མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཛ་དྲག་ཏུ་གྱུར་བའི་ཡུ་ཨུ་དམག་འཁྲུག་དང་རྒྱ་ནག་གི་ལངས་ཕྱོགས།

བོད་ཀྱི་དུས་བབ།
༢༠༢༢/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ཚོས་ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་བྱས་ཏེ་དམག་འཁྲུག་རྒྱག་བཞིན་པར་སྐྱོན་བརྗོད་དང་དཔལ་འབྱོར་ཉེས་ཆད་གཅོད་བཞིན་ཡོད་ཀྱང་རྒྱ་ནག་གིས་བཙན་འཛུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད་ཅེས་ཨུ་རུ་སུའི་ཕྱོགས་སུ་ལངས་འདུག

Ukrainian President Volodymyr Zelensky. Photo: AFP

དེ་རིང་ནི་ཨུ་རུ་སུའི་དམག་གིས་མི་འབོར་ས་ཡ་ ༤༤ ཙམ་ལས་མེད་པའི་ཡུ་ཀེ་རེན་ལ་ས་མཚོ་གནམ་གསུམ་ནས་དཔུང་འཇུག་བྱེད་པའི་ཉིན་གཉིས་པ་དེ་ཡིན་ལ། དེ་རིང་ཞོགས་པར་ཡུ་ཀེ་རེན་གྱི་རྒྱལ་ས་ཀིབ་ནང་མེ་སྒྱོགས་ཀྱི་སྒྲ་དང་ཉེན་ཡོལ་གྱི་ཅོང་བརྡ་སྔར་བཞིན་གྲགས་མུས་ཡིན་འདུག དེ་རིང་ཞོགས་པ་ཡུ་ཀེ་རེན་གྱི་སྲིད་འཛིན་ཝོ་ལོ་ཌི་མིར་ཛེ་ལེན་སི་ཀི་ (Volodymyr Zelensky) གྱིས་བརྙན་ལམ་བརྒྱུད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ད་བར་ཡུ་ཀེ་རེན་དང་ཨུ་རུ་སུའི་དམག་འཁྲུག་ཁྲོད་ཡུ་ཀེ་རེན་གྱི་མི་གྲངས་ ༡༣༧ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ད་ལྟའི་ཆར་ཨུ་རུ་སུའི་དམིགས་འབེན་ལྟེ་བ་དེ་ཁོང་རང་ཡིན་ནའང་། ཡུ་ཀེ་རེན་གཡུགས་ནས་འགྲོ་རྒྱུའི་འཆར་གཞི་མེད་པ་དང་། ནུབ་གླིང་རྒྱལ་ཁབ་རྣམས་ཀྱིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཅད་པ་ཙམ་གྱིས་འགྲིག་གི་མེད་པ་དང་། ཨུ་རུ་སུས་ཡུ་ཀེ་རེན་ལ་འཐབ་རྒོལ་མཚམས་འཇོག་མ་བྱེད་བར་དུ་རང་སྲུང་བྱ་ངེས་ཡིན་པས། རང་ལོ་ ༡༦ ནས་ ༦༠ བར་གྱི་སྐྱེས་པ་གང་མང་དམག་ནང་ཞུགས་དགོས་སྐོར་སོགས་བསྒྲགས་ཡོད་འདུག ད་ལྟའི་ཆར་ཡུ་ཀེ་རེན་དམག་གིས་རྒྱལ་ས་ཀིབ་ཀྱི་མཐའ་མཚམས་ཌི་མར་(Dymer)དང་ཨི་ཝན་ཀིབ་ (Ivankiv) ཁུལ་དུ་ཨུ་རུ་སུའི་དམག་ལ་ཕར་རྒོལ་བྱེད་བཞིན་ཡོད་པ་དང་། དབྱིན་ཡུལ་གྱི་རྒྱལ་སྲུང་དྲུང་ཆེས་བརྗོད་པ་ལྟར་ན། འདས་པའི་ཉིན་གྲངས་གཉིས་ནང་ཨུ་རུ་སུའི་དམག་ ༤༥༠ ལྷག་རྐྱེན་འདས་སོང་ཡོད་སྐོར་བརྗོད་འདུག

ཁ་སང་ཨུ་རུ་སུས་དངོས་སུ་ཡུ་ཀེ་རེན་ལ་དམག་དྲངས་རྗེས། ཨ་རིས་བསྐྱར་དུ་ཨུ་རུ་སུའི་ཐོག་ལ་དཔལ་འབྱོར་ཉེས་ཆད་སྔར་བས་ལྕི་བ་ཞིག་བཀལ་ཏེ། ཨུ་རུ་སུའི་དངུལ་ཁང་བརྒྱ་ཆ་ ༨༠ ཨ་རི་དང་འབྲེལ་བའི་ཚོང་དོན་བྱ་འགུལ་ནང་ཞུགས་མི་ཆོག་པ་དང་། ཨ་རིའི་མི་སེར་རྣམས་ཀྱིས་ཨུ་རུ་སུའི་དངུལ་ཁང་དེ་དག་ནང་ཚོང་གཉེར་དང་མ་རྐང་འཛུགས་རེས་མི་ཆོག་པ། ཨུ་རུ་སུའི་དཔོན་རིགས་དང་ཚོང་པ་ཆེ་གྲས་རྣམས་ལ་ཉེས་ཆད། ཨུ་རུ་སུའི་དམག་དང་རྒྱལ་སྲུང་ལྷན་ཁང་གིས་ཨ་རིའི་འཕྲུལ་རིག་ཕལ་ཆེ་བ་ཉོ་སྒྲུབ་མི་ཆོག་པ་སོགས་ཨུ་རུ་སུའི་དཔལ་འབྱོར་ཉམས་ཉེས་གཏོང་རྒྱུར་དམིགས་པའི་ཉེས་ཆད་བཀལ་ཡོད་ཅིང་། ཡུ་རོབ་མཐུན་ཚོགས་དང་། ཨོ་གླིང་། ཉི་ཧོང་། ཁེ་ན་ཌ། ནེའུ་ཛི་ལེན་ཌི། དབྱིན་ཡུལ་བཅས་ཀྱིས་ཀྱང་དེར་མཚུངས་ཀྱི་དཔལ་འབྱོར་ཉེས་ཆད་གཅོད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་རེད། གཞན་ཡང་དེ་རིང་ཉིན་རྒྱབ་ཙམ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ནང་ཨུ་རུ་སུར་ངོ་རྒོལ་གྱི་གྲོས་ཆོད་ཅིག་འཇོག་གཏན་འཁེལ་ཡོད་ཅིང་། ཨུ་རུ་སུ་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་ཡིན་སྟབས། གྲོས་ཆོད་དེ་རྩིས་མེད་འགྲོ་ངེས་ཡིན་ནའང་། གྲོས་ཆོད་དེ་ཉིད་བསྐྱར་དུ་རྒྱལ་ཚོགས་ཀྱི་ཚོགས་མི་ཚང་འཛོམས་ཀྱི་ཚོགས་ཆེན་(General Assembly)ཐོག་འཁུར་རྒྱུ་ཡིན་པ་རེད་འདུག གྲོས་ཆོད་དེའི་ནང་ཨུ་རུ་སུས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་རང་གི་དམག་དཔུང་ཡོངས་རྫོགས་ཡུ་ཀེ་རེན་ནས་ཕྱིར་འཐེན་དང་། ཡུ་ཀེ་རེན་ཤར་མའི་ས་ཁུལ་གཉིས་ཀྱི་རང་བཙན་ཁྱབ་བསྒྲགས་དེ་རྩིས་མེད་གཏོང་དགོས་སྐོར་འཁོད་འདུག

Russian President Vladimir Putin and Chinese President Xi Jinping meet at the Friendship Palace in Beijing on April 26, 2019. KENZABURO FUKUHARA/POOL/KYODONEWS5

ཁ་སང་ཉི་ཧོང་དུ་ཡོད་པའི་ཡུ་ཀེ་རེན་གྱི་གཞུང་ཚབ་པ་སར་ཇི་ཀོར་སུན་སི་ཀི་ (Sergiy Korsunsky) ཡིས་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། རྒྱ་ནག་ངོས་ནས་ཨུ་རུ་སུ་དང་འབྲེལ་ལམ་དམིགས་བསལ་ཡོད་པ་དེ་བེད་སྤྱོད་བྱས་ཏེ། སྲིད་འཛིན་པུ་ཀྲིན་ལ་དུས་རབས་ཉེར་གཅིག་འདིར་ཡུ་རོབ་ནང་དམར་གསོད་འདི་འདྲ་བྱས་ན་རན་འཚམ་མིན་སྐོར་སྐད་ཆ་བཤད་རྒྱུའི་རེ་སྐུལ་ཞུ་ཡི་ཡོད་སྐོར་དང་། ད་ཐེངས་རྒྱ་ནག་ལ་དཀའ་རྙོག་འདི་ཉིད་སེལ་ཐབས་ཆེད་འགན་ལྷག་མ་འཁུར་ཐུབ་པའི་ནུས་པ་ཡོད་སྐོར་སོགས་བརྗོད་ཡོད་ཀྱང་། ཁ་སང་གསར་འགོད་པའི་གསལ་བསྒྲགས་ཤིག་གི་སྟེང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ཧྭ་ཁྲིན་ཡེན་ (Hua Chunying) ཟེར་བར་གསར་འགོད་པས་ཨུ་རུ་སུའི་བཙན་འཛུལ་སྐོར་འདྲི་སྐབས། ཁོ་མོས་ཨུ་རུ་སུའི་དམག་དོན་བྱ་འགུལ་དེ་བཙན་འཛུལ་ཞིག་ལ་ངོས་འཛིན་བྱས་མེད་པ་མ་ཟད། ད་ལྟའི་དཀའ་རྙོག་འདི་ཨ་རིས་ཡུ་ཀེ་རེན་ལ་གོ་མཚོན་མཁོ་སྤྲོད་བྱས་ཏེ་ཇེ་ཆེར་གཏོང་གི་ཡོད་སྐོར་བརྗོད་འདུག་ལ། ཡང་གསར་འགོད་པ་ཞིག་གིས་པུ་ཀྲིན་གྱིས་པེ་ཅིན་གྱི་དགུན་དུས་ཨོ་རྩེད་མཇུལ་བསྒྲིལ་བ་དང་ཡུ་ཀེ་རེན་ལ་དམག་དྲངས་ཡོད་སྟབས། རྒྱ་ནག་ལ་ཨུ་རུ་སུའི་དམག་དོན་འཆར་གཞི་དེར་རྒྱུས་མངའ་ཡོད་མེད་སོགས་འདྲི་སྐབས། རྒྱ་ནག་གི་མགྲིན་ཚབ་མ་དེས་གནད་དོན་དེ་སྲིད་འཛིན་པུ་ཀྲིན་ལ་འདྲི་དགོས་སྐོར་གྱི་ལན་འདེབས་བྱས་ཡོད་ལ། ཡུ་ཀེ་རེན་གྱི་དཀའ་རྙོག་འདིའི་ནང་རྒྱ་ནག་འབྲེལ་བ་མེད་སྐོར་ཡང་བརྗོད་ཡོད་འདུག

ཨུ་རུ་སུས་རང་བཙན་ལྡན་པའི་རྒྱལ་ཁབ་ཡུ་ཀེ་རེན་ལ་དམག་དྲངས་ཏེ་རྒྱལ་སྤྱིའི་ཁྲིམས་སྒྲིག་རྡོག་རོལ་ཚབས་ཆེན་བཏང་བ་དེར་འཛམ་གླིང་གི་མགོ་འཁྲིད་དང་མི་མང་སོགས་ནས་སྐྱོན་བརྗོད་དང་ཕར་རྒོལ་བྱེད་བཞིན་ཡོད་པ་ལྟར། རྒྱ་ནག་གིས་བཙན་རྒོལ་ཐེབས་བཞིན་པའི་ཐའེ་ཝན་གྱིས་ཀྱང་ཨུ་རུ་སུར་སྐྱོན་བརྗོད་དང་སྦྲགས། ཨ་རིས་གཙོས་པའི་དམངས་གཙོའི་རྒྱལ་ཁབ་རྣམས་ཀྱིས་ཨུ་རུ་སུའི་ཐོག་བཀལ་བའི་ཚོང་ཟོག་ཕྱིར་འདྲེན་ཐད་ཀྱི་ཉེས་ཆད་རྣམས་ལ་མོས་མཐུན་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད། འོན་ཀྱང་། ཨུ་རུ་སུའི་དམར་ཤོག་འཐབ་གྲོགས་རྙིང་པ་དང་ཨུ་རུ་སུའི་ཚོང་འབྲེལ་རྒྱལ་ཁབ་ཆེ་ཤོས་རྒྱ་ནག་གིས་དེ་སྔ་ནས་དཔལ་འབྱོར་ཉེས་ཆད་ཀྱིས་གནད་དོན་སེལ་ཐབས་མེད་པ་དང་། ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་གཅོད་རྒྱུ་དེར་དོན་སྙིང་གང་ཡང་མེད་སྐོར་བརྗོད་སོགས་བརྗོད་ཡོད་ལ། དོན་དངོས་ཐོག་ནས་ཀྱང་ཨ་རི་དང་ཡུ་རོབ་རྒྱལ་ཁབ་གཅིག་པུས་དཔལ་འབྱོར་ཉེས་ཆད་བཅད་པ་དེས་ཨུ་རུ་སུའི་དཔལ་འབྱོར་ལ་དོ་ཕོག་ཆེན་པོ་ཐེབས་ཀྱི་མེད་པ་རེད། འོན་ཀྱང་གལ་ཏེ་རྒྱ་ནག་ངོས་ནས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཅད་ཚེ། དེས་ཨུ་རུ་རུའི་དཔལ་འབྱོར་ལ་གནོན་ཤུགས་ཆེན་པོ་ཐེབས་ངེས་ཡིན་པ་དཔྱད་བརྗོད་པས་རྗོད་ཀྱིན་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་སྲིད་འཛིན་པུ་ཀྲིན་གྱིས་ཡུ་ཀེ་རེན་གྱི་ས་ཁུལ་གཉིས་རང་བཙན་དུ་ཁྱབ་བསྒྲགས་བྱས་ཏེ། ཡུ་ཀེ་རེན་ནང་“དམིགས་བསལ་དམག་དོན་བྱ་འགུལ་”སྤེལ་རྒྱུ་ཡིན་སྐོར་བསྒྲགས་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་འདུའི་སྟེང་རྒྱལ་ཁབ་ཕལ་ཆེ་བས་ཨུ་རུ་སུར་སྐྱོན་བརྗོད་བྱས་ཡོད་ནའང་། རྒྱ་ནག་གི་སྐུ་ཚབ་ཀྲོང་ཅུན་ (Zhang Jun) ཟེར་བ་དེས། ཕྱོགས་ཚང་མས་གྲོས་མོལ་དང་ཕན་ཚུན་ལ་བརྩི་བཀུར་ཡོད་པའི་ཐོག་ནས་ཡུ་ཀེ་རེན་གྱི་དཀའ་རྙོག་སེལ་དགོས་སྐོར་ཙམ་ལས། ཨུ་རུ་སུའི་བྱེད་སྟངས་དེར་རྒྱབ་སྐྱོར་དང་ངོ་རྒོལ་གྱི་རྣམ་པ་ཙམ་ཡང་བསྟན་མེད་ལ། ཐ་ན་ཨུ་རུ་སུ་མིང་འབོད་ཀྱང་བྱས་མེད་པ་རེད། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཐོག་རྒྱ་གར་གྱི་སྐུ་ཚབ་ཊི་རོ་མོར་ཊི་ (Tirumurti)ཡིས་ཀྱང་ཨུ་རུ་སུ་དང་ཡུ་ཀེ་རེན་གཉིས་ཀྱི་གནས་སྟངས་ཉེན་ཁ་ཆེན་པོ་ཆགས་ཡོད་པར་བློ་ཕམ་ཡོད་ལ། གནད་དོན་དེར་ཡིད་གཟབ་མ་བྱས་ན་ས་གནས་ཀྱི་ཞི་བདེ་ལྷིང་འཇགས་ལ་གནོད་སྐྱོན་ཐེབས་སྲིད་སྐོར་ཙམ་ལས་ཨུ་རུ་སུའི་བཙན་འཛུལ་ལ་ཐེར་འདོན་དང་སྐྱོན་བརྗོད་གང་ཡང་བྱས་མེད་འདུག

Firefighters work at the site of a damaged residential building in Kyiv, Ukraine, February 25, 2022. (Ukrainian Ministry of Emergencies/via Reuters TV/Handout via Reuters)

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་པུ་ཀྲིན་ནི་རང་གི་སྙིང་ཉེ་བའི་གྲོགས་པོ་ཞིག་ཡིན་པ་དང་། སྲིད་འཛིན་སྒེར་གཉིས་ཀྱི་འབྲེལ་ལམ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་བས་ཇེ་ཟབ་ཏུ་བཏང་ཡོད་སྐོར་སོགས་བསྒྲགས་ཡོད་ལ། ཉེ་ཆར་པེ་ཅིན་དུ་འཚོགས་པའི་དགུན་དུས་ཨོ་རྩེད་ཀྱི་མགོ་འབྱེད་མཛད་སྒོར་པུ་ཀྲིན་དམིགས་བསལ་སྐུ་མགྲོན་གྱི་ཚུལ་དུ་པེ་ཅིན་དུ་འབྱོར་ཡོད་ལ། སྔ་གཞུག་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་ཅི་ཙམ་བྱས་ཀྱང་། པུ་ཀྲིན་གྱིས་རྒྱ་ནག་ལ་རྒྱབ་སྐྱོར་བྱས་པ་མ་ཟད། ད་ལན་པུ་ཀྲིན་གྱིས་ཡུ་ཀེ་རེན་གྱི་ཤར་བརྒྱུད་ཌོ་ནེ་སི་ཀི་མི་མང་སྤྱི་མཐུན་ (Donetsk People’s republic) དང་ལུ་ཧན་སི་ཀི་མི་མང་སྤྱི་མཐུན་ (Lugansk People’s Republic) གཉིས་རང་བཙན་གྱི་རྒྱལ་ཁབ་ཏུ་ངོས་འཛིན་བྱ་རྒྱུ་དང་། ཡུ་ཀེ་རེན་ནང་དམག་དྲང་རྒྱུ་དེ་ཡང་པེ་ཅིན་ཨོ་རྩེད་མཇུལ་བསྒྲིལ་མཚམས་ནས་མགོ་བརྩམས་པ་རེད། རྒྱ་ནག་གི་ཕྱོགས་ནས་བཤད་ན། རྒྱ་ནག་ནི་ཨུ་རུ་སུ་དང་ཡུ་ཀེ་རེན་གཉིས་ཀའི་ཚོང་འབྲེལ་རྒྱལ་ཁབ་ཆེ་ཤོས་དེ་ཡིན་ལ། ལྷག་པར་དུ་རྒྱ་ནག་དང་ཡུ་རོབ་གླིང་ཕྲན་དབར་ཚོང་དོན་འབྲེལ་ལམ་ཟབ་པོ་ཡིན་པར་བརྟེན། རྒྱ་ནག་གིས་རང་ཉིད་ཡུ་རོབ་ནང་གི་དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ལ་མཐོང་འདོད་མེད་ཀྱང་། ཡང་ཕྱོགས་གཅིག་ནས་ཡུ་རོབ་ནང་དམག་འདྲེན་མཁན་གྱི་ཨུ་རུ་སུའི་རྒྱལ་ཁབ་དང་དམག་དོན་གྱི་ཐད་ནས་མཉམ་འབྲེལ་བྱ་འདོད་ཆེན་པོ་ཡོད་པ་རེད། དེར་བརྟེན་ད་ལན་རྒྱ་ནག་གཞུང་གིས་ཕྱོགས་གཉིས་ཀར་བསྟུན་མཁས་ཀྱིས་མངོན་གསལ་དོད་པོས་ཨུ་རུ་སུར་རྒྱབ་སྐྱོར་བྱ་འདོད་མེད་ནའང་། འཛམ་གླིང་གིས་རྒྱ་ནག་དེ་གོ་ལའི་སྒྲོམ་གཞི་དང་ཞི་བདེ་ལྷིང་འཇགས་གཏོར་མཁན་གྱི་རྒྱལ་ཁབ་ཨུ་རུ་སུའི་རྒྱབ་ལ་ལངས་ཡོད་པ་ཤེས་ཡོད།

US President Joe Biden, in an address Thursday after Russia’s invasion of Ukraine, said “we will make sure that Putin will be a pariah on the international stage”. Photo: AFPBider

དོན་དུ་ཐེངས་འདིའི་ཡུ་ཀེ་རེན་གྱི་དཀའ་རྙོག་མགོ་འབུད་བཞིན་པའི་སྐབས་ནས་རྒྱ་ནག་གིས་རང་གི་ལངས་ཕྱོགས་བརྟན་པོ་བསྟན་ཡོད་པ་རེད། དེ་ཡང་ཨུ་རུ་སུས་འདས་ལོའི་ཕྱི་ཟླ་ ༡༡ ཙམ་ནས་ཡུ་ཀེ་རེན་གྱི་མཐའ་མཚམས་སུ་དམག་དང་མཚོན་ན་ཕོན་ཆེན་འགྲེམས་འཇོགས་བྱས་ཏེ། ཨ་རིས་སྣེ་ཁྲིད་པའི་ནུབ་རྒྱ་མཚོའི་དམག་དོན་མནའ་འབྲེལ་རྒྱལ་ཁབ་ (Nato) ངོས་ནས་ཡུ་ཀེ་རེན་ཚོངས་ཁོངས་སུ་འཇུག་རྒྱུ་མེད་པ་དང་། པོ་ལེན་ཌིས་མཚོན་པའི་ཡུ་རོབ་ཤར་མའི་ཁུལ་དུ་འགྲེམས་འཇོག་བྱས་པའི་ནེ་ཊོའི་དམག་ཤུགས་ཉུང་འཕྲི་དགོས་སྐོར་གྱི་ཆ་རྐྱེན་བཏོན་ཡོད་ཅིང་། དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཟེར་བ་དེས། ཨུ་རུ་སུའི་བློ་འཚབ་བྱེད་བཞིན་པ་དེ་དག་ལུགས་མཐུན་ཡིན་པ་དང་། ནེ་ཊོ་ངོས་ནས་ཨུ་རུ་སུའི་བློ་འཚབ་ལ་སྣང་འཇོག་བྱ་དགོས་སྐོར་བཤད་ཡོད་པ་རེད། གཞན་ཡང་དུས་སྐབས་དེར་ཨ་རིའི་ཡུ་ཀེ་རེན་གྱི་གནད་དོན་དང་འབྲེལ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་འདུ་བསྐོང་འཚོག་བྱས་པར་སྐྱོན་བརྗོད་བྱས་ཡོད་པ་རེད།

དཔྱད་བརྗོད་པ་རྣམས་ཀྱིས་ཕྱི་ལོ་ ༢༠༡༤ ལོར་ཨུ་རུ་སུས་དམག་ཤུགས་སྤྱད་དེ་ཡུ་ཀེ་རེན་གྱི་ཤར་བརྒྱུད་ས་ཁུལ་ཁེ་རེ་མི་ཡ་ (Crimea) ལ་བཙན་འཛུལ་བྱས་པ་ནས་བཟུང་། རྒྱ་ནག་དང་ཨུ་རུ་སུའི་འབྲེལ་ལམ་དེ་སྔར་བས་ཇེ་ཟབ་ཏུ་ཕྱིན་ཡོད་པ་དང་། འགའ་ཤས་ཀྱིས་ད་ལྟའི་ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་ལམ་དེ་སྔར་གྱི་སི་ཊ་ལིན་དང་མའོ་སྐབས་ཀྱི་འབྲེལ་ལམ་ལས་བཟང་བར་གྱུར་ཡོད་སྐོར་རྗོད་ཀྱིན་འདུག དོན་དུའང་འདས་པའི་ལོ་ཤས་རིང་ནས་རྒྱ་ནག་ནི་ཨུ་རུ་སུའི་ཚོང་འབྲེལ་རྒྱལ་ཁབ་ཆེ་ཤོས་དེ་ཡིན་ཞིང་། འདས་ལོར་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་རིན་འབབ་དེ་ཨ་སྒོར་ཐེར་འབུམ་ ༡༤༧ ལ་ཐོན་ཡོད། དེ་བཞིན་འདས་ལོར་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་དམག་དོན་མཉམ་ལས་གྱི་གན་རྒྱ་བཞག་པ་དང་། མཉམ་འབྲེལ་དམག་སྦྱོང་སྔར་བས་ཇེ་མང་དུ་བཏང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Former Miss Tibet Tenzin Paldon in an undated photo (Photo/Instagram)
Mobile App

བོད་ནང་ཆོས་ལུགས་དད་མོས་དང་གསར་འགོད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

ཆུ་ཚོད་ ༡༦ སྔོན་ལ།
སྲིད་སྐྱོང་མཆོག་གིས་ལྡི་ལི་བསམ་ཡས་གླིང་བོད་ཁྱིམ་སློབ་གྲྭའི་གཟིགས་སྐོར་གནང་། ༢༠༢༥།༠༨།༡༣ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ལྡི་ལི་བསམ་ཡས་གླིང་གི་བོད་མི་ཚོས་ས་ཆ་རྣམས་ཁྲིམས་མཐུན་དེབ་སྐྱེལ་ཚགས་ཚུད་གནང་དགོས་སྐོར་ལམ་སྟོན་གནང་།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

༸རྒྱལ་བའི་ཡང་སྲིད།

༢༠༢༥/༠༨/༡༣
Election Commission's announcement on the upcoming election of Sikyong and Member of Parliament in Exile. Photo: Edited by tibettimes
Mobile App

ཕྱི་ཟླ་ ༡༠ ཚེས་ ༡ ནས་བཟུང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་དངོས་སུ་དབུ་འཛུགས་གནང་རྒྱུ་ཡིན་འདུག

༢༠༢༥/༠༨/༡༣
On 27 July 2025, His Holiness the 14th Dalai Lama met Czech President Petr Pavel at Shewatsel Phodrang in Leh, Ladakh. Photo Credit: Office of the Dalai Lama
Mobile App

རྒྱ་ནག་གཞུང་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་ལྷན་དུ་འབྲེལ་ལམ་ཡོངས་མཚམས་འཇོག་བྱས་ཡོད་ཟེར།

༢༠༢༥/༠༨/༡༣
ཧོར་གཙང་ཀིརྟིའི་དགོན་གྱི་ཁྲི་ཚབ་དང་དཔེ་ཁྲིད་དགེ་རྒན་དགེ་བཤེས་ལྷ་རམས་པ་དཀོན་མཆོག་ཆོས་གྲགས་ལགས། པར་གནས་ཚུལ་མཁོ་སྤྲོད་པས་གནང་།
Mobile App

ཀིརྟིའི་དགོན་ཁག་གི་ཤེས་ཡོན་འགན་འཛིན་ལྷན་ཚོགས་སྒོ་བརྒྱབ་པ་དང་དཔེ་འཁྲིད་དགེ་རྒན་ཞིག་བཙན་འཁྲིད་བྱས།  

༢༠༢༥/༠༨/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese