དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གཉིས་པའི་སྟེང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་བརྒྱད་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་སོང་།
དེ་རིང་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གཉིས་པའི་ཐོག བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་ ༨ སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་སོང་ལ། གྲོས་ཆོད་ཀྱི་དགོངས་དོན་གཞིར་བཟུང་བཀའ་སྤྱི་གཉིས་ཀྱི་ངོས་ནས་རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུ་ཡིན་འདུག དེ་ཡང་ཁ་སང་གྲོས་ཚོགས་ར་བའི་ནང་སྤྱི་འཐུས་མི་ཉུང་བ་ཞིག་གིས་བཀའ་སྤྱི་གཉིས་ཀྱི་ངོས་ནས་རྒྱལ་སྤྱིའི་སྟེང་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་དགོས་པའི་བསམ་ཚུལ་བཏོན་པ་ལྟར། དེ་རིང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱི་རྒྱབ་སྐྱོར་ཐོག་ནས་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་ ༦ པར་བཟོ་བཅོས་གྲོས་འཆར་བཏོན་ཏེ། དོན་ཚན་དེའི་ནང་གི་གཞིས་བྱེས་མཉམ་འཛོམས་ཡོང་ཆེད་ཅེས་པའི་མཇུག་དེར། བཀའ་སྤྱི་གཉིས་ནས་སྣེ་ཁྲིད་ཀྱིས་རྒྱལ་སྤྱིའི་ནང་གཞི་རྒྱ་ཆེ་བའི་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་གནང་རྒྱུ། ཞེས་པ་ཁ་སྣོན་བྱས་སོང་ལ། བགྲོ་གླེང་སྐབས་སུའང་སྤྱི་འཐུས་རྣམ་གཉིས་ནས་རྒྱལ་སྤྱིའི་སྟེང་དུ་བོད་ནང་གི་བོད་མི་རྣམས་ཀྱི་ཛ་དྲག་གནས་སྟངས་རྣམས་ཞུ་གཏུག་བྱ་རྒྱུའི་གཞི་རྒྱ་ཆེ་བའི་ལས་འགུལ་ཛ་དྲག་གིས་སྤེལ་གལ་ཆེ་སྐོར་བརྗོད་སོང་།
དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ཁག་ལག་བསྟར་ཚགས་ཚུད་གནང་ངེས་ཡིན་སྐོར་གསུངས་པ་དང་སྦྲགས། ལྷག་པར་དུ་གྲོས་ཆོད་དོན་ཚན་ ༣ པ་དང་འབྲེལ་ནས། གཞི་རྒྱ་ཆེ་བའི་ལས་འགུལ་དེ་དང་འབྲེལ་ད་ལྟ་འདིར་གྲོས་ཆོད་ཅིག་འཇོག་གི་ཡོད་དུས། དངུལ་རྩིས་གཏན་འབེབས་བྱེད་པའི་སྐབས་སུ་རྩིས་མགོ་ཞིག་བཟོ་དགོས་ཀྱི་ཡོད་པ་དང་། དངུལ་འཇོག་དགོས་ཀྱི་ཡོད་པ་རེད། དེའི་སླད་ཚོགས་དུས་དང་པོ་ནས་སྙན་གསེང་ཞུས་ཡོད། བཀུར་འོས་ཚོགས་གཙོ་ཚོགས་གཞོན་གཉིས་ཟུར་དུ་མཇལ་བའི་སྐབས་སུ་ཡང་སྙན་གསེང་ཞུས་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་ནས་ཆབ་སྲིད་ཀྱི་ལས་འགུལ་གང་འདྲ་ཞིག་སྤེལ་གྱི་ཡོད་ནའང་། དཔལ་འབྱོར་གྱི་རྒྱབ་རྟེན་ཞུ་རྒྱུ་ཐད་ལ་ཐེ་ཚོམ་རྩ་བ་ནས་གནང་གི་མེད། གཞན་པ་ནས་ག་རེ་གཅག་དགོས་པ་དང་ག་རེ་ཉུང་དུ་གཏང་དགོས་པ་ཡིན་ནའང་གཏོང་གི་ཡིན། ཆབ་སྲིད་དེ་གལ་ཆེན་པོ་རྩི་ཡི་ཡོད། ད་ལྟ་བཀའ་སྤྱིི་ལྷན་རྒྱས་གཉིས་ཀྱིས་ཐུན་མོང་གི་ཐོག་ནས་གནང་རྒྱུའི་བཀའ་གནང་གི་ཡོད་དུས། ལས་གཞི་དེ་ག་བར་སྤེལ་དགོས་པ་དང་། གང་འདྲ་སྤེལ་དགོས་པ། ག་དུས་སྤེལ་དགོས་པ། རྒྱ་ཆེ་ཆུང་ག་བར་སྤེལ་དགོས་པར་གོ་བསྡུར་གནང་དགོས་ཀྱི་ཡོད་པ་རེད། དེ་གཏན་འབེབས་བྱས་ཚར་བའི་རྗེས་སུ་དཔལ་ལྡན་ཚོགས་གཙོ་ལྷན་རྒྱས་ལ་གོ་བསྡུར་ཞུས་ནས། ཚོགས་ཆུང་གང་འདྲ་འཛུགས་དགོས་སྐོར་གྲ་སྒྲིག་བྱ་དགོས་ཀྱི་འདུག གང་ཡིན་ཟེར་ན། གནས་དང་དུས་སོགས་འཚམ་པོ་མེད་པ་ཡིན་ན་འགྲོ་སོང་མང་པོ་ཞིག་བཏང་ནས་ལས་འགུལ་སྤེལ་ཡང་འཚམ་པོ་ཡོད་མ་རེད། འགྲོ་སོང་མང་པོ་ཞིག་བཏང་ནས་གྲུབ་འབྲས་དེ་ཙམ་མ་འཐོན་པ་ཡིན་ན། ཡང་རྗེས་མ་གྲོས་ཚོགས་འཛོམས་དུས་འགྲོ་སོང་མང་པོ་བཏང་ཡོད་ཀྱང་། གྲུབ་འབྲས་ཐོན་རྒྱུ་མེད་པའི་ལས་ཀ་ཞིག་བྱས་འདུག་ཟེར་གྱི་ཡོད་པ་རེད། ཅེས་དང་། གཞི་རྒྱ་ཆེ་བའི་ལས་འགུལ་དེའི་ཐོག་ལ་བཀའ་ཤག་ངོས་ནས་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་ཡིན་པ་དང་། ད་ལྟ་བཀའ་བློན་བཞི་མ་གཏོགས་མེད་སྟབས་ཚོགས་མི་སུ་ཞུགས་དགོས་མིན་ཐད་གོ་བསྡུར་རིམ་པ་གནང་རྒྱུ་ཡིན་སྐོར་གསུངས་སོང་།
གཞན་ཡང་ད་ལན་གྱི་གྲོས་ཚོགས་སྟེང་སྤྱི་འཐུས་མི་ཉུང་བ་ཞིག་གིས་ཉེ་བའི་ལོ་ཤས་ནང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལ་བོད་དོན་གླེང་སློང་ཇེ་ཉུང་དུ་འགྲོ་བཞིན་པར་བློ་འཚབ་ཡོད་སྐོར་གྱི་བསམ་ཚུལ་བཏོན་ཡོད་ཅིང་། དེ་ཡང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་འདི་ལོར་འཛམ་གླིང་གི་རྒྱལ་ཁབ་མི་ཉུང་བ་ཞིག་གིས་རྒྱ་ནག་གི་དགུན་དུས་ཨོ་རྩེད་ལ་གཞུང་འབྲེལ་སྐུ་ཚབ་མི་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་ནའང་། དེའི་ཁྲོད་དུ་བོད་ཀྱི་མིང་འབོད་མཁན་ག་ཚོད་བྱུང་ཡོད་མེད་ཐད་བསམ་བློ་གཏོང་གལ་ཆེ་བ་དང་། གནས་སྟངས་དེ་འདྲའི་འོག་ནས་བོད་འདི་ལྷོ་སོག་གཉིས་པ་ལྟ་བུར་གྱུར་ཡོད་མེད་དང་འཐུས་ཤོར་ཕྱིན་ཡོད་མེད་དང་། འཛམ་གླིང་གི་ལས་འགུལ་ནང་བོད་མིའི་སྒྲིག་འཛུགས་མཉམ་ཞུགས་མ་ཐུབ་པའི་རྒྱུ་མཚན་ཅི་ཡིན་དང། དེའི་རྐྱེན་པས་བོད་དེ་མིང་འབོད་མ་བྱུང་བ་ཞིག་ཡིན་མིན་ཐད་དོགས་སློང་བྱས་སོང་ལ། དེ་བཞིན་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ད་ལྟའི་ཆར་ཡུ་ཀེ་རེན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་བྱུང་ཡོད་ནའང་བོད་དོན་ཐོག་མེད་པ་དང་། དེ་བཞིན་ཨོ་ལིམ་ཕིག་རྩེད་འགྲན་ལ་ངོ་རྒོལ་བྱེད་སྐབས་ཀྱང་བོད་དོན་གླེང་སློང་བྱས་མེད་སྐོར་སོགས་བརྗོད་སོང་།
གནད་དོན་དེའི་ཐད་ལན་འདེབས་གནང་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཨོ་ལིམ་ཕིག་སྐོར་དེ་འབྲེལ་ཡོད་ཕྱི་དྲིལ་ལྷན་ཁང་གིས་བཀའ་ལན་གནང་མདོག་རེད། ཕལ་ཆེར་བཀའ་ཤག་ངོས་ནས་གང་ཡང་བྱས་མེད་པའི་གནས་སྟངས་བཟོ་འདྲ་བོ་བཤད་སོང་། འཛམ་གླིང་ཁྱོན་ཡོངས་དང་བོད་མི་ནང་ཁུལ། བཀའ་ཤག་ངོས་ནས་འབད་བརྩོན་བྱ་དགོས་པ་ཆ་ཚང་བྱས་ཡོད་པ་ལས་མ་བྱས་པ་མིན། ད་ལན་ཨོ་ལིམ་ཕིག་རྩེད་འགྲན་གྱི་ཉིན་མོ་གཅིག་ཀྱང་མཐོང་མ་སོང་། ཨོ་ལིམ་ཕིག་རྩེད་བཞིན་པའི་བཟོ་ལྟ་བུ་ཞིག་མཐོང་གི་མི་འདུག དེ་ཡང་རྒྱལ་ཁ་ཞིག་རེད། རྒྱ་གར་ནང་བརྙན་འཕྲིན་གྱི་བརྒྱུད་ལམ་མང་པོ་ཡོད་ནའང་བསྟན་མེད་པ་རེད། དེ་ཁྱོན་ཡོངས་ཀྱི་རྒྱལ་ཁ་ཞིག་ཡིན་དུས། གཅིག་གིས་བྱས་སོང་གཅིག་གིས་བྱས་མ་སོང་ཞེས་བཤད་བསྡད་པ་ཡིན་ན། ང་རང་ཚོ་ནང་ཁུལ་མཛུ་གུ་ལྟ་བུ་འཛུགས་ཐུབ་པ་ཡིན་ན་དོན་དག་ཆེན་པོ་ཞིག་གྲུབ་པའི་བཟོ་ལྟ་བུ་འདུག དེའི་ཐོག་བཀའ་ཤག་གིས་ག་རེ་བྱས་ཡོད་མེད་ཐད་གྲོས་ཚོགས་ལ་གསལ་བཤད་ཀྱང་བྱས་ཡོད་པ་མ་རེད། གསལ་བཤད་མ་ཞུས་གོང་ནས་འདི་དང་དེ་འགྲིག་མ་སོང་གསུངས་དུས། བོད་ནང་གི་བོད་མིས་མཐོང་དུས་བཀའ་ཤག་གིས་གང་ཡང་བྱེད་ཀྱི་ཡོད་ས་མ་རེད། སྤྱི་འཐུས་ནང་ཁུལ་ལ་སྐྱོན་འཛུགས་པའི་སྐབས་སྤྱི་འཐུས་ཁོ་རང་ཚོ་རྩོད་པ་བརྒྱབ་ནས་སྡོད་ཀྱི་འདུག་ཟེར་བའི་བསམ་ཚུལ་ཡོང་གི་ཡོད་པ་རེད་མ་གཏོགས། ང་ཚོས་འདི་ནས་རྩོད་པ་མ་བརྒྱབ་ན་ཕྱི་ལོགས་ནས་སྐད་ཆ་ཡོང་དགོས་དོན་མེད་པ་རེད། ཅེས་གསུངས་སོང་།
སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་ཀྱིས། གདུང་སེམས་མཉམ་སྐྱེད་ཀྱི་གྲོས་གཞི་གྲོས་འཆར་དེ་གྲོས་ཚོགས་ཚོགས་དུས་རེ་རེར་གླེང་སློང་བྱེད་ཀྱི་ཡོད་པ་དང་། སྐབས་དེར་བོད་ནང་གི་གནས་ཚུལ་གསར་པ་དག་ཀྱང་རིམ་པས་གླེང་སློང་བྱེད་ཀྱི་ཡོད་པ་དང་། འདི་ལོར་མཚོན་ན་བོད་ནང་དུ་རྒྱལ་གཅེས་དཔའ་བོ་ཚེ་རིང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱལ་མཚོ་སོགས་འཛིན་བཟུང་བྱས་པའི་གནས་ཚུལ་སོགས་ཐོན་མུས་ཡིན། དེ་ནི་བོད་ནང་གི་བོད་མིས་བོད་ཀྱི་རང་དབང་འཐབ་རྩོད་བྱེད་མཚམས་བཞག་མེད་པའི་ཁར། རྒྱ་ནག་གཞུང་གིས་བོད་ནང་གིི་བོད་མིར་དྲག་གནོན་བྱ་རྒྱུ་མཚམས་བཞག་མེད་པ་གསལ་པོ་མཚོན་གྱི་ཡོད་པ་རེད། ༧གོང་ས་རྒྱལ་བ་རིན་པོ་མཆོག་གིས་བཀའ་དྲིན་ལ་བརྟེན་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མུས་ཡིན་སྟབས། བོད་ནང་གི་བོད་མིར་གདུང་སེམས་མཉམ་སྐྱེད་ཞུ་བར་སྤྱི་དམངས་གཉིས་ཀྱིས་རྡོག་རྩ་ཆིག་སྒྲིལ་བྱེད་དེ་བོད་ནང་གི་བོད་མིར་མིག་དཔེ་ཡག་པོ་ཞིག་བསྟན་དགོས་པ་དང་། བོད་ནང་གི་བོད་མིས་བཙན་བྱོལ་བོད་མིར་བཅངས་པའི་རེ་བཞག་སྙིང་ལ་བཅངས་ནས་ཕྱོགས་ཞེན་དང་། འཐེན་འཁྱེར་གྱི་བསམ་བློ་དོར་ཏེ་ནུས་པ་མཉམ་སྤུངས་བྱ་དགོས་སྐོར་དང་། བོད་ནང་གི་གཞོན་སྐྱེས་རྣམས་ཀྱིས་མི་རིགས་ལ་བཅངས་པའི་བརྩེ་སེམས་དང་། ལ་རྒྱ་ནི་ང་ཚོར་མཚོན་ན་རིན་ཐང་བྲལ་བ་ཞིག་ཡིན་སྟབས། བོད་ནང་གི་བོད་མི་ཚོས་རང་ལུས་མེ་བསྲེགས་མ་གཏོང་རོགས་ཞེས་འབོད་སྐུལ་ཞུས་སོང་།
གཞན་ཡང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གྲོས་ཚོགས་འདི་གནད་དོན་གླེང་ས་ཞིག་ཡིན་པ་དང་། འཛིན་སྐྱོང་བཀའ་ཤག་གི་ཕྱག་ལས་ཡག་པོ་ལ་རྒྱབ་སྐྱོར་དང་མ་འགྲིག་པ་རྣམས་བརྗོད་རྒྱུ་དེ་སྤྱི་འཐུས་ཚང་མའི་ལས་འགན་ཡིན་པ་ལས། རྒྱལ་ཁབ་གཞན་ལྟར་གཞུང་འཛིན་དང་ཕྱོགས་བརྒལ་ཚོགས་པ་ལྟ་བུ་མེད་སྐོར་དང་། འཛམ་གླིང་གི་ཆབ་སྲིད་ཀྱི་འགྱུར་ལྡོག་དང་གནས་སྟངས་མང་པོའི་ཐོག་ནས་ཉེ་ལམ་བོད་ཀྱི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་དུ་ཐོན་ཡོད་མེད་དང་། ཧོང་ཀོང་དང་ཡུ་གུར་གྱི་གནད་དོན་ཤུགས་ཆེ་བ་ཡོད་པ་དེ་སྲིད་པ་ཞིག་ཡིན་ནའང་། སྤྱི་འཐུས་རང་ཉིད་ལས་འགུལ་བ་ཞིག་ཡིན་པའི་ཆ་ནས་སྐབས་རེར་ཧོང་ཀོང་དང་ཡུ་གུར་གྱི་ལས་འགུལ་བ་བཅས་ལ་འབྲེལ་བ་བྱ་རྒྱུའི་གོ་སྐབས་བྱུང་བའི་ཁྲོད་དུ། ཁོང་ཚོས་ཡིད་སྨོན་དང་བལྟ་ས་དེ་བོད་མིའི་སྒྲིག་འཛུགས་ཡོད་པས་དེ་ཡིན་སྐོར་དང་། དམངས་གཙོའི་ནང་ལྟ་བ་མི་མཐུན་པ་དང་བཤད་རེས་ཡོང་གི་ཡོད་པ་དེ་སྤྱིར་བཏང་བ་ཞིག་ཡིན་ནའང་། མང་ཚོགས་ངོས་ནས་བོད་མིའི་སྒྲིག་འཛུགས་འདི་གལ་ཆེན་པོ་ཡིན་པ་ངོས་འཛིན་བྱ་དགོས་སྐོར་སོགས་བརྗོད་སོང་།
དེ་བཞིན་ཞོགས་པའི་ཚོགས་ཐུན་སྟེང་སྤྱི་འཐུས་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས། གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དེ་མིང་དོན་མཚུངས་པ་ཞིག་བྱུང་ཡོད་པ་དང་། ཡང་འགའ་ཤས་ཀྱིས་ཆོ་ག་ཕྱག་ལེན་ལྟ་བུ་ཆགས་འདུག་གསུང་མཁན་ཡོད་པ་རེད། དངོས་ཡོད་གནས་སྟངས་ཀྱི་ཆ་ནས་སོ་སོ་ལའང་བསམ་ཚུལ་དེ་འདྲ་བྱུང་སོང་། སྐུ་ལུས་མེར་སྲེག་བྱུང་བ་དང་དེ་ལ་མཆོད་འབུལ་ཞུས། དེ་ནས་ཟླ་བ་དྲུག་དྲུག་ལ་ང་ཚོས་གྲོས་ཚོགས་འཚོག་པའི་སྐབས་སུ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཅིག་བཞག དེ་ནས་དུས་ནས་དུས་སུ་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་ཁག་ལ་ཞུ་གཏུག་ལས་འགུལ་སྤེལ་བ་གཅིག་པུས་ད་བར་གྱི་ཉམས་མྱོང་ལ་བལྟས་ནས་གྲུབ་དགོས་པ་དེ་འགྲུབ་ཐུབ་ཡོད་པ་མ་རེད་བསམ་གྱི་འདུག དེ་འགྲུབ་མ་ཐུབ་པ་དེ་ཡང་ཕལ་ཆེར་ང་ཚོ་ལ་རག་ལས་པ་རེད། དེར་བརྟེན་གདུང་སེམས་མཉམ་བསྐྱེད་དེ་མིང་དོན་མཚུངས་པ་ཞིག་ཡོང་བ་ལ། དངོས་འབྲེལ་བྱས་ན་ང་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་ཟེར་བ་ཞིག་སྲུང་གཙི་ཞུ་དགོས་ཀྱི་འདུག དེ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མི་རིགས་སོ་སོའི་ནང་རླབས་ཆེན་གྱི་མཛད་རྗེས་ཅན་རྣམས་ལ་ག་དུས་ཡིན་ནའང་དྲན་གསོ་ཞུ་རྒྱུའི་ལམ་དང་ལུགས་སྲོལ་ཡོད་པ་རེད། དེར་བརྟེན་ང་ཚོ་ལ་བོད་མི་དཔའ་བོ་དཔའ་མོ་ ༡༥༦ གིས་རང་ལུས་མེར་སྲེག་བཏང་བའི་ཐོ་ཡོད་པ་རེད། ང་ཚོར་ཐོ་མ་འབྱོར་བ་ཏན་ཏན་མང་པོ་ཡོད་པ་རེད། དེ་བཞིན་བཙོན་ལ་སྟོང་ཕྲག་མང་པོ་ལྷག་པ་དང་། གར་སོང་ཆ་མེད་དུ་གྱུར་བ་བརྒྱ་ཕྲག་མང་པོ་ཡོད་པ་རེད། བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་ཏིལ་འབྲུ་ཙམ་ཡང་མེད་པའི་གནས་སྟངས་དེ་དངོས་འབྲེལ་བྱས་ན་འཛམ་གླིང་ཐོག་གསལ་གསལ་ཐིང་ཐིང་འགྲོ་དགོས་པ་རེད། འོན་ཀྱང་ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཚོ་བཀའ་དྲིན་ཆེན་པོ་ཡིན་ནའང་། ང་ཚོར་ཐོབ་དགོས་པའི་རྒྱབ་སྐྱོར་དེ་ད་ལྟ་ཐོབ་ཡོད་པ་མ་རེད། ཅེས་དང་། བོད་མི་ཡོད་དོ་ཅོག་གིས་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་དེར་དཔའ་བོ་དཔའ་མོ་ ༡༥༦ རྣམས་ཀྱི་ཞལ་ཆེམས་རྣམས་ལག་བསྟར་བྱ་དགོས་པ་དང་། དེ་བཞིན་ཉིན་དེར་རིག་གཞུང་གི་བགྲོ་གླེང་དང་ཆོས་ལུགས་ཀྱི་མཆོད་འབུལ་སྨོན་ལམ་རྒྱ་ཆེན། ཆབ་སྲིད་ཀྱི་ཞུ་གཏུག་ལས་འགུལ་སོགས་སྤེལ་དགོས་སྐོར་བརྗོད་སོང་།
གསར་འགོད་པ། དཔལ་ལྡན། པ་སངས་ཚེ་རིང་།