་ཉམ་ཞན་ངང་བསྐྱལ་དང་སྐྱེལ་བཞིན་ཡོད་པ་དེ་གསལ་བོ་ཡིན་ལ། དེང་རང་གི་ལོ་ཆུང་བྱིས་པ་དང་དར་མ་སུ་ཞིག་ཡིན་ཡང་། རང་རང་རྒས་ཤིང་འཁོགས་པའི་སྐབས་སུ་འདི་ལྟ་བུའི་བདག་མེད་ཐབས་སྡུག་གི་འཚོ་བ་ཞིག་རོལ་འདོད་མེད་པས། ཐོག་མ་ཉིད་ནས་དགོན་པའི་གྲྭ་བཙུན་གྱི་འཚོ་བ་འདི་ལ་རོལ་འདོད་ཀྱི་ཡི་ག་སེམས་གཏིང་ནས་ཆད་དང་འཆད་བཞིན་ཡོད་པ་ནི་ནམ་ལངས་ཉི་ཤར་མ་རེད་དམ། ཟླ་ཤས་སྔོན་ཕ་ཡུལ་གཅིག་པ་དང་དགོན་པ་གཅིག་པའི་ཆོས་གྲོགས་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག་རྗེས་སྐྱ་སར་བབས་ཏེ། ཆུང་མ་བླངས་ཤིང་བུ་ཕྲུག་གི་ཨ་ཕར་གྱུར་ཏེ་ལྷ་སར་ཚོང་ལས་གཉེར་མཁན་ཞིག་དང་ལྷན་དུ་གླེང་མོལ་བྱེད་སྐབས། ཁོང་གིས། དེང་སང་དགོན་པའི་གྲྭ་པ་སྐྱ་སར་འབབ་མཁན་མང་པོ་ཞིག་གིས་ཉུང་མཐར་ཡང་སྒོར་ཁྲི་ཉི་ཤུ་སུམ་ཅུ་ཙམ་བསགས་རྗེས་གཞི་ནས་སྐྱ་སར་འབབ་ཀི་ཡོད་པ་རེད། ང་ནི་དཔལ་འབྱོར་གྱི་གྲ་སྒྲིག་ཅི་ཡང་མེད་པར་སྐྱ་སར་བབས་པས། དེང་ཐོག་ཧ་ལས་པའི་དཀའ་ངལ་ལ་འཕྲད་སོང་། ཞེས་བརྗོད་པ་ཡང་འདིར་སེམས་སུ་དྲན་ཡོང་ཞིང་། མི་རྣམས་ཀྱི་སེམས་པ་འཇིག་རྟེན་གྱི་ཁྲ་ཁྲ་ཟིང་ཟིང་གིས་དབང་སྒྱུར་ཤུགས་ཆེན་བྱེད་བཞིན་པའི་དུས་རབས་འདིར། ནང་བསྟན་རིག་གཞུང་འདིས་བོད་མི་ཅི་ཙམ་ཞིག་དམར་སེར་ངུར་སྨྲིག་གི་འཇིག་རྟེན་དུ་འཁྲིད་ནུས་སམ།

ནང་བསྟན་འདི་ཐར་པར་འཛེག་པའི་སྐས་གདངས་རིང་པོ་ཞིག་ཡིན་ཞིང་། སྐད་འཛེག་འདིའི་སྟེང་ནས་ཐར་པའི་ཁང་བཟང་དང་མར་འཁོར་བའི་གྲོང་ཁྱེར་དུ་བགྲོད་དཔའི་ཐེམ་པ་མི་འདྲ་བ་དུ་མ་ཞིག་ཡོད་ཅིང་། བོད་བརྒྱུད་ནང་བསྟན་འདི་མི་ལུས་ཤིག་ལ་ཡིན་པའི་དབང་དུ་བྱས་ན། དེ་ལ་སྐྱེ་བའི་གནས་སྐབས་དང་འཚར་བའི་གནས་སྐབས། དར་མའི་དུས་སྐབས་དང་རྒ་བའི་དུས་སྐབས། ན་བའི་དུས་སྐབས་དང་འཆི་བའི་དུས་སྐབས་བཅས་བརྒྱུད་རིམ་མི་འདྲ་བ་མང་པོ་ཞིག་ངེས་པར་དུ་བརྒྱུད་དགོས་ཤིང་། བོད་བརྒྱུད་ནང་བསྟན་གྱི་དར་རྒུད་ལ་མཚོན་ན་ཡང་གོང་གསལ་མི་ལུས་ཀྱི་འཕེལ་རིམ་འདིར་དྲངས་ནས་བལྟས་ན། བསྟན་པའི་གནས་ཚད་མི་འདྲ་བ་བཅུ་ཡོད་པའི་གོ་རིམ་ལས་གཞིགས་ཏེ། མགོ་མཇུག་བར་གསུམ་ཚང་མར་རབ་བྱུང་ངུར་སྨྲིག་སྡོམ་བརྩོན་རྐྱང་རྐྱང་གིས་འཛིན་དགོས་པའི་བསམ་བློ་མཁྲེགས་པོའམ་གུ་དོག་དེའི་རིགས་ཀྱིས་ཁུངས་འཁྱོལ་ཐབས་ཡེ་ནས་མེད་པ་དེ་ལོང་བས་བལྟས་ཀྱང་ཁམས་གསུམ་རེད།

དེའི་ཕྱིར་བོད་བརྒྱུད་ནང་བསྟན་འདིའི་འཚོ་གནས་ལ་བསམ་བློ་བཏང་ན། བསྟན་པ་རབ་བྱུང་བ་གཅིག་པོས་འཛིན་པའི་དུས་སྐབས་ནས་གནའ་ནས་ད་བར་བྱུང་མ་མྱོང་ལ། དེང་སྐབས་རབ་བྱུང་བའི་གྲངས་འབོར་དང་སྤུས་ཀ་སྣང་བརྙན་གསུམ་ལ་གས་ཆག་ཧ་ཅང་ཆེན་པོ་ཞིག་བྱུང་དང་འབྱུང་བཞིན་པའི་སྐབས་འདིར། སྔགས་པའི་སྡེ་དང་སེར་ཁྱིམ་པའི་སྡེ། ཁྱིམ་པ་དཀྱུས་མའི་སྡེ་གསུམ་གྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་ཐོས་བསམ་སྒོམ་གསུམ། བཤད་སྒྲུབ་ལས་གསུམ་སོགས་ལ་འབད་བརྩོན་དང་ཇུས་གཏོགས་ཆེན་པོ་ཞིག་མ་བྱས་རང་བྱས་རེད། འདི་ནི་གངས་ཅན་མགོན་པོ་༧བླ་མ་བདག་ཉིད་ཆེན་པོ་སོགས་ཆོས་བརྒྱུད་ཁག་གི་སྐྱེས་ཆེན་དམ་པ་དང་རབ་སྔགས་གཉིས་ཀའི་སྡེ་ཡི་བསྟན་པའི་འཕེལ་རིམ་དང་བསྟན་པའི་ཆག་འཇིག་ལ་ཐུགས་ཁུར་ཆེན་པོ་ཞིག་བཞེས་པ་རྣམས་ཀྱི་ཐུགས་ལ་བརྣགས་པའི་བྱ་གཞག་རླབས་ཆེན་ཞིག་ལགས།

མཐའ་སྡོམ་བོད་བརྒྱུད་ནང་བསྟན་གྲུབ་མཐའ་གང་ཞིག་ལ་སེར་མོ་བའི་སྡེ་གཅིག་པོ་མ་གཏོགས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་མེད་པ་དེ་ཆོས་བརྒྱུད་གཞན་དག་གི་སྔོན་ལ་འཛམ་གླིང་འདིའི་སྟེང་ནས་རྩ་ཡལ་དུ་འགྲོ་བའི་ཆོས་ཉིད་འདིར་ལྡོག་ཐབས་ཅི་ཡང་མེད་ལ། རབ་སྔགས་སེར་ཁྱིམ་པ་གསུམ་གྱི་སྡེ་ཡིས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཆོས་བརྒྱུད་གྲུབ་མཐའ་དེ་ཆེས་མཐའ་མཇུག་བར་དུ་གནས་རྒྱུ་ཡིན་པ་ཡང་ཕྱི་ནང་གི་ཆོས་ལུགས་ཚང་མའི་ལོ་རྒྱུས་ལ་བལྟས་ན་ཁས་མ་བླངས་རང་བླངས་རེད་དོ།།

འབྲེལ་ཡོད་གསར་འགྱུར།

Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

ཆུ་ཚོད་ ༢༠ སྔོན་ལ།
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

ཆུ་ཚོད་ ༢༠ སྔོན་ལ།
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

ཆུ་ཚོད་ ༢༢ སྔོན་ལ།
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༤ ཉིན་ནས་བཟུང་དགེ་འདུན་པ་བློ་བཟང་ཚེ་རིང་ལགས་དང་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་རྣམ་གཉིས་ཀྱིས་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་སྐོར་བཞིན་པ། པར་དོ་བདག་ནས་འདི་གར་མཁོ་སྤྲོད་གནང་།
Mobile App

དགེ་འདུན་པ་གཉིས་ཀྱིས་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་ཕེབས་ཀྱི་འདུག

༢༠༢༦/༠༡/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese